ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལ་དབུ་མའི་ས
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དང་པོ་མ་རིག་པ་ལ་སྔོན་གྱི་མཐའ་ལ་རྨོངས་པ། དེ་བཞིན་དུ་སྦྱར་ཏེ། ཕྱི་མའི་མཐའ། གཉིས་ཀ ནང་། ཕྱི། དེ་གཉིས་ཀ ལས། རྣམ་པར་སྨིན་པ། དེ་གཉིས་ཀ  སངས་རྒྱས། ཆོས། དགེ་འདུན། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ། རྒྱུ། རྒྱུ་ལས་བྱུང་བ། རེག་པའི་སྐྱེ་མཆེད་ལ་རྨོངས་པ་སྟེ་བཅུ་དགུ་དང་། དེ་རེ་རེ་ལ་ཡང་ཡུལ་ལ་རྨོངས་ཙམ་དང་། ཐེ་ཚོམ་དང་། ལོག་པར་རྟོག་པའི་རྣམ་པ་ཅན་གསུམ་གསུམ་སྟེ་ང་བདུན། དེ་རེ་རེ་ལ་ཆེ་འབྲིང་ཆུང་གསུམ་རེ་སྟེ་བརྒྱ་དང་དོན་གཅིག་ཡོད་དོ། ། ཡང་དུས། དངོས་པོ། འཕོ་བ། མཆོག དེ་ཁོ་ན་ཉིད། ཀུན་བྱང་། མངོན་པའི་ང་རྒྱལ་ལ་རྨོངས་པ་བདུན་དུ་ཡང་བཤད་དོ། ། ཡང་ཉོན་མོངས་ཅན་ཡིན་མིན་གཉིས་དང་། ཉོན་སྒྲིབ་ཏུ་གྱུར་པ། ཤེས་སྒྲིབ་ཏུ་གྱུར་པ་གཉིས་དང་། གང་ཟག་གི་བདག་འཛིན། ཆོས་ཀྱི་བདག་འཛིན་གཉིས་དང་། ལས་འབྲས་ལ་རྨོངས་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པ་གཉིས་རྣམས་སོ། ། ཡན་ལག་བཅུ་གཉིས་ཀྱི་དང་པོའི་མ་རིག་པ་དང་ཐོག་མའི་མ་རིག་པ་གཉིས་དོན་མི་གཅིག རྒྱུའི་ཀུན་སློང་དུ་གྱུར་པ་དང་། དུས་ཀྱི་ཀུན་སློང་དུ་གྱུར་པའི་མ་རིག་པ་གཉིས། ལྡན་པའི་མ་རིག་པ། འབའ་ཞིག་པའི་མ་རིག་བ་གཉིས་ཀྱང་ཡོད་ལ། དེ་གཉིས་ལ་འདྲེས་པ་དང་། མ་འདྲེས་པའི་མ་རིག་པ་ཞེས་ཀྱང་ཟེར་རོ། །འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དང་། འཕེན་བྱེད་ཀྱི་རྒྱུའི་མ་རིག་པ་གཉིས་ལ་སྔ་མ་ཡིན་ལ་ཕྱི་མ་མ་ཡིན་པ་དང་། ཕྱི་མ་ཡིན་ལ་སྔ་མ་མ་ཡིན་པ་དང་། གཉིས་ཀ་ཡིན་པ། གཉིས་ཀ་མ་ཡིན་པ་སྟེ་མུ་བཞིར་བཤད་པའང་ཡོད་དོ། ། མ་རིག་པ་དང་འཇིག་ལྟ་གཉིས་གཅིག་ཏུ་འདོད་པ་དང་། ཐ་དད་དུ་འདོད་པའི་ལུགས་གཉིས་སོ། །
གཉིས་པ་འདུ་བྱེད་ལ། དགེ་བ་དང་། མི་དགེ་བ་དང་། མི་གཡོ་བའི་ལས་གསུམ་སྟེ། དང་པོ་གཉིས་ལ། བསོད་ནམས་དང་། བསོད་ནམས་མ་ཡིན་པའི་ལས་ཞེས་ཀྱང་ཟེར་རོ། ། འདི་རྒྱས་པར་འོག་ཏུ་འབྱུང་ངོ་། །
གསུམ་པ་རྣམ་ཤེས་ལ། རྒྱུ་དུས་ཀྱི་རྣམ་ཤེས། འབྲས་དུས་ཀྱི་རྣམ་ཤེས་གཉིས་དང་། དགེ་མི་དགེ་ལུང་མ་བསྟན་གསུམ་དང་། ཕྱི་མ་ལ་བསྒྲིབས་ལུང་མ་བསྟན་དང་། མ་བསྒྲིབས་ལུང་མ་བསྟན་གཉིས། ཡང་རྣམ་ཤེས་ཚོགས་དྲུག་དང་། ཀུན་བཏུས་ལྟར་ན་ཚོགས་བརྒྱད་ཀྱང་ཡོད་ལ། དེ་དག་ནི་རྣམ་ཤེས་དང་ཡན་ལག་གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་གཉིས་མ་ཕྱེད་པའི་དབང་དུ་བྱས་པ་ཡིན་པས། གོང་འོག་གི་ཡན་ལག་གཞན་རྣམས་ལའང་དེ་ལྟར་ཤེས་པར་བྱའོ། །
བཞི་པ་མིང་གཟུགས་ལ། མིང་དང་། གཟུགས་གཉིས། མིང་ལ་ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པ་སྟེ་ཕུང་པོ་བཞིའོ། །གཟུགས་ལ། གཟུགས་ཀྱི་ས་བོན་ཙམ་དང་། ནུར་ནུར་པོ། ནར་ནར་པོ། ལྟར་ལྟར་པོ། འཁྲང་འགྱུར་བ། རྐང་ལག་འགྱུས་པ་སྟེ་ལྔ་ཡོད། ནུར་ནུར་པོ་སོགས་ལ་མིང་འདོགས་མི་འདྲ་བ་མང་ངོ་། །
ལྔ་པ་སྐྱེ་མཆེད་དྲུག་ནི། ནང་གི་སྐྱེ་མཆེད་དྲུག་སྟེ་གོང་དུ་བཤད་ཟིན་ཏོ། ། དྲུག་པ་རེག་པ་ནི། སྤྱིར་རེག་པ་ལ་སེམས་བྱུང་རེག་པ་དང་། རེག་བྱ་དང་། རྣམ་ཤེས་དྲུག་ཡུལ་དང་ཕྲད་པའི་ཆ་ལ་རེག་པར་བརྗོད་པ་སྟེ་གསུམ་ཡོད། ཡང་ཐོགས་པའི་རེག་པ། ཚིགས་བླ་དགས་ཀྱི་རེག་པ་གཉིས། རིག་པའི་རེག་པ། མ་རིག་པའི་རེག་པ། དེ་གཉིས་ལས་གཞན་པའི་རེག་པ། དྲི་མེད་ཀྱི་རེག་པ། ཉོན་མོངས་ཅན་གྱི་རེག་པ་གཉིས། ཕྱི་མ་ལ་མ་རིག་པའི་རེག་པ། གནོད་སེམས་ཀྱི་རེག་པ། རྗེས་སུ་ཆགས་པའི་རེག་པ་གསུམ། བདེ་བ་མྱོང་འགྱུར་གྱི་རེག་པ། སྡུག་བསྔལ་མྱོང་འགྱུར་གྱི་རེག་པ། བཏང་སྙོམས་མྱོང་འགྱུར་གྱི་རེག་པ་སྟེ་གསུམ་ཡོད་ལ། རེག་པ་དྲུག་ནི་སྔར་བཤད་ཟིན་ཏོ། །
བདུན་པ་ཚོར་བ་ལ། བདེ་སྡུག་བཏང་སྙོམས་གསུམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སོགས་དྲུག ཡོད་ཚོར་ལ་ཉེ་བར་རྒྱུ་བ་བཅོ་བརྒྱད་དེ་ཟག་བཅས་ཀྱི་ཚོར་བའོ། ། གོང་གི་ནུར་ནུར་པོ་སོགས་ནི་གཟུགས་ཀྱི་ངོ་བོ་ཡིན་ལ། སྐྱེ་མཆེད་དྲུག་ནི་གཟུགས་ཀྱི་ཁྱད་པར་ཏེ། དེ་གཉིས་ནི་ལོངས་སྤྱོད་པ་པོ་དང་། རེག་པ་ཡུལ་གྱི་ལོངས་སྤྱོད་དང་། ཚོར་བ་རྣམ་སྨིན་གྱི་ལོངས་སྤྱོད་དོ། །
བརྒྱད་པ་སྲེད་པ་ལ། འདོད་པའི་སྲེད་པ། གཟུགས་ཀྱི་སྲེད་པ། གཟུགས་མེད་པའི་སྲེད་པ་གསུམ། ཡང་འདོད་སྲེད། འཇིག་སྲེད། སྲིད་སྲེད་གསུམ་ཡོད་དོ། །
དགུ་པ་ལེན་པ་ལ། འདོད་པ། ལྟ་བ། ཚུལ་ཁྲིམས་བརྟུལ་ཞུགས། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྟེ་བཞིའོ། །
བཅུ་པ་སྲིད་པ་ལ། ཁམས་གསུམ་གྱི་སྲིད་པ་གསུམ། གཞོལ་བའི་སྲིད་པ། ཞུགས་པའི་སྲིད་པ་གཉིས། སྤྱིར་སྲིད་པ་ལ་བར་སྲིད། སྐྱེ་སྲིད། སྔོན་དུས་ཀྱི་སྲིད་པ། འཆི་སྲིད་དང་བཞི་ཡོད་དོ། །
བཅུ་གཅིག་པ་སྐྱེ་བ་ལ། སྐྱེས་པ། ཤིན་ཏུ་སྐྱེས་པ། འཕོས་པ། མངོན་པར་འབྱུང་བ། རབ་ཏུ་སྐྱེ་བ་སྟེ་ལྔ། ཐོབ་ཚུལ་གྱིས་ཕྱེ་ན། ཕུང་ཁམས་སྐྱེ་མཆེད་སོ་སོར་ཐོབ་པ་གསུམ། ངོ་བོས་ཕྱེ་ན། ཕུང་པོ་གྲུབ་པ་དང་། སྲོག་དབང་སྐྱེ་བ་གཉིས་རྣམས་སོ། ། གཉིས་པ་རྒ་ཤི་ནི། རྒ་བ་ལ༑ ཡོངས་སུ་ཉམས་པའི་རྒ་བ། ཉེ་བར་འཁྲིད་པའི་རྒ་བ་གཉིས། ཡོངས་སུ་ཉམས་པ་ལ། གཟུགས་ཡོངས་སུ་འགྱུར་བ། སྟོབས་ཡོངས་སུ་འགྱུར་བ། སྟོབས་ཡོངས་སུ་འགྱུར་བ། ཤེས་རབ་འགྱུར་བ། དྲན་པ་འགྱུར་བ། ཚེ་འགྱུར་བ་སྟེ་བདུན། ཤི་བ་ལ། འཕོས་པའི་ཤི་བའི་རྟེན་འབྲེལ། འཕོ་བའི་ཤི་བའི་རྟེན་འབྲེལ་གཉིས་སོ། །ཡན་ལག་བསྡུ་བ་ལ། འཕེན་པར་བྱེད་པ་རྒྱུའི་ཡན་ལག འཕངས་པ་འབྲས་བུའི་ཡན་ལག མངོན་པར་འགྲུབ་པར་བྱེད་པ་རྒྱུའི་ཡན་ལག མངོན་པར་གྲུབ་པ་འབྲས་བུའི་ཡན་ལག་སྟེ་རྒྱུ་འབྲས་སྐོར་གཉིས་དང་། གང་གིས་འཕེན་པའི་ཡན་ལག ཇི་ལྟར་འཕེན་པའི་ཡན་ལག གང་འཕངས་པའི་ཡན་ལག གང་གིས་འགྲུབ་པའི་ཡན་ལག ཇི་ལྟར་འགྲུབ་པའི་ཡན་ལག གང་འགྲུབ་པའི་ཡན་ལག ཉེས་དམིགས་ཀྱི་ཡན་ལག་སྟེ་བདུན་དང་། ཉོམ་མོངས་པའི་ཀུན་ཉོན། ལས་ཀྱི་ཀུན་ཉོན། སྐྱེ་བའི་ཀུན་ཉོན་ནམ་ཚེའི་ཀུན་ཉོན་ཏེ་གསུམ་དང་། སྔོན་དང་། ཕྱི་མ་དང་། བར་གྱི་ཆ་སྟེ་ཆ་གསུམ་དང་། ཉོན་མོངས་པ་དང་། ལས་དང་། གཞི་གསུམ་དུ་བསྡུ་བ་དང་། ཉོན་མོངས་པའི་ལམ། ལས་ཀྱི་ལམ། སྡུག་བསྔལ་གྱི་ལམ་སྟེ་གསུམ་དུ་བསྡུ་བ་དང་། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ་གཉིས་སུ་བསྡུ་བ་རྣམས་ཡོད་ལ། སྤྱིར་མདོ་ལས་བསྟན་ཚུལ་ནི། ཀུན་བྱང་གི་རྟེན་འབྲེལ་གཉིས་ལས། ཀུན་ཉོན་གྱི་རྟེན་འབྲེལ་ལུགས་འབྱུང་། ཀུན་ཉོན་ལུགས་འབྱུང་གི་རྗེས་འགྲོ། རྣམ་བྱང་ལུགས་འབྱུང་གི་ལྡོག་འགྲོ་རྣམས་དོན་གཅིག་ལ། རྣམ་བྱང་གི་རྟེན་འབྲེལ་ལུགས་འབྱུང་། ཀུན་ཉོན་ལུགས་འབྱུང་གི་ལྡོག་འགྲོ། རྣམ་བྱང་ལུགས་འབྱུང་གི་རྗེས་འགྲོ་རྣམས་དོན་གཅིག་གོ། །ཀུན་བཏུས་འདིར་ཡན་ལག་བཅུ་གཉིས་རེ་རེ་ལ་ཡང་སེམས་ཅན་ལ་བྱ་བ་བྱེད་པའི་ལས་དང་། ཆོས་ལ་བྱ་བ་བྱེད་པའི་ལས་ཏེ་བྱེད་ལས་གཉིས་གཉིས་དང་། རིག་པས་རིག་པ་དང་བེམ་པོ་ལ་རྐྱེན་དུ་བྱེད་པ་དང་། བེམ་པོས་བེམ་པོ་དང་རིག་པ་ལ་རྐྱེན་དུ་བྱེད་པ་ལ་རྐྱེན་བཞིར་འགྱུར་ཚུལ་སོགས་གོ་སླ་བས་མ་བྲིས་སོ། །སྒྲ་དོན་ལ། བྱེད་པ་པོ་མེད་པ། རྒྱུ་དང་བཅས་པ། སེམས་ཅན་མེད་པ། གཞན་གྱི་དབང་། གཡོ་བ་མེད་པ། མི་རྟག་པ། སྐད་ཅིག་པ། རྒྱུད་རྒྱུན་མི་འཆད་པ། རྒྱུ་འབྲས་འཐུན་པ། སྣ་ཚོགས་པ། རྒྱུ་འབྲས་སོ་སོར་ངེས་པ་སྟེ་རྟེན་འབྲེལ་གྱི་སྒྲ་དོན་བཅུ་གཅིག་གོ། །
རྟེན་འབྲེལ་རྟོགས་དཀའ་བ་ལ། རྒྱུས་ཟབ་པ། མཚན་ཉིད་ཀྱིས་ཟབ་པ། སྐྱེ་བས་ཟབ་པ། གནས་པས་ཟབ་པ། འབྱུང་བས་ཟབ་པ་སྟེ་ལྔ་དང་། སྐད་ཅིག་པ་ཡང་ཡིན་ལ་གནས་པར་ཡང་དམིགས། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་ཡང་ཡིན་ལ་ནུས་པ་སོ་སོར་ངེས་པར་ཡང་དམིགས། སེམས་ཅན་མེད་པ་ཡང་ཡིན་ལ་སེམས་ཅན་དུ་ཡང་དམིགས། བྱེད་པ་པོ་ཡང་མེད་ལ་ལས་ཆུད་མི་ཟ་བར་ཡང་དམིགས། མཐའ་བཞི་ལས་ཀྱང་མི་སྐྱེ་ལ་བྱེད་པ་དོན་གཞན་ལ་སྟོས་མེད་དུ་ཡང་འབྱུང་བ་སྟེ་འགལ་བ་ལྟར་སྣང་བ་ལྔའོ། ། ལྷག་མ་ནི་གོ་སླའོ། ། དེས་ནི་རྟེན་འབྲེལ་གྱི་སྐོར་བཤད་ཟིན་ལ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号