ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་མངོན་པའི
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
ཁམས་ཀྱི་དབྱེ་བ་ནི། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་དོ། །ཉོན་མོངས་ལྷག་མ་ནི་ཁམས་གསུམ་ཀ་ན་ཡོད་དོ། །སྤང་བྱའི་རིས་ནི། མཐོང་སྤང་ཉོན་མོངས་བརྒྱ་དང་བཅུ་གཉིས། སྒོམ་སྤང་བཅུ་དྲུག་གོ། །མངོན་པ་འོག་མར། འདོད་པ་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ། ཀུན་འབྱུང་མཐོང་སྤང་བདུན། འགོག་པ་མཐོང་སྤང་བདུན། ལམ་མཐོང་སྤང་བརྒྱད། སྒོམ་སྤང་བཞི་སྟེ་སོ་དྲུག གཟུགས་གཟུགས་མེད་ན་ཁོང་ཁྲོ་མ་གཏོགས་པ་སུམ་ཅུ་སོ་གཅིག་རེ་སྟེ་དགུ་བཅུ་རྩ་གཅིག་ཏུ་བཤད་དོ། །སྤོང་བྱེད་གཉེན་པོ་ལ། སྤོང་བའི་སྦྱོར་བ་ནི། ཡོངས་སུ་ཤེས་པ། དང་དུ་མི་ལེན་པ། གཉེན་པོ་རྙེད་པ་གསུམ་མོ། །ཡོངས་སུ་ཤེས་པ་ནི། རྒྱུ། ངོ་བོ། ཉེས་དམིགས་ཏེ་གསུམ་ཤེས་པའོ། །གཉེན་པོ་ལ་གྲོལ་བྱེད་ཀྱི་ལམ་བདག་མེད་རྟོགས་པ་དང་། འབྱུང་བྱེད་ཀྱི་ལམ་མི་རྟག་པ་རྟོགས་པ་སོགས་ཏེ་གཉིས་སོ། །སྤངས་པ་ལ་གཉིས་ཏེ། རེ་ཞིག་མི་སྐྱེ་བའི་ཉམས་སྨད་པ་དང་། ས་བོན་སྤངས་པས་སྐྱེར་མི་རུང་བའི་ཆོས་ཅན་དུ་བྱས་པའོ། །ལས་ཀྱི་ཀུན་འབྱུང་ལ། སྒྲས་བརྗོད་ཀྱིས་དབྱེ་ན་ལས་ལྔ་སྟེ། དམིགས་པའི་ལས། བྱེད་པའི་ལས། རྩོལ་བའི་ལས། བསྒྱུར་བའི་ལས། ཐོབ་པའི་ལས་སོ། །ལས་དངོས་ལ། སེམས་པའི་ལས། བསམ་པའི་ལས་གཉིས། སྔ་མ་ལ་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་གསུམ་མོ། །ཕྱི་མ་ལ་རྟེན་གྱི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་གསུམ་དང་། ངོ་བོའི་སྒོ་ནས་དགེ་མི་དགེ་གཉིས་སོ། །སེམས་པ་ལས་གྱུར་པའི་ལས་ལྔ་ནི། གཞན་གྱིས་བསྒོ་བ། གཞན་གྱིས་གསོལ་བ་གདབ་པ། མི་ཤེས་པ། རྩ་བ་ལ་མངོན་པར་ཞེན་པ། ཕྱིན་ཅི་ལོག་གི་སེམས་པ་ལས་གྱུར་པའོ། །སེམས་པའི་ལས་དང་ཡིད་ལས་དོན་གཅིག བསམས་པའི་ལས་ལ་ལུས་ངག་གི་ལས་གཉིས་དང་། དེ་རེ་རེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་གཉིས་གཉིས། ཕྱི་མ་ལ་རང་ཡིན་གྱི་སྡོམ་པ་དང་སྡོམ་མིན་དང་བར་མའི་ཚུལ་ཁྲིམས་ཀྱིས་བསྡུས་པའི་རྣམ་རིག་མིན་པ་དང་གསུམ་དུ་བཤད་ཅིང་། དགེ་བ་ལ་དོན་དམ་པའི་དགེ་བ། ངོ་བོ་ཉིད་ཀྱི་དགེ་བ། མཚུངས་ལྡན་གྱི་དགེ་བ། ཀུན་སློང་གིས་དགེ་བ་བཞི། མི་དགེ་བ་དང་། ལུང་མ་བསྟན་གཉིས་ལའང་དབྱེ་བ་དེ་དང་འདྲ། ལས་ཀྱི་ཀུན་སློང་ལ། རྒྱུའི་ཀུན་སློང་དང་། དུས་ཀྱི་ཀུན་སློང་གཉིས་ལས། སྔ་མ་རབ་ཏུ་འཇུག་བྱེད་དང་། ཕྱི་མ་རྗེས་སུ་འཇུག་བྱེད་ཡིན་ལ། དེ་ཡང་རབ་འཇུག་ཡིན་ལ་རྗེས་འཇུག་མ་ཡིན་པའི་མུ། རྗེས་འཇུག་ཡིན་ལ་རབ་འཇུག་མ་ཡིན་པའི་མུ། གཉི་ཀ་ཡིན་པའི་མུ། གཉི་ཀ་མ་ཡིན་པའི་མུ་སྟེ་བཞི་དང་། བྱེ་བྲག་སྨྲ་བས་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་རྫས་གྲུབ་ཏུ་འདོད་པར་བཤད་དོ། །
ཡང་ལས་ལ་མྱོང་བར་ངེས་པའི་ལས་དང་། མ་ངེས་པའི་ལས་གཉིས། ངེས་པ་ལ། བྱེད་པ་ངེས་པ། རྣམ་སྨིན་མྱོང་བར་ངེས་པ། དུས་ངེས་པ་སྟེ་གསུམ། ཡང་ལས་བྱས་ཤིང་བསགས་བ། བསགས་ལ་མ་བྱས་པ། བྱས་ལ་མ་བསགས་པ་སྟེ་གསུམ། ལས་ཀྱི་འབྲས་བུ་གསུམ་ནི། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་སྟེ་གསུམ། དེ་ནི་དགེ་མི་དགེ་གཉིས་ཀ་ལ་འདྲའོ། །ཡང་འཕེན་བྱེད་ཀྱི་ལས་དང་། རྫོགས་བྱེད་ཀྱི་ལས་གཉིས། འཕེན་བྱེད་དགེ་བས་འཕངས་ལ་རྫོགས་བྱེད་མི་དགེ་བས་རྫོགས་པ། འཕེན་བྱེད་མི་དགེ་བས་འཕངས་ལ་རྫོགས་བྱེད་དགེ་བས་རྫོགས་པ། གཉི་ཀ་དགེ་བ། གཉི་ཀ་མི་དགེ་བ་སྟེ་མུ་བཞི། འཕེན་ཚུལ་ལ། ལས་གཅིག་གིས་ལུས་གཅིག་འཕེན་པ། ལས་གཅིག་གིས་ལུས་དུ་མ་འཕེན་པ། ལས་དུ་མས་གཅིག་འཕེན་པ། ལས་གཅིག་གིས་ལུས་དུ་མ་འཕེན་པ་སྟེ་མུ་བཞི། མངོན་པ་འོག་མར། ལས་དུ་མས་སྐྱེ་བ་གཅིག་འཕེན་པ་དང་། ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་བྱེ་སྨྲའི་ལུགས་ལ་མེད་པར་བཤད་དོ། །ལས་སྨིན་ཚུལ་གྱི་རིམ་པ་ལ། ལྕི་ཡང་གི་ཁྱད་པར་ཡོད་ན། ལྕི་བ་ཐོག་པར་སྨིན་ལ། དེ་ཡང་འདྲ་ན་འཆི་དུས་གང་མངོན་དུ་གྱུར་པ་དང་། དེ་ཡང་འདྲ་ན་གོམས་ཤས་གང་ཆེ་བ་དང་། དེ་ཡང་འདྲ་ན་ཐོག་མར་གང་བྱས་པ་སྔོན་ལ་སྨིན་པར་བྱེད་དོ། །མི་དགེ་བའི་ལས་ལམ་བཅུ་ནི། སྲོག་གཅོད། མ་བྱིན་ལེན༑ ལོག་གཡེམ་སྟེ་ལུས་ཀྱི་གསུམ། རྫུན། ཕྲ་མ། ཚིག་རྩུབ། ཚིག་ཀྱལ་པ་སྟེ་ངག་གི་བཞི༑བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་གསུམ་དང་བཅུའོ། །དེ་བཅུ་ཀ་ཡང་རྩོམ་བྱེད་དུག་གསུམ་གང་རུང་དང་། རྫོགས་བྱེད་དུག་གསུམ་ཅི་རིགས་པས་བྱེད་དོ། །ལོག་གཡེམ་ལ། བགྲོད་བྱ་མིན་པ། ཡན་ལག་མིན་པ། དུས་མིན་པ། གནས་མིན་པའི་བྱེ་བྲག་གིས་བཞིའོ། །རྫུན་སྨྲ་ལ། མཐོང་བ། ཐོས་པ། བྱེ་བྲག་ཕྱེད་པ། རྣམ་པར་ཤེས་པ་བཞི་ལ། མ་མཐོང་བ་སོགས་སུ་སྨྲ་བ་བཞི་དང་། མ་མཐོང་བ་སོགས་བཞི་ལ། མཐོང་བ་སོགས་སུ་སྨྲ་བ་བཞི་སྟེ་བརྒྱད་དོ། །ལོག་ལྟ་བ། རྒྱུ། འབྲས་བུ། བྱེད་པ། ཡོད་པའི་དངོས་པོ་ལ་སྐུར་བ་འདེབས་པ་བཞི། བྱེད་པ་ལ། ས་བོན་འདེབས་འཛིན་ལ་སྐུར་བ། འགྲོ་འོང་ལ་སྐུར་བ། སྐྱེ་འགྱུར་གྱི་བྱེད་པ་ལ་སྐུར་བ་སྟེ་གསུམ་མོ། །ལས་ལམ་བཅུ་ལས། ལུས་ངག་གི་བདུན་ནི་ལས་ཡིན་ལ། ཡིད་ཀྱི་གསུམ་ནི་ལས་མིན་པར་མངོན་པ་འོག་མ་ལས་བཤད་དོ། །བཅུ་ཀ་ཡང་གཞི། བསམ་པ། སྦྱོར་བ། མཐར་ཐུག་སྟེ་བཞི་བཞི་དང་། བསམ་པ་ལ། འདུ་ཤེས། ཉོན་མོངས། ཀུན་སློང་གསུམ་གསུམ་གྱིས་བཤད་དོ། །དགེ་བ་བཅུའི་ལས་ལམ་ནི། སྲོག་གཅོད་སྤོང་བ་སོགས་མི་དགེ་བ་ལས་བཟློག་སྟེ་སྦྱར་རོ། །ལས་དེ་དག་གི་བྱེད་ལས་ནི། ལས་སོ་སོར་ངེས་པ། ལས་འཕེལ་ཆེ་བ། ལས་བྱས་པ་དང་མི་ཕྲད། ལས་ཆུད་མི་ཟ་བའོ། །སྟོབས་ལྡན་གྱི་ལས་ལ། གཉེན་པོ་སྟོབས་ལྡན། མི་མཐུན་ཕྱོགས་སྟོབས་ལྡན། རང་བཞིན་སྟོབས་ལྡན། ཞིང་དང་ཀུན་སློང་གིས་སྟོབས་དང་ལྡན་པ་བཞི་དང་། ཡང་ཞིང་། དངོས་པོ། ངོ་བོ་ཉིད། རྟེན། ཀུན་སློང་དྲག་པོ། བསམ་པ། གྲོགས༑ ལན་མང་དུ་བྱེད་པ། མང་པོ་ཚོགས་པའི་སྒོ་ནས་སྟོབས་དང་ལྡན་པ་སྟེ་དགུའོ། །སྟོབས་དང་མི་ལྡན་པ་ནི་དེ་ལས་ལྡོག་པའོ། །
སྡོམ་པའི་ལས་ལ། སོ་ཐར་གྱི་སྡོམ་པ། བསམ་གཏན་གྱི་སྡོམ་པ། ཟག་མེད་ཀྱི་སྡོམ་པ་སྟེ་གསུམ་མོ༑ ༑ སོ་ཐར་གྱི་སྡོམ་པ་ལ་རིགས་བརྒྱད་དེ། དགེ་སློང་ཕ་མ་གཉིས། དགེ་སློབ་མ། དགེ་ཚུལ་ཕ་མ་གཉིས། དགེ་བརྙེན་ཕ་མ་གཉིས། བསྙེན་གནས་ཀྱི་སྡོམ་པའོ། །དགེ་བསྙེན་ལ། སྐྱབས་འགྲོའི་དགེ་བསྙེན། སྣ་གཅིག་སྤྱོད་པ། སྣ་འགའ་སྤྱོད་པ། ཕལ་ཆེར་སྤྱོད་པ། ཡོངས་རྫོགས་སྤྱོད་པ། ཚངས་སྤྱོད་དགེ་བསྙེན་ཏེ་དྲུག་གོ། །འགའ་ཞིག་ཏུ། གོ་མིའི་དགེ་བསྙེན་ཞེས་པ་གཅིག་ཀྱང་བཤད་དོ། །མངོན་པ་འོག་མར། མིང་གི་སྒོ་ནས་བརྒྱད་དང་། རྫས་ཀྱི་སྒོ་ནས་དགེ་སློང་། དགེ་ཚུལ། དགེ་བསྙེན། བསྙེན་གནས་ཏེ་བཞི། རྟེན་གྱི་སྒོ་ནས་ཁྱིམ་པ་དང་། རབ་བྱུང་གི་སྡོམ་པ་གཉིས། ཡན་ལག་གི་སྒོ་ནས། སྤོང་བདུན། སྤོང་བཞི་གཉིས། དུས་ཀྱི་སྒོ་ནས། ཇི་སྲིད་འཚོའི་མཐའ་ཅན་དང་། ཉིན་ཞག་གི་མཐའ་ཅན་གཉིས། བསྙེན་གནས་ཀྱི་ཡན་ལག་ལ། ཚུལ་ཁྲིམས་ཀྱི་ཡན་ལག བག་ཡོད་པའི་ཡན་ལག བརྟུལ་ཞུགས་ཀྱི་ཡན་ལག་སྟེ་གསུམ་དུ་བཤད་ལ། དེ་དག་མངོན་པ་གོང་མའི་ལུགས་ལ་ཡང་མི་འདོད་པ་མིན་ནོ། །འདིའི་བསྙེན་པར་རྫོགས་པ་བཅུ་སོགས་རྒྱས་པར་འདུལ་བའི་སྐབས་སུ་བལྟའོ། །
བསམ་གཏན་གྱི་སྡོམ་པ་ལ། བསམ་གཏན་དང་པོའི་ཉེར་བསྡོགས་དང་། བསམ་གཏན་བཞིའི་བཞི་སྟེ་ལྔའོ། །མངོན་པ་འོག་མར། བསམ་གཏན་གྱི་སྡོམ་པ་དང་། སྤོང་སྡོམ་ཡིན་མིན་ལ་མུ་བཞི་སྟེ། བསམ་གཏན་གྱི་སྡོམ་པ་ཡིན་ལ་སྤོང་སྡོམ་མ་ཡིན་པ། སྤོང་སྡོམ་ཡིན་ལ་བསམ་གཏན་གྱི་སྡོམ་པ་མ་ཡིན་པ། གཉི་ཀ་ཡིན་པ། གཉི་ཀ་མ་ཡིན་པའི་སྡོམ་པ་སྟེ་བཞིར་བཤད་དོ། །ཟག་པ་མེད་པའི་སྡོམ་པ་ནི། ཁམས་གསུམ་གྱི་གསུམ་དང་། སྤོང་སྡོམ་དང་སྤོང་སྡོམ་མ་ཡིན་པ་གཉིས་སུ་བཤད་དོ༑ ༑མུ་བཞི་བརྩི་ཚུལ་ནི་སྔ་མ་དང་འདྲའོ། །སྡོམ་པ་མ་ཡིན་པ་ལ། ཤན་པ་དང་། བྱ་གག་གསོད་པ། ཕག་གིས་འཚོ་བ། ཉ་པ། རི་དྭགས་ཀྱི་རྔོན་པ། བྱ་པ། བོང་རྒྱས་འཚོ་བ། ཆོམ་རྐུན་པ། གཤེད་མ། གླང་པོ་ཆེ་འཛིན་པ། སྦྲུལ་གྱིས་འཚོ་བ། བཙོན་བསྲུང་། ཉན་རྣ་བྱེད་པ་རྣམས་སོ། །ཡང་ན་རིགས་སུ་སྐྱེས་པ་དང་། བླངས་པ་ལས་བྱུང་པ་གཉིས་སོ། །བར་མ་ལ༑ བར་མའི་དགེ་བ་དང་། བར་མའི་མི་དགེ་བ་གཉིས་སོ། །སོ་ཐར་གྱི་སྡོམ་པའི་རྣམ་གྲངས་ལ། ཚུལ་ཁྲིམས། ལེགས་སྤྱོད། ལས། སྡོམ་པ། སོ་སོར་ཐར་པ། བྱ་བའི་ལམ་སྟེ་དྲུག་ཏུ་བཤད་ལ་དོན་གཅིག་པ་མ་ཡིན་ནོ། །སྡོམ་མིན་ལ། ཉེས་སྤྱད་དང་། ཚུལ་འཆལ་ཞེས་ཀྱང་བཤད་དོ། །སྤྱིར་ལས་ལ་བདེ་བ་མྱོང་འགྱུར། སྡུག་བསྔལ་མྱོང་འགྱུར། བཏང་སྙོམས་མྱོང་འགྱུར་གསུམ། ཡང་མཐོང་ཆོས་མྱོང་འགྱུར། སྐྱེས་ནས་མྱོང་འགྱུར། ལན་གྲངས་གཞན་ནས་མྱོང་འགྱུར་གསུམ། ལས་དང་རྣམ་སྨིན་ནག་པ། གཉི་ཀ་དཀར་བ། འདྲེས་མའི་ལས་དང་གསུམ། ཡང་ན་ཟག་བཅས་དང་ཟག་མེད་ཀྱི་ལས་གཉིས། འདོར་བ་དང་བླང་བྱའི་ལས་གཉིས། བླང་བྱ་ལ། སྦྱིན་པའི་ལས་དང་། ཚུལ་ཁྲིམས་ཀྱི་ལས་གཉིས་སོ། །སོ་ཐར་གྱི་སྡོམ་པ་ལ། མདོ་ལས་བྱུང་མིང་གི་རྣམ་གྲངས་ནི། མ་སྨད་པའི་ཚུལ་ཁྲིམས། གུས་པར་སླབ་པའི་ཚུལ་ཁྲིམས། བསླབ་པ་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས། ལུས་ངག་ཕུན་སུམ་ཚོགས་པ། ཀུན་སྤྱོད་ཡོངས་སུ་དག་པ། ཀུན་སྤྱོད་དག་པ། ཀུན་སྤྱོད་ཁ་ན་མ་ཐོ་བ་མེད་པ། ཀུན་སྤྱོད་གནོད་པ་མེད་པ། ཀུན་སྤྱོད་རྗེས་སུ་མཐུན་པ། ཀུན་སྤྱོད་རྗེས་སུ་འབྱོར་བ། ཀུན་སྤྱོད་ཐབས་དང་ལྡན་པ། ཀུན་སྤྱོད་འཚམ་པ། ཀུན་སྤྱོད་མཐུན་པ། གདུང་བ་མེད་པ། འགྱོད་པ་མེད་པ། ཡིད་ལ་བཅགས་པ་མེད་པ་རྣམས་སུ་བཤད་དོ། །མངོན་པ་འོག་མར་མདོ་ལས་བྱུང་བའི་ལས་ཀྱི་རྣམ་གྲངས་བཅོ་ལྔ་བཤད་ལ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号