ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལ་དབུ་མའི་ས
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དབུ་མ་ལ་སྒྲས་བརྗོད་ཀྱིས་དབྱེ་ན། གཞུང་དང་། ལམ་དང་། འབྲས་བུའི་དབུ་མ་གསུམ་མོ། ། གཞི་བདེན་པ་གཉིས་ལ། ཀུན་རྫོབ་ཀྱི་བདེན་པ་དང་། ཐ་སྙད་བདེན་པ་དང་། ཐབས་ཀྱི་བདེན་པ་དང་། ཚུ་རོལ་གྱི་བདེན་པ་རྣམས་དོན་གཅིག་དོན་དམ་བདེན་པ་དང་། མཆོག་གི་བདེན་པ་དང་། ཐབས་ལས་བྱུང་བའི་བདེན་པ་དང་། ཡང་དག་པའི་བདེན་པ་རྣམས་དོན་གཅིག ཀུན་རྫོབ་བདེན་པ་དང་། ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས། ཐལ་འགྱུར་པ་ལྟར་ན་ཡང་ལོག་གཉིས་ཐ་སྙད་པའི་ཤེས་ངོ་ཁོ་ནར་འཇོག་གོ། ། ཡང་དག་ནི་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ཡུལ་ཡུལ་ཅན་དྲུག་དང་། ལོག་པ་ནི་བསླད་པའོ།། ཀུན་རྫོབ་ལ་སྐད་དོད་ཀྱི་སྟེང་ནས་ཡང་དག་པའི་སྒྲིབ་བྱེད་དང་བརྫུན་པའི་དོན་དུ་བཤད་དོ། ། དོན་དམ་བདེན་པ་ནི། མྱང་འདས་དང་། འགོག་བདེན་ཕྲ་མོ་དང་། སྟོང་ཉིད་དང་། ངོ་བོ་ཉིད་སྐུ་རྣམས་སོ། །ཆོས་ཉིད་དང་། སྟོང་ཉིད་དང་། ཆོས་དབྱིངས་དང་། ཕྱག་རྒྱ་ཆེན་པོ་དང་། ཆོས་རྣམས་ཀྱི་གནས་ལུགས་དང་། རང་བཞིན་དང་། ངོ་བོ་ཉིད་དང་། དེ་ཉིད་དང་། དེ་ཁོ་ན་ཉིད་དང་། དེ་བཞིན་ཉིད་རྣམས་དོན་གཅིག་གོ། །
སྟོང་ཉིད་ལ་དབྱེ་ན། ནང་སྟོང་པ་ཉིད། ཕྱི་སྟོང་པ་ཉིད། ཕྱི་ནང་སྟོང་པ་ཉིད། སྟོང་པ་ཉིད་སྟོང་པ་ཉིད། ཆེན་པོ་སྟོང་པ་ཉིད། དོན་དམ་པ་སྟོང་པ་ཉིད། འདུས་བྱས་སྟོང་པ་ཉིད། འདུས་མ་བྱས་སྟོང་པ་ཉིད། མཐའ་ལས་འདས་པ་སྟོང་པ་ཉིད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། དོར་བ་མེད་པ་སྟོང་པ་ཉིད། རང་བཞིན་སྟོང་པ་ཉིད། ཆོས་ཐམས་ཅད་སྟོང་པ་ཉིད། རང་གི་མཚན་ཉིད་སྟོང་པ་ཉིད། མི་དམིགས་པ་སྟོང་པ་ཉིད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་བཅུ་དྲུག་གོ། ། དེའི་སྟེང་དུ་དངོས་པོ་སྟོང་པ་ཉིད། དངོས་པོ་མེད་པ་སྟོང་པ་ཉིད། རང་གི་དངོས་པོ་སྟོང་པ་ཉིད། གཞན་གྱི་དངོས་པོ་སྟོང་པ་ཉིད་བཞི་བསྣན་པ་ནི་སྟོང་ཉིད་ཉི་ཤུའོ། ། ཡང་སྒྲས་བརྗོད་ཀྱིས་དབྱེ་ན། སྣང་སྟོང་གཉིས་ཚོགས་མ་ཡིན་དགག་གི་སྟོང་ཉིད་དང་། བདེན་པ་རྣམ་པར་བཅད་ཙམ་གྱི་མེད་དགག་གི་སྟོང་ཉིད་དེ་གཉིས། སྟོང་ཉིད་རྟོགས་པའི་ཤེས་པ་ལ་ཐལ་འགྱུར་པ་ལྟར་ན། ཟག་བཅས་ཟག་མེད་གཉིས། ཟག་བཅས་ལ་ཐོས་བསམ་བསྒོམ་གསུམ་གྱི་རིགས་ཤེས་གསུམ་དང་། དོན་སྤྱིའི་ཚུལ་གྱིས་རྟོགས་པའི་མཉམ་བཞག་ཡེ་ཤེས་དང་། འཕགས་པའི་རྗེས་ཐོབ་ཡེ་ཤེས་རྣམས་སོ། ། ཟག་མེད་ལ་སློབ་པ་འཕགས་པ་གསུམ་གྱི་སྟོང་ཉིད་རྟོགས་པའི་མཉམ་བཞག་ཡེ་ཤེས་དང་། སངས་རྒྱས་ཀྱི་ཡེ་ཤེས་ཏེ་བཞིའོ། ། ཡང་གཉིས་སྣང་དང་བཅས་པ་དང་། གཉིས་སྣང་ནུབ་པའི་ཤེས་པ་གཉིས་སོ། །
དབུ་མ་ཐལ་འགྱུར་པའི་ཐུན་མོང་མ་ཡིན་པའི་ཁྱད་པར་ནི། རང་གི་མཚན་ཉིད་ཐ་སྙད་དུ་ཡང་ཞལ་གྱིས་མི་བཞེས་པ་དང་། བདེན་འཛིན་སོགས་ཉོན་མོངས་ཐམས་ཅད་ལ་ཕྲ་རགས་གཉིས་གཉིས་སུ་འབྱེད་ཚུལ་ཐུན་མོང་མ་ཡིན་པ་དང་། བདག་མེད་ཕྲ་མོ་གཉིས་འདོད་ཚུལ་དང་། རྟོག་པས་བཏགས་པ་ཙམ་རྟེན་འབྲེལ་གྱི་དོན་དུ་འདོད་པ་དང་། ལས་འབྲས་ཀྱི་རྟེན་གཞི་བདག་འཇོག་ཚུལ་ཐུན་མོང་མ་ཡིན་པ་དང་། ཕྱི་དོན་འཇོག་ཚུལ་ཐུན་མོང་མ་ཡིན་པ་དང་། ཀུན་གཞི་དང་རང་རིག་དང་རང་རྒྱུད་ཁས་མི་ལེན་ཚུལ་ཐུན་མོང་མ་ཡིན་པ་དང་། སྒྲིབ་གཉིས་ཀྱི་འཇོག་ཚུལ་དང་སྤོང་ཚུལ་ཐུན་མོང་མ་ཡིན་པ་དང་། ཉན་རང་འཕགས་པ་ལ་ཆོས་རང་བཞིན་མེད་པར་རྟོགས་པས་ཁྱབ་པར་ཁས་ལེན་པ་དང་། སོ་སྐྱེ་ལ་རྣལ་འབྱོར་མངོན་སུམ་ཡོད་པར་ཁས་ལེན་པ་དང་། ཞིག་པ་དངོས་པོར་འདོད་པ་སོགས་དུས་གསུམ་འཇོག་ཚུལ་ཁྱད་པར་བ་དང་། སངས་རྒྱས་ཀྱི་ཤེས་བྱ་མཁྱེན་ཚུལ་ཐུན་མོང་མ་ཡིན་པ་སྟེ་བཅུ་གཉིས་ནི་གཙོ་བོ་ཡིན་ལ་ཁྱད་པར་ཕྲ་མོ་མཐའ་ཡས་སོ། ། དབུ་མ་པའི་ལུགས་མང་དུ་ཡོད་པ་རྣམས་ཀྱི་མིང་གི་རྣམ་གྲངས་ནི་གྲུབ་མཐའ་སྤྱིའི་སྐབས་སུ་བལྟ་བར་བྱ་ལ། འདིའི་ཚད་མ་དང་གཏན་ཚིགས་ལ་མཁོ་བའི་མིང་གི་རྣམས་གྲངས་ནི་གཏན་ཚིགས་རིག་པའི་སྐབས་སུ་བལྟ་བར་བྱའོ། ། དབུ་མའི་གཞུང་གི་བརྗོད་བྱའི་གཙོ་བོ་རྣམས་ཀྱི་མིང་གི་རྣམ་གྲངས་མདོར་བསྡུས་པའོ། །
གསུམ་པ་མངོན་པའི་གཞུང་ལས་འབྱུང་བའི་མིང་གི་རྣམ་གྲངས་ལ། མངོན་པ་སྡེ་བདུན་ནི། ཡེ་ཤེས་ལ་འཇུག་པ། རབ་ཏུ་བྱེད་པ། རྣམ་ཤེས་ཀྱི་ཚོགས། ཆོས་ཀྱི་ཕུང་པོ། གདགས་པའི་བསྟན་བཅོས། འགྲོ་བའི་རྣམ་གྲངས། ཁམས་ཀྱི་ཚོགས་ཏེ་བདུན་ཡིན་ལ། དེ་དག་ནི། རིམ་པ་བཞིན་དུ། ཀ་ཏྱའི་བུ་དང་། དབྱིག་བཤེས་དང་། བྲམ་ཟེ་ལྷ་སྐྱིད་དང་། ཤྰ་རིའི་བུ་དང་། མོའི་གལ་གྱི་བུ་དང་། གསུས་པོ་ཆེ་དང་། གང་པོས་བྱས་པའོ། ། བརྗོད་བྱའི་གཙོ་བོ་གཞི་ལྔ་ནི། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་པའི་ཞི་སྟེ་ལྔའོ། ། མངོན་པ་ལ་དོན་དམ་པའི་ཆོས་མངོན་པ་དང་། བརྡར་བཏགས་པའི་ཆོས་མངོན་པ་གཉིས། དང་པོ་ནི། ཟག་མེད་ཤེས་རབ་རྗེས་འབྲང་དང་བཅས་པའོ། ། ཕྱི་མ་ལ་ཐོབ་བྱེད་ལམ་གྱི་མངོན་པ། བརྗོད་བྱེད་གཞུང་གི་མངོན་པ་གཉིས་སོ། །འདིར་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་ལས་བཏུས་དང་། ཀུན་མཁྱེན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་གཉིས་ལ་མངོན་པ་གོང་འོག་གཉིས་སུ་གྲགས་པ་ལས། སྔ་མ་མིང་གི་རྣམ་གྲངས་མང་ཞིང་བརྗོད་བྱ་རྒྱ་ཆེ་བས་དེ་ལས་བྱུང་བ་བཞིན་འབྲི་བར་བྱ་ལ། དེར་མི་འབྱུང་བའི་མངོན་པ་འོག་མའི་སྒོས་ཀྱི་ཐ་སྙད་རྣམས་བར་བར་དུ་འབྲི་བར་བྱའོ། །
མངོན་པར་གོང་མ་ལ་མཚན་ཉིད་ཀུན་ལས་བཏུས་པ་དང་། རྣམ་པར་ངེས་པ་ཀུན་ལས་བཏུས་པ་གཉིས་ལས། དང་པོ་ལ་མཚན་གཞིའི་དབྱེ་བ་དང་། གྲངས་ངེས། ཉེར་ལེན། མཚན་ཉིད། རྣམ་བཞག གོ་རིམ། མིང་དོན། དཔེ། དབྱེ་བ། བསྡུས་པ། མཚུངས་ལྡན། ལྡན་པ་སྟེ་བཅུ་གཉིས་སོ། ། ཕུང་པོ་ལྔ་ནི། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པའི་ཕུང་པོའོ། ། ཁམས་བཅོ་བརྒྱད་ནི། མིང་གི་ཁམས་དང་། དེ་བཞིན་དུ་སྦྱང་ཏེ་རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་ཁམས་དང་། མིང་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དྲུག་དང་། གཟུགས། སྒྲ། དྲི། རོ། རེག་བྱ། ཆོས་ཀྱི་ཁམས་ཏེ་བཅོ་བརྒྱད་དེ། བསྡུ་ན་རྟེན་བདག་རྐྱེན་གྱི་ཁམས། དམིགས་པ་ཡུལ་གྱི་ཁམས། བརྟེན་པ་རྣམ་པར་ཤེས་པའི་ཁམས་གསུམ་མོ། སྐྱེ་མཆེད་བཅུ་གཉིས་ནི། མིག་སོགས་དྲུག་དང་། གཟུགས་སོགས་དྲུག་གི་སྐྱེ་མཆེད་དེ་བཅུ་གཉིས་སོ། ། བདག་གི་གཞི་ལུས་ཡོངས་སུ་གཟུང་བ་དང་བཅས་པ་དང་། བདག་གི་གཞི་ལོངས་སྤྱོད་དང་། བདག་གི་གཞི་ཐ་སྙད་དང་། བདག་གི་གཞི་མངོན་པར་འདུ་བྱེད་པ་དང་། བདག་གི་གཞི་དེ་དག་གི་གནས་བརྗོད་པས་ན་ཕུང་པོ་ལྔའོ། ། ལོངས་སྤྱོད་པ་པོའི་གནས་ཀྱི་སྒོ་ནས་ཡུལ་འཛིན་པ་དང་། དམིགས་པའི་སྒོ་ནས་འཛིན་པ་དང་། ཉེར་སྤྱོད་རང་གི་མཚན་ཉིད་འཛིན་པ་གསུམ་གྱི་སྒོ་ནས་ཁམས་དྲུག་ཚན་གསུམ་མོ། ། ལུས་དང་། ཡོངས་སུ་གཟུང་བ་གཉིས་ཀྱིས་རྣམ་ཤེས་སྐྱེ་བ་དང་། རྒྱས་པའི་སྒོ་འབྱེད་པས་ན་སྐྱེ་མཆེད་དྲུག་ཚན་གཉིས་སོ། ། ཉེ་བར་ལེན་པ་ནི། འདུན་པ་དང་། འདོད་ཆགས་སོ། ། མངོན་པ་འོག་མར། འཐབ་བཅས། སྡུག་བསྔལ། ཀུན་འགྱུར། འཇིག་རྟེན། ལྷ་གནས། སྲིད་པ་རྣམས་ཟག་བཅས་ཉེར་ལེན་གྱི་ཕུང་པོའི་མིང་གི་རྣམ་གྲངས་སུ་བཤད་དོ། །གཟུགས་ཀྱི་མཚན་ཉིད་ནི། རེག་པ་དང་ཡུལ་སྤྱད་པས་གཟུགས་སུ་རུང་བའོ། །ཚོར་བ་ནི། མྱོང་བར་བྱེད་པའི་རིག་པའོ། ། དབྱེ་ན། སིམ་པ། གདུང་བ། བར་མའི་རྣམ་པ་ཅན་གསུམ་མོ། །འདུ་ཤེས་ནི། མཚན་མར་འཛིན་པའི་རིག་པའོ། །དབྱེ་ན་མཚན་མ་ཙམ་དུ་འཛིན་པའི་རྟོག་མེད་ཀྱི་འདུ་ཤེས་དང་། བཀྲ་བར་འཛིན་བའི་རྟོག་བཅས་ཀྱི་འདུ་ཤེས་གཉིས་ཀྱིས་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་ལ་ཐ་སྙད་འདོགས་པ་བཞིའོ། །འདུ་བྱེད་ནི། ཕུང་པོ་བཞི་ལས་གཞན་དུ་གྱུར་པའི་འདུ་བྱས་སོ། ། དབྱེ་ན་མཚུངས་ལྡན་འདུ་བྱེད་དང་། ལྡན་པ་མ་ཡིན་པའི་འདུ་བྱེད་གཉིས་སོ། །མཚན་གཞིའི་གཙོ་བོ་སེམས་པ་ནི། རང་དང་མཚུངས་ལྡན་གྱི་སེམས་ཡུལ་ལ་གཡོ་ཞིང་བསྐུལ་བར་བྱེད་པའི་སེམས་བྱུང་ངོ་། །དེ་ལ་གནས་སྐབས་ཉེར་ལྔ་ནི། བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀ་མ་ཡིན་པ་དང་། ཆུང་འབྲིང་ཆེ་གསུམ་དང་། དགེ་མི་དགེ་ལུང་མ་བསྟན་གསུམ་དང་། ཐོས་བསམ་བསྒོམས་གསུམ་དང་། བསླབ་པ་གསུམ་དང་། ཕྱི་ནང་དང་། གཟུང་འཛིན་དང་། སྤོང་གཉེན་དང་། མངོན་དུ་གྱུར་མ་གྱུར་དང་། རྒྱུ་དང་འབྲས་བུའི་གནས་སྐབས་ཏེ་ཉེར་ལྔར་འཇུག་གོ། ། རྣམ་པར་ཤེས་པ་ནི། ཡུལ་གྱི་ངོ་བོ་རྣམ་པར་རིག་པའོ། ། དབྱེ་ན་གཟུགས་རྣམ་པར་ཤེས་སོགས་དྲུག་གོ། །མིག་གི་ཁམས་ལ་འདས་པའི་མིག་གིས་གཟུགས་མཐོང་ཟིན་པ་དང་། ད་ལྟར་བའི་མིག་གིས་གཟུགས་ལ་བལྟ་བཞིན་པ་དང་། རྒྱུ་མཐུན་གྱི་ས་བོན་དང་། རྣམ་སྨིན་གྱི་ས་བོན་བཞིའོ།།དེ་བཞིན་དུ་རྣ་བ་སོགས་ལའང་རིགས་འགྲེའོ། ། གཟུགས་ཀྱི་ཁམས་སོགས་ལ་ཡུལ་ཅན་གྱི་སྒོ་ནས་མཚོན་པ་དང་རྒྱུའི་སྒོ་ནས་མཚོན་པ་གཉིས་གཉིས་སོ། །མིག་གི་རྣམ་པར་ཤེས་པའི་ཁམས་སོགས་ལ་མངོན་གྱུར་གྱིས་བསྡུས་པ་དང་། ས་བོན་གྱིས་བསྡུས་པ་གཉིས་གཉིས་སོ། ། སྐྱེ་མཆེད་རྣམས་ཀྱང་དེ་དང་འདྲའོ། །གཟུགས་ཀྱི་ཕུང་པོ་ལ། རྒྱུ་གཟུགས་འབྱུང་བ་ཆེན་པོ་བཞི་དང་། འབྲས་གཟུགས་བཅུ་གཅིག་གོ། ། རྒྱུར་འགྱུར་ཚུལ་ནི། འབྱུང་བའི་རྒྱུ། འདུག་པའི་རྒྱུ། རྗེས་སུ་འགྱུར་བའི་རྒྱུ། གནས་པར་བྱེད་པའི་རྒྱུ། འཕེལ་བར་བྱེད་པའི་རྒྱུ་སྟེ་ལྔའོ། ། སའི་ཁམས་ནི་སྲ་ཞིང་འཐས་པའོ། །ཆུའི་ཁམས་ནི་བརླན་ཞིང་གཤེར་བའོ། །མེའི་ཁམས་ནི་ཚ་ཞིང་སྲེག་པའོ། །རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་སྟེ་ངོ་བོ་དང་བྱེད་ལས་གཉིས་གཉིས་སོ། །མངོན་པ་འོག་མར་འཛིན་པ་དང་། བསྡུད་པ་དང་སྨིན་པ་དང་འཕེལ་ཞིང་རྒྱས་པར་བྱེད་པ་རྣམས་བྱེད་ལས་སུ་བཤད་དོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号