ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་མངོན་པའི
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གླིང་གཡོག་གམ་གླིང་ཕྲན་བརྒྱད་ནི། ལུས་དང་ལུས་འཕགས་གཉིས། རྔ་ཡབ་དང་རྔ་ཡབ་གཞན་གཉིས། གཡོ་ལྡན་དང་ལམ་མཆོག་འགྲོ་གཉིས། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་རྣམས་སོ། འཛམ་བུ་གླིང་ན་རྡོ་རྗེ་གདན་ནས་བྱང་དུ་རི་ནག་བོ་དགུ་འདས་པ་ན་གངས་རི་ཆེན་པོ་ཏེ་སེ་ཡོད་དོ། །དེ་དང་སྤོས་ངད་ལྡང་བའི་རི་གཉིས་ཀྱི་བར་ན་མཚོ་མ་དྲོས་པ་ཡོད་དོ། །དེ་ལས་གངྒ། སིནྔྷུ། སི་ཏ། པཀྵུ་སྟེ་ཆུ་བོ་ཆེན་པོ་བཞི་འབབ་བོ། །གླིང་འདིའི་རི་ཆེན་པོ་གསུམ་ནི། གངས་ཅན། འབིགས་བྱེད༑ མངྔྷ་ར་གསུམ། ཤིང་ཁྱད་པར་ཅན་གསུམ་ནི། འཛམ་བུ། ཤལ་མ་ལི། ས་ལའི་རྒྱལ་བོ་བར་བརྟན་གསུམ་མོ། །སྤོས་ངད་ལྡང་བའི་བྱང་ཕྱོགས་ན། བྲག་གསེར་གྱི་བྱ་སྐྱིབས་དང་། རྫིང་བུ་དལ་གྱིས་འཐོར་ཞེས་བྱ་བ་ཡོད།
           གནས་ཆེན་ལྔ་ནི། རྡོ་རྗེ་གདན། རི་བོ་རྩེ་ལྔ། པོ་ཊ་ལ། ཨོ་ཊི་ཡ་ན། ཤམྦྷ་ལའོ། ། གླིང་འདིའི་འོག་ན། གོང་དུ་བཤད་པའི་དམྱལ་བ་རྣམས་དང་ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བར་གཤིན་རྗེའི་རྒྱལ་པོའི་ཕོ་བྲང་རྒྱལ་པོའི་ཁབ་ཅེས་བྱ་བ་ཡོད་དོ། །ལྷུན་པོའི་ཆུ་མཚམས་སུ་ནི་ལྷ་མ་ཡིན་གྱི་གྲོང་ཁྱེར་འོད་ཅན་དང་། དེའི་འོག་ཏུ་སྐར་ཕྲེང་། དེའི་འོག་ཏུ་ཟབ་པ། དེའི་འོག་ཏུ་གསེར་ལྡན་ལ་སོགས་པ་ཡོད་དོ། །ལྷུན་པོའི་ཕྱེད་ན་ཉི་མ་དང་ཟླ་བའོ། །རི་རབ་ཀྱི་བང་རིམ་དང་པོ་ལ། གནོད་སྦྱིན་ལག་ན་གཞོང་ཐོགས། གཉིས་པ་ལ་ཕྲེང་ཐོགས། གསུམ་པ་ལ་རྟག་མྱོས།   བཞི་པ་ལ་རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས་སོ། །ལྟུན་པོའི་རྩེ་མོ་ན་སུམ་ཅུ་རྩ་གསུམ་སྟེ། འདིའི་སོ་གསུམ་ནི།འཇིག་རྟེན་པ་ལ་གྲགས་པ་ལྟར་ན་ནོར་ལྷ་བརྒྱད།   ཉི་མའི་བུ་བཅུ་གཉིས།དྲག་བོ་བཅུ་གཅིག ཐ་སྐར་གྱི་བུ་གཉིས་རྣམས་ཡིན་ལ།བསྟན་བཅོས་ལ་གྲགས་པ་ནི།གྲོང་ཁྱེར་གྱི་ཕྱོགས་བཞི་ན་འཁོར་གྱི་གཙོ་བོ་ཉེ་དབང་བརྒྱད་བརྒྱད་དེ་སོ་གཉིས་དང༌།དབུས་ན་ལྷའི་དབང་པོ་བརྒྱ་བྱིན་ཏེ་སོ་གསུམ་མོ། །ལྷུན་པོའི་རྩེ་མོ་བཞི་ན་ལག་ན་རྡོ་རྗེ་ཐོགས་པའི་གནོད་སྦྱིན་གནས་པའི་ཁང་བུ་བརྩེགས་པ་བཞི་དང༌།དབུས་ན་བརྒྱ་བྱིན་གྱི་ཕོ་བྲང་གྲོང་ཁྱེར་ལྟ་ན་སྡུག་ཡོད།དེའི་དབུས་ན་རྣམ་པར་རྒྱལ་བའི་ཁང་བཟང་ཡོད་དོ།གྲོང་ཁྱེར་དེའི་ཕྱི་རོལ་གྱི་ཕྱོགས་བཞི་ན་ཤིང་རྟ་སྣ་ཚོགས་ཅན།  རྩུབ་འགྱུར།འདྲེས་པ། དགའ་བའི་ཚལ་ཞེས་བྱ་བའི་སྐྱེད་མོའི་ཚལ་བཞིའོ།    ། བྱང་ཤར་མཚམས་ན་ཤིང་ས་བརྟོལ་ཡོངས་འདུ་དང་ལྷོ་ནུབ་མཚམས་ན་ཆོས་བཟང་ལྷའི་འདུན་ས་ཡོད་དོ། །དེའི་སྟེང་ན་དགའ་ལྡན་ནས་བརྩམས་ཏེ་ཡས་རིམ་བཞིན་གོང་དུ་བཤད་པའི་ལྷའི་གནས་རྣམས་ཡོད་དོ།   །དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གཅིག་ལ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས།   དེ་སྟོང་ལ་སྟོང་བར་མའི་འཇིག་རྟེན་གྱི་ཁམས།དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ།    །སེམས་ཅན་དེ་དག་གི་ལུས་ཚད་དང་སྣོད་ཀྱི་རྒྱ་ཆེ་ཆུང་རྣམས་དང་དཔངས་སོགས་གཞལ་ཚུལ་ནི། རྡུལ་ཕྲ་རབ་དང༌། རྡུལ་ཕྲན།ལྕགས་རྡུལ།   ཆུ་རྡུལ།   རི་བོང་གི་རྡུལ།   ལུག་རྡུལ།   གླང་རྡུལ། ཉི་ཟེར་གྱི་རྡུལ། སྲོ་མ།ཤིག ནས། སོར་མོ་རྣམས་རིམ་པ་བཞིན་དུ་བདུན་འགྱུར་དང༌། སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང༌།ཁྲུ་བཞི་ལ་གཞུ་འདོམ་གང༌།   དེ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག   དེ་བརྒྱད་ལ་དཔག་ཚད་དུ་འཇོག་པའོ། །སེམས་ཅན་གྱི་ཚེ་ཚད་དང་བསྐལ་ཆེན་སོགས་ཀྱི་བརྩི་ཚུལ་ནི།   དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག དེ་དྲུག་ཅུ་ལ་ཐང་ཅིག དེ་སུམ་ཅུ་ལ་ཡུད་ཙམ།   དེ་སུམ་ཅུ་ལ་ཉིན་ཞག དེ་སུམ་ཅུ་ལ་ཟླ་བ། ཞག་མི་ཐུབ་དྲུག་དང་བཅས་པའི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་འཇོག་གོ།།
     བསྐལ་པ་ལ་བར་བསྐལ།   འཇིག་བསྐལ།   སྟོང་བསྐལ། ཆགས་བསྐལ། གནས་བསྐལ།བསྐལ་པ་ཆེན་པོ་རྣམས་སུ་ཡོད་དོ།  ། གཟུགས་དང་དུས་ཀྱི་ཚད་གཞལ་བར་བྱེད་པའི་གྲངས་ཀྱི་གནས་ལ་ལུགས་མི་འདྲ་བ་ལྔ་ཙམ་ཡོད་ཀྱང༌། མངོན་པའི་ལུགས་ནི།   གཅིག བཅུ།   བརྒྱ། སྟོང་ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར་ཏེ་དགུ་ནི་རྐྱང་པ་དང༌།ཐེར་འབུམ། ཁྲག་ཁྲིག   རབ་བཀྲམ། གཏམས། དཀྲིགས། མི་འཁྲུགས། ཁྱད་འབྱིན།   པང་སྟེང༌།དེད་འདྲེན། མཐའ་སྣང༌། རྒྱུ་རིགས། འོད་མཛེས། དབང་པོ། ལེགས་ཕྱིན། རྟོགས་འགྲོ། འབྱིད་རྡུལ།རྒྱ་རྟགས། སྟོབས་འཁོར། བརྡའ་ཤེས། རྣམ་བྱུང༌། སྟོབས་མིག བྱམས་པ། སྙིང་རྗེ། འགའ་བ།   བཏང་སྙོམས་རྣམས་ཆེན་པོའི་ཟླ་དང་བཅས་ལ།གྲངས་མེད།ཚད་མེད། དཔག་མེད།   བརྗོད་མེད།   དཔག་ཡས།གཞལ་མེད།གཞལ་གྱིས་མི་ལང༌།བསམ་གྱིས་མི་ཁྱབ་པ་རྣམས་གོང་ནས་གོང་དུ་བཅུ་བཅུར་བསྒྲེའོ།འདི་ལ་མངོན་པ་མཛོད་ཀྱི་འགྲེལ་པར་སྟོབས་མིག་ཆེན་པོ་དང་གྲངས་མེད་ཀྱི་བར་དུ་གནས་བརྒྱད་མ་རྙེད་པར་གསུངས་པས། དེའི་ཚབ་ཏུ་ཚད་མེད་བཞི་ཆེན་པོ་རེ་དང་བཅས་བསྣན་ནས་འདྲེན་པ་ནི་བླ་མ་གོང་མའི་ཕྱག་ལེན་ཡིན་ནོ།   །དེ་ལྟར་ན་བར་བསྐལ་གཅིག་ལ་མི་ལོ་དཀྲིགས་ཆེན་པོ་གསུམ། དཀྲིགས་གསུམ། གཏམས་ཆེན་པོ་དགུ། གཏམས་བདུན།   རབ་བཀྲམ་ཆེན་པོ་བདུན།   ཁྲག་ཁྲིག་ཆེན་པོ་དྲུག   ཁྲག་ཁྲིག་གཉིས།   ཐེར་འབུམ་ཆེན་པོ་བཞི་རྣམས་སུ་ཡོད་ལ།དེ་ལྟ་བུའི་བར་བསྐལ་ཉི་ཤུ་ནི་ཆགས་པའི་བསྐལ་པ།ཉི་ཤུ་གནས་བསྐལ།ཉི་ཤུ་འཇིག་བསྐལ།ཉི་ཤུ་སྟོང་བསྐལ་ཏེ་བར་བསྐལ་བརྒྱད་ཅུ་ལ་བསྐལ་ཆེན་གཅིག་ཏུ་འཇོག་གོ།།
གནས་བསྐལ་ལ་ཡ་ཐོག་རིང་མོ།   བར་གྱི་ཁུག་པ་བཅོ་བརྒྱད། མ་ཐོག་རིང་མོ་སྟེ་ཉི་ཤུར་བཤད་དོ།།མཁས་པ་ཁ་ཅིག་བར་བསྐལ་གཅིག་ལ་མི་ལོ་དཀྲིགས་ཕྲག་དགུར་བཤད་པའང་ཡོད་དོ།   །དེ་ལྟ་བུའི་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས་སངས་རྒྱས་འཐོབ་བོ།   །བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་ལ་མཉེས་པར་བྱས་པ་ལས་རང་སངས་རྒྱས་འཐོབ་བོ།   །མི་རྣམས་ཀྱི་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་དུ་འཁོར་ལོས་བསྒྱུར་བ་འབྱུང་ངོ༌།    །དེ་ལ་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་བསྒྱུར་བ་བཞིའོ། །དེས་ནི་རིམ་པ་བཞིན་དུ་གླིང་བཞི་དང༌།གསུམ་དང༌།གཉིས་དང༌། གཅིག་ལ་དབང་བསྒྱུར་པར་བྱེད་དོ།   །དབང་བྱེད་ཚུལ་ནི།ཕས་ནས་བསུ་བ་དང༌།རང་ཉིད་འགྲོ་བ་དང༌། གཡུལ་བཤམས་པ་ཙམ་དང༌།   མཚོན་བརྩམས་པ་ཙམ་གྱིས་དབང་དུ་བྱེད་དོ།   །དེའི་རིན་པོ་ཆེ་སྣ་བདུན་ནི།   འཁོར་ལོ། གླང་པོ། རྟ།   བུད་མེད།   ནོར་བུ།ཁྱིམ་བདག བློན་པོ་རིན་པོ་ཆེ་དང་བདུན་ནོ།   །ཉེ་བའི་རིན་པོ་ཆེ་བདུན་ནི།   རལ་གྲི། པགས་པ།   ཁང་པ།   གོས། ནགས་ཚལ།   མལ་ཆ། ལྷམ་རིན་པོ་ཆེ་སྟེ་བདུན་ནོ། །འཇིག་བསྐལ་གྱི་རྒྱུ་ལ། མུ་གེ་དང༌། ནད་དང༌།   མཚོན་གྱི་བསྐལ་པ་བར་མ་གསུམ་དང༌།   མེ་ཆུ་རླུང་གསུམ་གྱིས་འཇིག་པ་རྣམས་སུ་ཡོད་དོ།།དེ་དག་ནི་སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་པར་བཞག་པའི་མིང་གི་རྣམ་གྲངས་སློབ་དཔོན་སྐུ་མཆེད་གྱི་གཞུང་ལས་བྱུང་བ་རྣམས་ཕན་ཚུན་བསྲེས་ཏེ་བྲིས་པ་ཡིན་ལ། མངོན་པ་གོང་གཉིས་བཞེད་པ་ཅུང་ཟད་ཅུང་ཟད་མི་འདྲ་བ་མང་དུ་ཡོད་ཀྱང་འདིར་ནི་མིང་ཙམ་བསྡུ་བར་འདོད་པས་གཉི་ཀ་ལས་འབྱུང་བའི་མིང་ཕྱོགས་གཅིག་ཏུ་བསྡུས་པ་ལ་སྐྱོན་དུ་མ་འཛིན་ཤིག ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་ནོ། །སྡུག་བསྔལ་གྱི་མཚན་ཉིད་ནི་སྡུག་བསྔལ་བརྒྱད་དུ་དབྱེ་བ་ལ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号