ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལ་དབུ་མའི་ས
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།

         གཉིས་པ་དབུ་མའི་གཞུང་ལས་འབྱུང་བའི་མིང་གི་རྣམ་གྲངས་ལ། ཐབས་ཀྱི་ཆ་དང་། ཤེས་རབ་ཀྱི་ཆ་གཉིས་ལས། དང་པོ་ལ། བྱང་སེམས་ལས་དང་པོ་པའི་ཆོས་གསུམ་ནི། སྙིང་རྗེ། གཉིས་སུ་མེད་པའི་ཤེས་རབ། བྱང་ཆུབ་ཀྱི་སེམས་གསུམ་མོ། ། སྙིང་རྗེ་ལ། སེམས་ཅན་ཙམ་ལ་དམིགས་པ། ཆོས་ལ་དམིགས་པ། དམིགས་མེད་ལ་དམིགས་པའི་སྙིང་རྗེ་གསུམ་མོ། ། རྒྱུ་འབྲས་མན་ངག་བདུན་ནི་མར་ཤེས། དྲིན་དྲན། དྲིན་གཟོ། བྱམས་པ། སྙིང་རྗེ། ལྷག་བསམ་རྣམ་དག བྱང་ཆུབ་ཀྱི་སེམས་ཏེ་བདུན་ནོ། ། ཡང་རྩོལ་བཅས་ཀྱི་སེམས་བསྐྱེད་དང་། རྩོལ་མེད་སྒོམ་བྱུང་གི་མྱོང་བ་ཐོན་པའི་སེམས་བསྐྱེད་གཉིས།

ཡང་སེམས་བསྐྱེད་ལ་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། དགྲོལ་བ་དང་། མངོན་པར་བྱང་ཆུབ་པར་བྱ་བ། ཡོངས་སུ་མྱ་ངན་ལས་འདས་པའི་སེམས་བསྐྱེད་པ་སྟེ་བྱམས་པ་ཆེན་པོའི་དབང་དུ་བྱས་པ་བཞི། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་དང་། ངན་འགྲོ་ལས་ཡོངས་སུ་བསྐྱབ་བ་དང་། ཐེག་པ་དམན་པ་ལས་བསླང་བ་དང་། ཡང་དག་པའི་ལམ་དུ་དགོད་པ་སྟེ་སྙིང་རྗེ་ཆེན་པོའི་དབང་དུ་བྱས་པ་བཞིའོ། ། བྱང་སེམས་འཕགས་པའི་ས་བཅུར་འཇོག་ཚུལ་ལ།
ཁྱད་པར་བརྒྱད་ནི། དེས་ཚིག་གི་ཁྱད་པར། བསླབ་པ་གསུམ་ལ་སློབ་པ་དང་ཕུང་པོ་ལྔའི་སྦྱོང་ཚུལ་གྱི་ཁྱད་པར། ཡོན་ཏན་གྱི་གྲངས་གོང་ནས་གོང་དུ་འཕེལ་བའི་ཁྱད་པར། མཐུ་ཕུལ་དུ་བྱུང་བ་ཐོབ་པའི་ཁྱད་པར། ཕར་ཕྱིན་ལྷག་པའི་ཁྱད་པར། རྣམ་སྨིན་གྱི་སྐྱེ་བ་འཛིན་པའི་ཁྱད་པར། ས་ཐོབ་པའི་རྟགས་དང་རྨི་ལྟས་ཀྱི་ཁྱད་པར། གཉེན་པོ་ཡོངས་སྦྱོང་གི་ཁྱད་པར་ཏེ་བརྒྱད་དོ། །
ས་བཅུ་ནི། རབ་ཏུ་དགའ་བ། དྲི་མ་མེད་པ། འོད་བྱེད་པ། འོད་འཕྲོ་བ། སྦྱང་དཀའ་བ། མངོན་དུ་གྱུར་པ། རིང་དུ་སོང་བ། མི་གཡོ་བ། ལེགས་པའི་བློ་གྲོས། ཆོས་ཀྱི་སྤྲིན་ཏེ་བཅུའོ། །ས་བཅུ་གཉིས་ནི། དེའི་སྟེང་དུ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་ས་དང་། ཀུན་ཏུ་འོད་ཀྱི་ས་གཉིས་བསྣན་པས་བཅུ་གཉིས་སོ། །སྨོན་སེམས་ཀྱི་བསླབ་བྱ་ལ་ནི། སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ། ལན་དྲུག་བསྐྱེད་པ། སེམས་ཅན་བློས་མི་སྤོང་བ། ཚོགས་གཉིས་བསག་པ། ནག་ཆོས་བཞི་སྤང་ཞིང་དཀར་ཆོས་བཞི་ལ་སློབ་པའོ། །
ནག་ཆོས་བཞི་ནི། མཁན་སློབ་སོགས་རྫུན་གྱིས་སླུ་བ། དགེ་བ་བྱེད་པ་ལ་འགྱོད་པ་བསྐྱེད་པ། སེམས་བསྐྱེད་པ་ལ་མི་སྙན་པ་བརྗོད་པ། གཡོ་སྒྱུས་སྤྱོད་པ་སྟེ་བཞིའོ། །
དཀར་ཆོས་བཞི་ནི། སེམས་ཅན་ཀུན་ལ་རྫུན་སྤོང་བ། དྲང་པོས་གནས་པ། བྱང་སེམས་ཀུན་སྟོན་པའི་འདུ་ཤེས་བསྐྱེད་པ། རང་གིས་སྨིན་རུང་སེམས་བསྐྱེད་ལ་དགོད་པའོ། །
བསྡུ་བ་བཞི་ནི། སྦྱིན་པ། སྙན་སྨྲ། དོན་མཐུན། དོན་སྤྱོད་པའོ། ། ཕར་ཕྱིན་དྲུག་ནི། སྦྱིན་པ་ལ། ཆོས། ཟང་ཟིང་། མི་འཇིགས་པའི་སྦྱིན་པ་སྟེ་གསུམ། ཚུལ་ཁྲིམས་ལ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ། བཟོད་པ་ལ། གནོད་བྱེད་ལ་ཇི་མི་སྙམ་པ། སྡུག་བསྔལ་དང་ལེན། ཆོས་ལ་ངེས་སེམས་ཀྱི་བཟོད་པ་གསུམ། བརྩོན་འགྲུས་ལ། གོ་ཆའི། གོང་ན་མེད་པ། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་གསུམ། བསམ་གཏན་ལ། ལུས་སེམས་བདེར་གནས། ཡོན་ཏན་མངོན་སྒྲུབ། སེམས་ཅན་དོན་བྱེད་གསུམ། ཤེས་རབ་ལ། ཀུན་རྫོབ་རྟོགས་པ། དོན་དམ་རྟོགས་པ། སེམས་ཅན་གྱི་དོན་བྱེད་ཚུལ་རྟོགས་པའི་ཤེས་རབ་གསུམ་མོ། །སྤྱོད་པའི་སྡོམ་བཅུ་གཉིས་ནི། ལུས། ལོངས་སྤྱོད། དགེ་རྩ་གསུམ། བཏང་བ། བསྲུང་བ། དག་པ། སྤེལ་བ་བཞི་རེར་ཕྱེ་བའོ། ། ཕྱིན་དྲུག་གི་སྡོམ་དགུ་ནི། ངོ་བོ་ཉིད། ཐམས་ཅད་པ། དཀའ་བ། སྒོ་ཐམས་ཅད་པ། སྐྱེས་བུ་ཐམས་ཅད་པ། རྣམ་པ་ཐམས་ཅད་པ། ཕོངས་ཤིང་འདོད་པ། འདི་དང་གཞན་དུ་བདེ་བ། རྣམ་པར་དག་པའི་སྦྱིན་པ་སྟེ་གཞན་ལྔ་ལའང་འདྲའོ། །ཕར་ཕྱིན་བཅུ་ནི། ཕྱིན་དྲུག་གི་སྟེང་དུ། ཐབས་ལ་མཁས་པ་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པར་བལྟ་བ། རང་བཞིན་ཇི་ལྟ་བ་བཞིན་ཤེས་པ། བླ་མེད་བྱང་ཆུབ་འདོད་པ། འཁོར་བ་མི་གཏོང་བ། ཉོན་མོངས་པ་ཅན་མ་ཡིན་པས་འཁོར་བར་འཁོར་བ། སངས་རྒྱས་འདོད་པའི་བརྩོན་འགྲུས་འབར་བ་སྟེ་ནང་སངས་རྒྱས་ཀྱི་ཆོས་འགྲུབ་པ་ལས་བརྩམས་པའི་ཐབས་མཁས་དྲུག སེམས་ཅན་གྱི་དགེ་རྩ་ཆུང་ངུ་རྣམས་ཚད་མེད་པར་བསྒྱུར་བ། ཚེགས་ཆུང་ངུས་དགེ་རྩ་ཆེན་པོ་བསྒྲུབ་པ། བསྟན་པ་ལ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་སེལ་བ། བར་མར་གནས་པ་རྣམས་བསྟན་པར་འཛུད་པ། ཞུགས་པ་རྣམས་སྨིན་པར་བྱེད་པ། སྨིན་པ་རྣམས་སྒྲོལ་བར་བྱེད་པ་སྟེ་ཕྱིའི་སེམས་ཅན་སྨིན་པར་བྱ་བ་ལས་བརྩམས་པའི་ཐབས་མཁས་དྲུག་སྟེ་བཅུ་གཉིས་སོ། །སྨོན་ལམ་ལ། སེམས་བསྐྱེད་པའི་སྨོན་ལམ། སྐྱེ་བའི་སྨོན་ལམ། སྤྱོད་ཡུལ་གྱི་སྨོན་ལམ། ཡང་དག་པའི་སྨོན་ལམ། སྨོན་ལམ་ཆེན་པོ་སྟེ་ལྔའོ། ། ཡང་རྒྱལ་བ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོའི། དམ་ཆོས་གཟུང་བའི། སངས་རྒྱས་ཀྱི་ཞིང་དུ་འགྲོ་བའི། རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་སྒྲུབ་པའི། སེམས་ཅན་སྨིན་པའི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཇུག་པའི། སངས་རྒྱས་ཀྱི་ཞིང་སྦྱོང་བའི། ཐེག་པ་ཆེན་པོར་འཇུག་པའི། སྤྱོད་པ་ཐམས་ཅད་དོན་ཡོད་པའི། ཐེག་ཆེན་བསྒྲུབ་པ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་སྟེ་རེ་རེ་ལའང་འབུམ་ཕྲག་གྲངས་མེད་པ་ཕྲག་རེ་རེ་སྟེ་ཕྲག་བཅུའོ། ། སྟོབས་ལ། བསམ་པ། ལྷག་པའི་བསམ་པ། གཟུངས། ཏིང་ངེ་འཛིན། ཡང་དག་པར་འབྱོར་བ། དབང་། སྤོབས་པ། སྨོན་ལམ། ཕ་རོལ་ཏུ་ཕྱིན་པ། བྱམས་པ་ཆེན་པོ། སྙིང་རྗེ་ཆེན་པོ། ཆོས་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་པའི་སྟོབས་ཏེ་བཅུའོ། །བཅུ་པ་ནི་ཡེ་ཤེས་ཀྱི་ཕར་ཕྱིན་ནོ། ། དོན་བྱ་བ་རྣམ་པ་བཅུ་གཅིག་ནི། བྱ་བ་བྱེད་པ་དང་སྡུག་བསྔལ་བའི་གྲོགས་ཀྱི། ཐབས་ལ་རྨོངས་པའི། ཕན་འདོགས་པའི། འཇིགས་པས་ཉེན་པའི། མྱ་ངན་གྱིས་གཟིར་པའི། ཡོ་བྱད་ཀྱིས་ཕོངས་པའི། གནས་འཆའ་བར་བྱེད་པའི། བློ་མཐུན་པར་འདོད་པའི། ཡང་དག་པར་ཞུགས་པའི། ལོག་པར་ཞུགས་པའི། ལོག་པར་ཞུགས་པའི། རྫུ་འཕྲུལ་གྱི་སྒོ་ནས་གདུལ་བྱའི་དོན་བྱེད་པ་སྟེ་རྣམ་པ་བཅུ་གཅིག་གོ། །
བྱང་ཆུབ་སེམས་དཔའི་སྡོམ་པ་ལ། ལྟུང་བའི་རིས་ནི། ཕམ་པ་དང་། ཉེས་བྱས་ཀྱི་སྡེ་མཚན་གཉིས་སོ། །
ཕམ་པ་བཅོ་བརྒྱད་ནི། རྙེད་བཀུར་ལ་ཞེན་ཏེ་བདག་བསྟོད་གཞན་ལ་སྨོད་པ། སྡུག་བསྔལ་བ་དང་མགོན་མེད་པ་ལ་སེར་སྣས་ཆོས་ནོར་མི་སྟེར་བ། གཞན་གྱི་ཤད་སྦྱང་མི་ལེན་པར་ཁྲོ་བས་འཚོག་པ། ཐེག་ཆེན་གྱི་ཆོས་སྤོང་ཞིང་ཆོས་ལྟར་སྣང་སྟོན་པ་སྟེ་བྱང་ས་ནས་གསུངས་པ་བཞི་ལ་ཕྱེ་ན་བརྒྱད། དཀོན་མཆོག་གི་དཀོར་མ་བྱིན་པར་ལེན་པ། དམ་པའི་ཆོས་སྤོང་བ། རབ་བྱུང་ལ་འཚེ་བ་འཚམས་མེད་བྱེད་པ། ལོག་ལྟ་འཛིན་པ། གནས་འཇིག་པ། སྣོད་མིན་ལ་ཟབ་མོ་སྟོན་པ། ཐེག་ཆེན་ལས་བཟློག་པ། སོ་ཐར་སྤོང་བ། ཉན་ཐོས་ཀྱི་ཐེག་པ་ལ་བསྐུར་བ། བདག་བསྟོད་གཞན་སྨོད། མི་ཆོས་བླ་མའི་རྫུན་སྨྲ་བ། དཀོན་མཆོག་གི་དཀོར་ལེན་པ། ཁྲིམས་ངན་འཆའ་བ། ཡང་དག་འཇོག་གི་ལོངས་སྤྱོད་མ་བྱིན་པར་ལེན་པ། སྨོན་སེམས་གཏོང་བ་གསུམ་གཅིག་ཏུ་བགྲང་བའི་ཕམ་པ་སྟེ་བཅུ་བཞི་ནི་བསླབ་བཏུས་ནས་གསུངས་པའོ། །བྱང་སའི་དང་པོ་དང་བསླབ་བཏུས་ཀྱི་བཅུ་གཅིག་པ་གཉིས་གཅིག་ཏུ་བགྲངས་ན་བཅུ་བདུན་ནོ། ཐུན་མོང་གི་ཡན་ལག་བཞི་ནི། དེ་ལ་སྤྱོད་འདོད་མ་ལོག་པ། དགའ་ཞིང་མགུ་བ་མ་ལོག་པ། ངོ་ཚ་ཁྲེལ་ཡོད་མ་སྐྱེས་པ། ཉེས་པར་མི་ལྟ་བའོ། ། ཡན་ལག་གི་བྱེ་བྲག་གིས་ཀུན་དཀྲིས་ཆེ་འབྲིང་ཆུང་གསུམ་དུ་འཇོག་ལ། ཕམ་པའི་ཡན་ལག་མ་ཚང་བ་ནི། ཟག་པ་ཆུང་འབྲིང་ངོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号