ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་མངོན་པའི
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དང་པོ་སྐྱེ་བའི་སྡུག་བསྔལ་ལ། སྡུག་བསྔལ་དང་ལྡན་པས་སྡུག་བསྔལ་བ། དེ་བཞིན་དུ་སྦྱར་ཏེ། གནས་ངན་ལེན་དང་ལྡན་པ། སྡུག་བསྔལ་གྱི་གནས་སུ་གྱུར་པ། ཉོན་མོངས་ཀྱི་གནས་སུ་གྱུར་པ། མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པས་སྡུག་བསྔལ་བ་སྟེ་ལྔའོ། །གཉིས་པ་རྒ་བ་ལ། ལང་ཚོ། མཐུ་སྟོབས། དབང་པོ། ཡུལ་ལ་ལོངས་སྤྱོད་པ་ཚེ་ཡོངས་སུ་ཉམས་པས་སྡུག་བསྔལ་བ་སྟེ་ལྔའོ། །གསུམ་པ་ན་བ་ལ། ལུས་ཀྱི་རིང་བཞིན་འགྱུར་བ། སྡུག་བསྔལ་དང་ཡིད་མི་བདེ་འཕེལ་ཞིང་དེ་ལ་གནས་པ། ཡིད་དུ་འོང་བའི་ཡུལ་སྤྱད་དུ་མེད་པ། ཡིད་དུ་མི་འོང་བ་ནན་གྱིས་སྤྱད་དགོས་པ། སྲོག་གི་དབང་པོ་དང་འབྲལ་བར་འགྱུར་བ་སྟེ་ལྔའོ། །བཞི་པ་འཆི་བ་ལ། ལོངས་སྤྱོད་སྡུག་པ་དང་འབྲལ་བ། འཁོར་སྡུག་པ་དང་འབྲལ་བ། ལུས་སྡུག་པ་དང་འབྲལ་བ། འཆི་བའི་སྡུག་བསྔལ་དང་། ཡིད་མི་བདེ་དྲག་པོ་མྱོང་བ་སྟེ་ལྔའོ། །ལྔ་བ་མི་སྡུག་པ་དང་ཕྲད་པ་ལ། ། སྡུག་བསྔལ་དང་ཡིད་མི་བདེ་འཕེལ་བ། ཆད་པས་འཇིགས་པ། གཏམ་ངན་གྱིས་འཇིགས་པ། ཉམ་ང་བཞིན་དུ་འཆི་བས་འཇིགས་པ། ངན་འགྲོར་སོང་དོགས་ནས་འཇིགས་པ་སྟེ་ལྔའོ། །དྲུག་པ་སྡུག་པ་དང་བྲལ་པ་ལ། སེམས་ལ་མྱ་ངན་སྐྱེ་བ། ངག་གི་སྨྲེ་སྔགས་འདོན་པ། ལུས་ལ་གནོད་པ་སྐྱེད་པ། འདོད་པས་ཡིད་གདུང་བ། ལོངས་སྤྱོད་མ་ཚང་བ་སྟེ་ལྔའོ། །བདུན་པ་འདོད་པ་བཙལ་ཏེ་མ་རྙེད་པ་ལ་ལྔ་སྟེ་ལྔ་མ་དང་འདྲའོ། །བརྒྱད་པ་ཉེ་བར་ལེན་པའི་ཕུང་པོའི་སྡུག་བསྔལ་ལ། མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད། མངོན་པར་གྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྣོད། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད། འགྱུར་བའི་སྡུག་བསྔལ་གྱི་སྣོད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་སྟེ་ལྔའོ། །སྡུག་བསྔལ་གསུམ་ཡང་དེར་འདུའོ། །སྡུག་བསྔལ་གཉིས་ནི། ཀུན་རྫོབ་པའི་བདེན་པར་སྡུག་བསྔལ་བ། དོན་དམ་པའི་བདེན་པར་སྡུག་བསྔལ་བ་སྟེ་གཉིས་སོ། །སྡུག་བསྔལ་སྤྱིའི་མཚན་ཉིད་ལ་མི་རྟག་པ། སྡུག་བསྔལ་བ། སྟོད་པ། བདག་མེད་བཞིའོ། །མི་རྟག་པ་ལ། མེད་པའི་མཚན་ཉིད། དེ་བཞིན་དུ་སྦྱར་ཏེ། རྣམ་པར་འཇིག་པ། འགྱུར་བ། འབྲལ་བ། ཉེ་བ། ཆོས་ཉིད། སྐད་ཅིག་མ། རྒྱུན། ནད་ལ་སོགས་པ། རྣམ་པ་སྣ་ཚོགས་ཀྱི་སེམས་འབྱུང་བ། ལོངས་སྤྱོད་རྒུད་པ། སྣོད་ཆགས་འཇིག་གི་མཚན་ཉིད་དེ་བཅུ་གཉིས་སོ། །སེམས་ཅན་འཆི་འཕོ་བའི་རྒྱུ་ལ། ཚེ་ཟད་པ། བསོད་ནམས་ཟད་པ། ལས་ཟད་པ་སྟ་གསུམ་མོ། །ཡང་སྡུག་བསྔལ་གྱི་དབྱེ་བ་ལ། སྡུག་བསྔལ་ཤིན་ཏུ་རྒྱས་ལ་མ་བསྲབས་པ། བསྲབས་པ། གཉི་ཀ་ཡིན་པ། བར་མ་མ་བསྲབས་པ། སྲབ་ལ་མ་བསྲབས་པ། ཆེས་སྲབ་ལ་བསྲབས་པ། ཤིན་ཏུ་བསྲབས་ལ་སྲབ་པ། བསྲབས་པ་ཆེན་པོས་ཉེ་བར་གནས་པ་སྟེ་བརྒྱད་དོ། །སྡུག་བསྔལ་མངོན་པར་འགྲུབ་པའི་རིམ་པ་ལ།
འཆི་སེམས་གསུམ་ནི། དགེ་བ་དང་། མི་དགེ་བ་དང་། ལུང་མ་བསྟན་པའི་སེམས་དང་ལྡན་པས་འཆི་བའོ༑ ༑འཆི་བའི་ཚེ་ལུས་ཀྱི་བྱེ་བྲག་ལ། དགེ་བ་བྱེད་པ་ནི་ཐོག་མར་སྨད་ནས་དྲོད་སྡུད་པ་དང་། མི་དགེ་བྱེད་པ་ནིཐོག་མར་སྟོད་ནས་དྲོད་སྡུད་པའོ། །འདོད་ལྷའི་འཆི་ལྟས་ལྔ་ནི། གོས་ལ་དྲི་མ་ཆགས་པ། མེ་ཏོག་གི་ཕྲེང་བ་རྙིང་པ། མཆན་ཁུང་དུ་རྔུལ་འབྱུང་བ། ལུས་ལ་དྲི་ང་བ། སྟན་ལ་མི་དགའ་བའོ༑ ༑མ་ངེས་པའི་ལྟས་ལྔ་ནི། གོས་རྒྱན་ལས་སྒྲ་མི་སྙན་པ་འབྱུང་བ། ལུས་ཀྱི་འོད་ཆུང་བ། ལུས་ལ་ཁྲུས་ཆུ་ཆགས་པ། ཡུལ་གཅིག་ལ་ཆགས་པ། མིག་གི་རྫི་མ་འཁྲབ་པ་སྟེ་ལྔའོ། །བར་སྲིད་འགྲུབ་ཚུལ་ལ། ཡིད་ལས་བྱུང་བ། དྲི་ཟ། སྲིད་འཆོལ། སྲིད་པ་བར་མ། མངོན་པར་འགྲུབ་པའི་སྲིད་པ་རྣམས་ནི་བར་དོའི་མིང་གི་རྣམ་གྲངས་སོ། །དམྱལ་བའི་བར་དོའི་ཁ་དོག་ནི། སྡོང་དུམ་ཚིག་པ་ལྟ་བུ། དུད་འགྲོའི་དུ་བ་ལྟ་བུ། ཡི་དྭགས་ཀྱི་ཆུ་ལྟ་བུ། འདོད་པའི་ལྷ་མིའི་གསེར་ལྟ་བུ། གཟུགས་ཁམས་པའི་དཀར་པོའོ། །ཚེ་ཚད་ནི་ཞག་བདུན་ནོ། །དེ་ལྟར་ཐོགས་ན་བདུན་བདུན་བཞི་བཅུ་ཞེ་དགུའོ། །དབྱིབས་ནི་སྔོན་དུས་ཀྱི་སྲིད་པའི་ཤ་ཚུགས་ཅན་ནོ། ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། དབང་པོ་ཀུན་ཚང་བ། གང་ལའང་ཐོགས་པ་མེད་པ། རིས་མཐུན་དང་ལྷའི་མིག་དག་པས་མཐོང་བ་སྟེ་ཁྱད་པར་བཞི་ལྡན་ནོ། །འགྲོ་ཚུལ་ནི། ལྷའི་བར་དོ་གྱེན། མིའི་བར་དོ་ཐད་ཀ ངན་འགྲོའི་སྤྱིའུ་ཚུགས་སུ་འགྲོའོ། །གཉིས་པ་ཀུན་འབྱུང་བདེན་པ་ལ། ཉོན་མོངས་པ་དང་། ལས་གཉིས་ལས། ཉོན་མོངས་པའི་ཀུན་འབྱུང་ལ་མདོ་ལས། སྲེད་པ་གཙོ་བོར་བཤད་པ་ནི། དངོས་པོ་ཐམས་ཅད་དུ་འགྲོ་བ་སྟེ་དྲུག་ལ་དགོངས་པའོ། །གཞུང་འདིར་ཆོས་བཅུའི་སྒོ་ནས་ཉོན་མོངས་རྒྱས་པར་བཤད་དེ། གྲངས། མཚན་ཉིད། འབྱུང་བ། དམིགས་པ་མཚུངས་པར་ལྡན་པ། རྣམ་གྲངས། ལྡོག་པར་ཞུགས་པ། ཁམས། རིས། སྤོང་བྱེད་གཉེན་པོ་སྟེ་བཅུའོ། །གྲངས་ལ་རྩ་བའི་ཉོན་མོངས་པ་དྲུག་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ། ལྟ་བའོ། ། ལྟ་བ་ལ་དབྱེ་བ་ན། འཇིག་ལྟ། མཐར་ལྟ། ལོག་ལྟ། ལྟ་བ་མཆོག འཛིན༑ ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཏེ་ལྔའོ། །མཚན་ཉིད་ནི། སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བས་རབ་ཏུ་ཕྱེ་བའོ། །འབྱུང་བའི་རྒྱུ་ནི། བག་ལ་ཉལ། དམིགས་པ། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་དེ་གསུམ་མོ། །དམིགས་པ་ནི། ཉོན་མོངས་དང་། ཉོན་མོངས་འབྱུང་བའི་གཞི་དང་། མེད་པའི་དོན་ཏེ་གསུམ་མོ། །
མངོན་པ་འོག་མར། ཉོན་མོངས་དྲུག་པོ་ཕྲ་རྒྱས་སུ་བཤད་ལ། ཕྲ་རྒྱས་ཀྱི་དོན། བྱེ་བྲག་སྨྲ་བས། ཀུན་དཀྲིས་ཉོན་མོངས་ལ་འདོད། གནས་མ་བུ་པའི་སྡེ་པ་རྣམས་ཀྱིས་ཉོན་མོངས་པའི་ཐོབ་པ་ལ་འདོད། མདོ་སྡེ་པ་དང་སློབ་དཔོན་དབྱིག་གཉེན་གྱིས་ཉོན་མོངས་པའི་ས་བོན་ལ་བཞེད་པར་བཤད་ཅིང་། ཉོན་མོངས་སྐྱེ་བའི་རྒྱུ་ལ། རྒྱུ་ཕྲ་རྒྱས་མ་སྤངས་པ་དང་། ཉོན་མོངས་སྐྱེ་བའི་ཡུལ་ཉེ་བ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་གསུམ་དུ་བཤད་དོ། །མཚུངས་ལྡན་ནི། ཉོན་མོངས་གང་དང་མཚུངས་ལྡན། ཚོར་བ་གང་དང་མཚུངས་ལྡན། རྣམ་ཤེས་གང་དང་མཚུངས་ལྡན་ཏེ་གསུམ་གྱིས་བཤད་ལ། མཚུངས་པར་ལྡན་ཚུལ་མངོན་པ་གོང་འོག་ཅུང་ཟད་མི་འདྲའོ། །རྣམ་གྲངས་ལ་ཉི་ཤུ་རྩ་བཞི་ལས། དང་པོ་ཀུན་སྦྱོར་ལ། རྗེས་སུ་ཆགས་པའི་ཀུན་སྦྱོར། ཁོང་ཁྲོ་བའི་ཀུན་སྦྱོར། ང་རྒྱལ་གྱི་ཀུན་སྦྱོར། མ་རིག་པའི་ཀུན་སྦྱོར། ལྟ་བའི་ཀུན་སྦྱོར། མཆོག་ཏུ་འཛིན་པའི་ཀུན་སྦྱོར། ཐེ་ཚོམ་གྱི་ཀུན་སྦྱོར། ཕྲག་དོག་གི་ཀུན་སྦྱོར། སེར་སྣའི་ཀུན་སྦྱོར་ཏེ་དགུའོ། །ང་རྒྱལ་བདུན་ཏེ། ང་རྒྱལ། ཆེ་བའི་ང་རྒྱལ། ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་སྙམ་པའི་ང་རྒྱལ། མངོན་པའི་ང་རྒྱལ། ཅུང་ཟད་སྙམ་པའི་ང་རྒྱལ། ལོག་པའི་ང་རྒྱལ་ལོ། མངོན་པ་འོག་མར། བདག་མཆོག་ཡིན་ནོ། །བདག་དང་འདྲའོ། །བདག་དམན་ནོ། །བདག་པས་མཆོག་ཡོད་དོ། །བདག་དང་མཉམ་པ་མེད་དོ། །བདག་པས་དམན་པ་མེད་དོ་སྙམ་པའི་ང་རྒྱལ་དགུ་མདོ་ལས་བཤད་པ་དང་། བསྡུ་ན། ང་རྒྱལ། ལྷག་པའི་ང་རྒྱལ། ཅུང་ཟད་སྙམ་པའི་ང་རྒྱལ་གསུམ་དུ་འདུ་བར་བཤད་དོ། །གཉིས་པ་འཆིང་བ་ནི་དུག་གསུམ་མོ། །གསུམ་པ་བག་ལ་ཉལ་ནི། འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ། དེ་བཞིན་དུ་སྦྱར་ཏེ། ཁོང་ཁྲོ། སྲིད་པའི་འདོད་ཆགས། མ་རིག་པ། ལྟ་བ། ཐེ་ཚོམ་གྱི་བག་ལ་ཉལ་ཏེ་བདུན་ནོ། །བཞི་པ་ཉེ་བའི་ཉོན་མོངས་པ་ནི་གོང་དུ་བཤད་པའི་ཉེ་ཉོན་ཉི་ཤུའོ། །ལྔ་པ་ཀུན་དཀྲིས་ནི། རྨུགས་པ། གཉིད། རྒོད་པ། འགྱོད་པ། ཕྲག་དོག སེར་སྣ། ངོ་ཚ་མེད་པ། ཁྲེལ་མེད་པ་སྟེ་བརྒྱད་དོ། །དྲུག་པ་ཆུ་བོ་ནི། འདོད་པ། སྲིད་པ། ལྟ་བ། མ་རིག་པའི་ཆུ་བོ་སྟེ་བཞིའོ། །བདུན་པ་སྦྱོར་བ་ནི། འདོད་པའི་སྦྱོར་བ་སོགས་བཞི་སྟེ་ལྔ་མ་དང་འདྲའོ། །བརྒྱད་པ་ཉེ་བར་ལེན་པ་ནི། འདོད་པ། ལྟ་བ། ཚུལ་ཁྲིམས་བརྟུལ་ཞུགས། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྟེ་བཞིའོ། །མངོན་པ་འོག་མར། སྐབས་འདིར་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལ། དྲི་བ་བཞི་ནི། མགོ་གཅིག་ཏུ་ལུང་བསྟན་པར་བྱ་བའི་དྲི་བ། རྣམ་པར་ཕྱེ་ནས་ལུང་བསྟན་པའི་དྲི་བ། དྲིས་ནས་ལུང་བསྟན་པའི་དྲི་བ། བཞག་པར་བྱ་བའི་དྲི་བ་དང་བཞིར་བཤད་དོ། །དགུ་པ་མདུད་པ་ལ། བརྣབ་སེམས་ལུས་ཀྱི་མདུད་པ། དེ་བཞིན་དུ་སྦྱར་ཏེ་གནོད་སེམས། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ལྟ་བ་མཆོག་འཛིན་གྱི་ལུས་ཀྱི་མདུད་པ་སྟེ་བཞིའོ། །བཅུ་པ་སྒྲིབ་པ་ནི། འདོད་པ་ལ་འདུན་པ། གནོད་སེམས། རྨུགས་གཉིད། རྒོད་འགྱོད། ཐེ་ཚོམ་གྱི་སྒྲིབ་པ་སྟེ་ལྔའོ། །བཅུ་གཅིག་པ་ཐ་བ། བཅུ་གཉིས་པ་དྲི་མ། བཅུ་གསུམ་པ་སྡིག་པ། བཅུ་བཞི་པ་ཟུག་རྔུ། བཅོ་ལྔ་པ་ཅི་ཡང་། བཅུ་དྲུག་པ་ཉེས་པར་སྤྱོད་པ་རྣམས་དུག་གསུམ་མོ། །མངོན་པ་འོག་མར། དྲི་མ་ལ། སྒྱུ། གཡོ། རྒྱགས་པ། འཚིག་པ། ཁོན་འཛིན། རྣམ་འཚེ་སྟེ་དྲུག་ཏུ་བཤད་དོ། །བཅུ་བདུན་པ་ཟག་པ་ནི། འདོད་པ། སྲིད་པ། མ་རིག་པའི་ཟག་པ་སྟེ་གསུམ་མོ། །བཅོ་བརྒྱད་པ་ཕོངས་པ།  བཅུ་དགུ་པ་ཡོངས་སུ་གདུང་བ། ཉི་ཤུ་པ་འཁྲུག་པ། ཉེར་གཅིག་པ་འཐབ་པ། ཉེར་གཉིས་པ་རིམས་ནད། ཉེར་གསུམ་པ་ནགས་སྦྱོར། ཉེར་བཞི་པ་གགས་རྣམས་ཀྱང་དུག་གསུམ་མོ། །མངོན་པ་འོག་པར། ཕྲ་རྒྱས་ཀུན་དུ་འགྲོ་བ་དང་། ཀུན་འགྲོ་མ་ཡིན་པ་གཉིས། གོང་མའི་ཆ་མཐུན་ལྔ་དང་། ཐ་མའི་ཆ་མཐུན་ལྔ་སྟེ་གཉིས་དང་། ཀུན་འགྲོ་མ་ཡིན་པ་གཉིས། གོང་མའི་ཆ་མཐུན་ལྔ་དང་། ཐ་མའི་ཆ་མཐུན་ལྔ་སྟེ་གཉིས་དང་། དམིགས་པ་དང་མཚུངས་ལྡན་གྱི་རྒྱས་འགྱུར་གཉིས་སོགས་བཤད་ཀྱང་གོང་གི་དེར་འདུའོ། །ལོག་པར་ཞུགས་པ་ལ། ཡུལ་དང་ལྟ་བ་ལ་ལོག་པར་ཞུགས་པ། སེམས་ཅན་དང་ལྟ་བ་ལ་ལོག་པར་ཞུགས་པ། ལྟ་བ་ལ་ལོག་པར་ཞུགས་པ། གཉེན་པོ་ལ་ལོག་པར་ཞུགས་པ། ཐམས་ཅད་ལ་ལོག་པར་ཞུགས་པ། སྡུག་ཀུན་ལ་ལོག་པར་ཞུགས་པ་འགོག་ལམ་ལ་ལོག་པར་ཞུགས་པ་སྟེ་བརྒྱད་དོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号