ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལ་དབུ་མའི་ས
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། རྐྱེན་ལ་རྒྱུ་རྐྱེན་དང་། ལྷན་ཅིག་བྱེད་རྐྱེན་གཉིས། ཡང་རྒྱུའི་རྐྱེན། དེ་མ་ཐག་པའི་རྐྱེན། དམིགས་པའི་རྐྱེན། བདག་པོའི་རྐྱེན་ཏེ་བཞི། རྒྱུ་རྐྱེན་ལ་ཀུན་གཞི་བཞག་པའི་དབང་དུ་བྱས་ན། ཟག་བཅས་ཀྱི་རྐྱེན་ཀུན་གཞི་ས་བོན་གྱི་ཆས་བསྡུས་པ། ཟག་མེད་ཀྱི་རྐྱེན་དགེ་པའི་བག་ཆགས་ཏེ་གཉིས་སོ། །སྔ་མ་ལ་རྣམ་སྨིན་གྱི་ཆ་དང་། མངོན་པར་འདུ་བྱེད་པ་ལས་བྱུང་བ་གཉིས་སོ། །ཀུན་གཞི་མ་བཞག་པའི་དབང་དུ་བྱས་ན། ངོ་བོ་དང་དབྱེ་བའི་སྒོ་ནས་བྱེད་རྒྱུ། ལྷན་ཅིག་འབྱུང་བའི་རྒྱུ། མཚུངས་ལྡན་གྱི་རྒྱུ། སྐལ་མཉམ་གྱི་རྒྱུ། ཀུན་འགྲོའི་རྒྱུ། རྣམ་སྨིན་གྱི་རྒྱུ་སྟེ་དྲུག་གོ། །བྱེད་རྒྱུ་ལ། འབྱུང་བའི་བྱེད་རྒྱུ། དེ་བཞིན་དུ་སྦྱར་ཏེ་གནས་པ། བརྟེན་པ། གསལ་བ། འབྲལ་བ། བསྒྱུར་བ། ཡིད་ཆེས་པ། དེ་བཞིན་དུ་སྦྱར་ཏེ་གནས་པ། བརྟེན་པ། གསལ་བ། འབྲལ་བ། བསྒྱུར་བ། ཡིད་ཆེས་པ། ཡིད་ཆེས་པར་བྱེད་པ། འཐོབ་པ། ཐ་སྙད། ལྟོས་པ། འཕེན་པ། མངོན་པར་འགྲུབ་པ། ཡོངས་སུ་འཛིན་པ། ཆུད་པར་བྱེད་པ། སོ་སོར་ངེས་པ། ལྷན་ཅིག་བྱེད་པ། མི་མཐུན་པ། མི་མཐུན་པ་མ་ཡིན་པའི་བྱེད་རྒྱུ་སྟེ་ཉི་ཤུའོ། །དེ་མ་ཐག་རྐྱེན་ལ། དགེ། མི་དགེ། ལུང་མ་བསྟན་གསུམ་མོ། །དམིགས་རྐྱེན་ལ། ཡུལ་ཡོངས་སུ་ཆད་པའི་དམིགས་པ་དང་། དེ་བཞིན་དུ་སྦྱར་ཏེ། ཡོངས་སུ་མ་ཆད་པ། བཀྲ་འཛིན་མེད་པ། བཀྲ་བར་དམིགས་པ། དངོས་པོ་བཅས་པ། དངོས་པོ་མེད་པ། དངོས་པོ། ཀུན་བརྟགས་པ། ཕྱིན་ཅི་ལོག ཕྱིན་ཅི་ལོག་མ་ཡིན་པ། ཐོགས་པ་དང་བཅས་པ། ཐོགས་པ་མེད་པའི་དམིགས་པ་སྟེ་བཅུ་གཉིས་སོ། །བདག་པོའི་རྐྱེན་ལ། རྟེན་ལ་དབང་བྱེད་པ། དེ་བཞིན་དུ་སྦྱར་ཏེ། འཕེན་པ། ལྷན་ཅིག་འབྱུང་བ། སྐྱེ་བ། གནས་པ། འབྲས་བུ། འཇིག་རྟེན་པའི་རྣམ་པར་དག་པ། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་པ་སྟེ་བརྒྱད་དོ། །མངོན་པ་འོག་པར་བྱེད་རྒྱུ་ལ། ནུས་ལྡན། ནུས་མེད་གཉིས་དང་། ལྷན་ཅིག་འབྱུང་བའི་རྒྱུ་ལ། མཚན་ཉིད། མཚན་གཞི། སེམས་ཀྱི་རྗེས་འཇུག་ངོས་བཟུང་བ། རྗེས་སུ་འཇུག་ཚུལ་དང་གཞིའི་སྒོ་ནས་བཤད་པ།  སེམས་ཀྱི་རྗེས་འཇུག་ལ། རྒྱུ་བཅུར་བཤད་པ་དང་། འབྲས་བུ་ལ་སྐྱེས་བུ་བྱེད་འབྲས། བྲལ་འབྲས། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་སྟེ་ལྔ་དང་། སྐལ་མཉམ་གྱི་རྒྱུ་ལ། ཉོན་མོངས་ཅན་ཡིན་མིན་གཉིས་རྣམས་སུ་བཤད་ལ་གཞན་རྣམས་ཀྱི་མིང་གི་རྣམ་གྲངས་གོང་གི་དེར་འདུའོ། །དབང་པོ་ཉེར་གཉིས་ནི། མིག་སོགས་དྲུག ཕོ་མོའི་དབང་པོ་གཉིས། སྲོག་གི་དབང་པོ། བདེ་བ། སྡུག་བསྔལ། ཡིད་བདེ། ཡིད་མི་བདེ། བཏང་སྙོམས་ཏེ་ཚོར་བའི་དབང་པོ་ལྔ། དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ་གྱི་དབང་པོ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ། ཀུན་ཤེས་པའི་དབང་པོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་རྣམས་སོ། །ཡང་རྟེན་མཚུངས་ཀྱི་དབང་པོ་དང་། དེ་མཚུངས་ཀྱི་དབང་པོ་གཉིས་དང་། ཟིན་པའི་དབང་པོ་སྟེ་གསུམ་མོ། །ཡུལ་འཛིན་པར་དབང་བ་དྲུག རིགས་བརྒྱུད་ལ་དབང་བ་གཉིས། རིས་མཐུན་པར་གནས་པ་ལ་དབང་བ་གཅིག དགེ་མི་དགེ་འབྲས་བུར་ཉེ་བར་སྤྱོད་པ་ལ་དབང་བ་ལྔ། འཇིག་རྟེན་འདོད་ཆགས་དང་བྲལ་བ་ལ་དབང་བ་ལྔ། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་ལ་དབང་བྱེད་པ་གསུམ་མོ། །བྱེ་བྲག་སྨྲ་བས། སེམས་ཀྱི་རྟེན་ནམ་གཞིའི་དབང་དུ་བྱས་པ་དྲུག སེམས་ཅན་གྱི་བྱེ་བྲག་འབྱེད་པ་ལ་དབང་བ་གཉིས། སེམས་ཅན་གྱི་རིགས་རྒྱུན་གནས་པ་དབང་བ་གཅིག ཀུན་ནས་ཉོན་མོངས་ལ་དབང་བ་ལྔ། རྣམ་བྱང་གི་རྒྱུ་ཚོགས་པ་ལ་དབང་བ་ལྔ། རྣམ་བྱང་གི་ངོ་བོ་ལ་དབང་བ་གསུམ་དུ་འདོད་པར་མངོན་པ་མཛོད་དུ་བཤད་དོ། །
སྡུག་བསྔལ་གསུམ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་མོ། །རྣམ་པར་སྨིན་པ་དང་བཅས་པ་ནི། མི་དགེ་བ་དང་། དགེ་བ་ཟག་བཅས་རྣམས་སོ། རྣམ་པར་སྨིན་པའི་གཙོ་བོ་ནི། ཀུན་གཞི་རྣམ་ཤེས་མཚུངས་ལྡན་དང་བཅས་པའོ། །ཟས་ལ་བཞི་སྟེ། ཁམ་གྱི་ཟས། རེག་པའི་ཟས། སེམས་པའི་ཟས། རྣམ་པར་ཤེས་པའི་ཟས་སོ། །ཁམས་གྱི་ཟས་ལ་རགས་པ་དང་ཕྲ་བ་གཉིས། ཟས་བཞི་ནི་རིམ་པ་བཞིན་དུ་དབང་པོ་རྟེན་བཅས་ཀྱི་ལུས་གནས་པ་དང་། རྟེན་པ་སེམས་སེམས་བྱུང་རྒྱས་པ་དང་། ཡང་སྲིད་ཕྱི་མ་འཕེན་པ་དང་ལས་ཀྱིས་འཕངས་པའི་བག་ཆགས་གསོ་བའི་བྱེད་ལས་ཅན་ནོ། །ཡང་མ་དག་པའི་ལུས་གནས་པར་བྱེད་པ་དང་། དག་པ་དང་མ་དག་པའི་ལུས་གནས་པར་བྱེད་པ་དང་། དག་པའི་ལུས་གནས་པར་བྱེད་པ་དང་། གནས་པར་ཀུན་ཏུ་སྟོན་པར་བྱེད་པ་སྟེ་བྱེད་ལས་བཞིའོ། །གོང་མ་དང་བཅས་པ་དང་། གོང་ན་མེད་པ་གཉིས་ལ་དབྱེ་བ་གཞན་མེད་དོ། ། ངོ་བོ་ཉིད་གསུམ་ནི། ཀུན་བརྟགས་པའི་མཚན་ཉིད། རྣམ་པར་བརྟགས་པའི་མཚན་ཉིད། ཆོས་ཉིད་ཀྱི་མཚན་ཉིད་གསུམ་མོ། །ཡང་ན་ཀུན་བརྟགས། གཞན་དབང་ཡོངས་གྲུབ་གསུམ་མོ། །ཀུན་བརྟགས་ནི་ཆོས་གསུམ་ལས་བདག སེམས་ཅན། སྲོག སྐྱེ་བ་པོ། གསོ་བ་པོ། གང་ཟག ཤེད་ལས་སྐྱེས། ཤེད་བུ་ཞེས་བརྟགས་པའོ། །སྤྱིར་ཀུན་བརྟགས་ལ། རྣམ་གྲངས་པའི་ཀུན་བརྟགས་དང་། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་གཉིས། གཞན་དབང་ལ་དག་པའི་གཞན་དབང་དང་། མ་དག་པའི་གཞན་དབང་གཉིས། ཡོངས་གྲུབ་ལ་སྒྲས་བརྗོད་ཀྱིས་དབྱེ་ན། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་། འགྱུར་མེད་ཀྱི་ཡོངས་གྲུབ་གཉིས། ཕྱི་མ་ལ། གང་ཟག་དང་། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པ་གཉིས་རྣམས་སུ་ཡོད་དོ། །རབ་ཏུ་དབྱེ་བ་རྣམ་པ་བཞི་ནི། མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ། དེ་བཞིན་དུ་སྦྱར་ཏེ། རྣམ་པ། ལུས། རྒྱུན་གྱིས་རབ་དེ་དབྱེ་པའོ། །རབ་དབྱེ་དྲུག་ནི། ཕྱི་རོལ་དུ་བལྟས་པ། ནང་དུ་བལྟས་པ། རྒྱུན་རིང་བའི་དུས། དུས ་ཡོངས་སུ་ཆད་པ། དེའི་དུས། ཀུན་ཏུ་བསྟན་པས་རབ་ཏུ་དབྱེ་བའོ། ། འདི་ཡན་ཆད་ཀྱིས་རྣམ་པའི་རབ་དབྱེ་རྫོགས་པ་ཡིན་ལ། དེ་ཡང་རྫས་ཡོད་སོགས་བཞི། ཤེས་བྱ་སོགས་གསུམ། གཟུགས་ཅན་སོགས་དྲུག ཟག་བཅས་སོགས་བཅུ་གཉིས། བྱུང་སོགས་བརྒྱད། འདས་སོགས་བཅུ་དྲུག རྐྱེན་སོགས་བཅུ་གཅིག་སྟེ་སྡེ་ཚན་བདུན་དང་། ངོ་བོ་ཉིད་གསུམ། རབ་དབྱེ་བཞི་དང་དྲུག་སྟེ་བསྡུས་པའི་དབྱེ་བ་གསུམ་གྱི་སྒོ་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སོ་དྲུག་རྒྱས་པར་བཤད་པའོ། །
བསྡུས་པ་རྣམ་པ་བཅུ་གཅིག་ནི། མཚན་ཉིད་ཀྱིས་བསྡུས་པ། དེ་བཞིན་དུ་སྦྱར་ཏེ། ཁམས། རིགས། གནས་སྐབས། གྲོགས། ཕྱོགས། དུས། ཕྱོགས་གཅིག་གིས་བསྡུས་པ། མཐའ་དག་གིས་བསྡུས་པ། གཅིག་གིས་གཅིག་བསྡུས་པ། དོན་དམ་པས་བསྡུས་པའོ། །མཚུངས་ལྡན་དྲུག་ནི། ཐ་དད་མེད་པས་མཚུངས་པར་ལྡན་པ། འདྲེས་པ་མཚུངས་ལྡན། འཕྲད་པ་མཚུངས་ལྡན། ལྷན་ཅིག་འབྱུང་བ་མཚུངས་ལྡན། བྱ་བ་གྲུབ་པ་མཚུངས་ལྡན། མཐུན་པ་རྟོགས་པ་མཚུངས་ལྡན་ནོ། །མཐུན་པ་རྟོགས་པ་མཚུངས་ལྡན་ལ། མཚུངས་ལྡན་རྣམ་པ་ལྔ་མཚུངས་ནི། རྟེན། དམིགས་པ། རྣམ་པ། དུས། རྫས་མཚུངས་པའོ། ། དེའི་དབྱེ་བ་ལ། ངེས་པའི་མཚུངས་ལྡན། མ་ངེས་པའི་མཚུངས་ལྡན། གནས་སྐབས་ཀྱི་མཚུངས་ལྡན། རྒྱུན་གྱི་མཚུངས་ལྡན། རྒྱུན་ཆད་པའི་མཚུངས་ལྡན། ཕྱི་རོལ་དུ་བལྟས་པའི་མཚུངས་ལྡན། ནང་དུ་བལྟས་པའི་མཚུངས་ལྡན། འདྲིས་པའི་མཚུངས་ལྡན། མ་འདྲིས་པའི་མཚུངས་ལྡན་ཏེ་དགུའོ། །ལྡན་པ་གསུམ་ནི། ས་བོན་དང་ལྡན་པ། དབང་དང་ལྡན་པ། ཀུན་འབྱུང་བ་དང་ལྡན་པའོ། །མཚན་ཉིད་ཀུན་ལས་བཏུས་པ་རྫོགས་སོ། །
གཉིས་པ་རྣམ་པར་ངེས་པ་ཀུན་ལས་བཏུས་ལ་གསུམ་ལས། བདེན་པ་རྣམ་ངེས་ལ། བདེན་པ་བཞི་ལས། སྡུག་བསྔལ་གྱི་བདེན་པ་ལ། བཅུད་ཀྱི་འཇིག་རྟེན། སྣོད་ཀྱི་འཇིག་རྟེན་གཉིས། བཅུད་ལ། ཁམས་གསུམ་གྱིས་དབྱེ་ན། འདོད་ཁམས་པ། གཟུགས་ཁམས་པ། གཟུགས་མེད་ཁམས་པའོ། །འགྲོ་བ་ལྔ་ནི། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷའོ། །དམྱལ་བ་ལ། ཚ་དམྱལ། གྲང་དམྱལ། ཉེ་འཁོར། ཉི་ཚེ་བཞིའོ། །
ཚ་དམྱལ་བརྒྱད་ནི། ཡང་སོས། ཐིག་ནག བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཚ་བ། མནར་མེད་དོ། །གྲང་དམྱལ་བརྒྱད་ནི། ཆུ་བུར་ཅན། ཆུ་བུར་རྡོལ་བ། སོ་ཐམ་ཐམ་པ། ཀྱི་ཧུད་ཟེར་བ། ཨ་ཆུ་ཟེར་བ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པའོ། །ཉེ་འཁོར་བའི་དམྱལ་བ་ནི། མེ་མ་མུར་ཀྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིས་གཏམས་པའི་ལམ། རལ་གྲིའི་ལོ་མ་ཅན་གྱི་ནགས་ཚལ། ཤལ་མ་ལིའི་ཚལ། ཆུ་ཀླུང་རབས་མེད་རྣམས་སོ། །ཉི་ཚེ་བའི་དམྱལ་བ་ནི། གཏུན། ཕྱག་མ། ཀ་བ། རྩིག་པ། ཕྲུ་ཆེན་ལ་སོགས་པའི་དབྱིབས་དང་ལྡན་པ་ལ་སོགས་པ་མཐའ་ཡས་པ་ཡོད་དོ། །དུད་འགྲོ་ལ། བྱིངས་ན་གནས་པ་དང་༑ ཁ་འཐོར་བ་གཉིས་སོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号