ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་མངོན་པའི
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
སྡུག་བསྔལ་གསུམ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་མོ། །རྣམ་པར་སྨིན་པ་དང་བཅས་པ་ནི། མི་དགེ་བ་དང་། དགེ་བ་ཟག་བཅས་རྣམས་སོ། རྣམ་པར་སྨིན་པའི་གཙོ་བོ་ནི། ཀུན་གཞི་རྣམ་ཤེས་མཚུངས་ལྡན་དང་བཅས་པའོ། །ཟས་ལ་བཞི་སྟེ། ཁམ་གྱི་ཟས། རེག་པའི་ཟས། སེམས་པའི་ཟས། རྣམ་པར་ཤེས་པའི་ཟས་སོ། །ཁམས་གྱི་ཟས་ལ་རགས་པ་དང་ཕྲ་བ་གཉིས། ཟས་བཞི་ནི་རིམ་པ་བཞིན་དུ་དབང་པོ་རྟེན་བཅས་ཀྱི་ལུས་གནས་པ་དང་། རྟེན་པ་སེམས་སེམས་བྱུང་རྒྱས་པ་དང་། ཡང་སྲིད་ཕྱི་མ་འཕེན་པ་དང་ལས་ཀྱིས་འཕངས་པའི་བག་ཆགས་གསོ་བའི་བྱེད་ལས་ཅན་ནོ། །ཡང་མ་དག་པའི་ལུས་གནས་པར་བྱེད་པ་དང་། དག་པ་དང་མ་དག་པའི་ལུས་གནས་པར་བྱེད་པ་དང་། དག་པའི་ལུས་གནས་པར་བྱེད་པ་དང་། གནས་པར་ཀུན་ཏུ་སྟོན་པར་བྱེད་པ་སྟེ་བྱེད་ལས་བཞིའོ། །གོང་མ་དང་བཅས་པ་དང་། གོང་ན་མེད་པ་གཉིས་ལ་དབྱེ་བ་གཞན་མེད་དོ། ། ངོ་བོ་ཉིད་གསུམ་ནི། ཀུན་བརྟགས་པའི་མཚན་ཉིད། རྣམ་པར་བརྟགས་པའི་མཚན་ཉིད། ཆོས་ཉིད་ཀྱི་མཚན་ཉིད་གསུམ་མོ། །ཡང་ན་ཀུན་བརྟགས། གཞན་དབང་ཡོངས་གྲུབ་གསུམ་མོ། །ཀུན་བརྟགས་ནི་ཆོས་གསུམ་ལས་བདག སེམས་ཅན། སྲོག སྐྱེ་བ་པོ། གསོ་བ་པོ། གང་ཟག ཤེད་ལས་སྐྱེས། ཤེད་བུ་ཞེས་བརྟགས་པའོ། །སྤྱིར་ཀུན་བརྟགས་ལ། རྣམ་གྲངས་པའི་ཀུན་བརྟགས་དང་། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་གཉིས། གཞན་དབང་ལ་དག་པའི་གཞན་དབང་དང་། མ་དག་པའི་གཞན་དབང་གཉིས། ཡོངས་གྲུབ་ལ་སྒྲས་བརྗོད་ཀྱིས་དབྱེ་ན། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་། འགྱུར་མེད་ཀྱི་ཡོངས་གྲུབ་གཉིས། ཕྱི་མ་ལ། གང་ཟག་དང་། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པ་གཉིས་རྣམས་སུ་ཡོད་དོ། །རབ་ཏུ་དབྱེ་བ་རྣམ་པ་བཞི་ནི། མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ། དེ་བཞིན་དུ་སྦྱར་ཏེ། རྣམ་པ། ལུས། རྒྱུན་གྱིས་རབ་དེ་དབྱེ་པའོ། །རབ་དབྱེ་དྲུག་ནི། ཕྱི་རོལ་དུ་བལྟས་པ། ནང་དུ་བལྟས་པ། རྒྱུན་རིང་བའི་དུས། དུས ་ཡོངས་སུ་ཆད་པ། དེའི་དུས། ཀུན་ཏུ་བསྟན་པས་རབ་ཏུ་དབྱེ་བའོ། ། འདི་ཡན་ཆད་ཀྱིས་རྣམ་པའི་རབ་དབྱེ་རྫོགས་པ་ཡིན་ལ། དེ་ཡང་རྫས་ཡོད་སོགས་བཞི། ཤེས་བྱ་སོགས་གསུམ། གཟུགས་ཅན་སོགས་དྲུག ཟག་བཅས་སོགས་བཅུ་གཉིས། བྱུང་སོགས་བརྒྱད། འདས་སོགས་བཅུ་དྲུག རྐྱེན་སོགས་བཅུ་གཅིག་སྟེ་སྡེ་ཚན་བདུན་དང་། ངོ་བོ་ཉིད་གསུམ། རབ་དབྱེ་བཞི་དང་དྲུག་སྟེ་བསྡུས་པའི་དབྱེ་བ་གསུམ་གྱི་སྒོ་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སོ་དྲུག་རྒྱས་པར་བཤད་པའོ། །
བསྡུས་པ་རྣམ་པ་བཅུ་གཅིག་ནི། མཚན་ཉིད་ཀྱིས་བསྡུས་པ། དེ་བཞིན་དུ་སྦྱར་ཏེ། ཁམས། རིགས། གནས་སྐབས། གྲོགས། ཕྱོགས། དུས། ཕྱོགས་གཅིག་གིས་བསྡུས་པ། མཐའ་དག་གིས་བསྡུས་པ། གཅིག་གིས་གཅིག་བསྡུས་པ། དོན་དམ་པས་བསྡུས་པའོ། །མཚུངས་ལྡན་དྲུག་ནི། ཐ་དད་མེད་པས་མཚུངས་པར་ལྡན་པ། འདྲེས་པ་མཚུངས་ལྡན། འཕྲད་པ་མཚུངས་ལྡན། ལྷན་ཅིག་འབྱུང་བ་མཚུངས་ལྡན། བྱ་བ་གྲུབ་པ་མཚུངས་ལྡན། མཐུན་པ་རྟོགས་པ་མཚུངས་ལྡན་ནོ། །མཐུན་པ་རྟོགས་པ་མཚུངས་ལྡན་ལ། མཚུངས་ལྡན་རྣམ་པ་ལྔ་མཚུངས་ནི། རྟེན། དམིགས་པ། རྣམ་པ། དུས། རྫས་མཚུངས་པའོ། ། དེའི་དབྱེ་བ་ལ། ངེས་པའི་མཚུངས་ལྡན། མ་ངེས་པའི་མཚུངས་ལྡན། གནས་སྐབས་ཀྱི་མཚུངས་ལྡན། རྒྱུན་གྱི་མཚུངས་ལྡན། རྒྱུན་ཆད་པའི་མཚུངས་ལྡན། ཕྱི་རོལ་དུ་བལྟས་པའི་མཚུངས་ལྡན། ནང་དུ་བལྟས་པའི་མཚུངས་ལྡན། འདྲིས་པའི་མཚུངས་ལྡན། མ་འདྲིས་པའི་མཚུངས་ལྡན་ཏེ་དགུའོ། །ལྡན་པ་གསུམ་ནི། ས་བོན་དང་ལྡན་པ། དབང་དང་ལྡན་པ། ཀུན་འབྱུང་བ་དང་ལྡན་པའོ། །མཚན་ཉིད་ཀུན་ལས་བཏུས་པ་རྫོགས་སོ། །
གཉིས་པ་རྣམ་པར་ངེས་པ་ཀུན་ལས་བཏུས་ལ་གསུམ་ལས། བདེན་པ་རྣམ་ངེས་ལ། བདེན་པ་བཞི་ལས། སྡུག་བསྔལ་གྱི་བདེན་པ་ལ། བཅུད་ཀྱི་འཇིག་རྟེན། སྣོད་ཀྱི་འཇིག་རྟེན་གཉིས། བཅུད་ལ། ཁམས་གསུམ་གྱིས་དབྱེ་ན། འདོད་ཁམས་པ། གཟུགས་ཁམས་པ། གཟུགས་མེད་ཁམས་པའོ། །འགྲོ་བ་ལྔ་ནི། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷའོ། །དམྱལ་བ་ལ། ཚ་དམྱལ། གྲང་དམྱལ། ཉེ་འཁོར། ཉི་ཚེ་བཞིའོ། །
ཚ་དམྱལ་བརྒྱད་ནི། ཡང་སོས། ཐིག་ནག བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཚ་བ། མནར་མེད་དོ། །གྲང་དམྱལ་བརྒྱད་ནི། ཆུ་བུར་ཅན། ཆུ་བུར་རྡོལ་བ། སོ་ཐམ་ཐམ་པ། ཀྱི་ཧུད་ཟེར་བ། ཨ་ཆུ་ཟེར་བ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པའོ། །ཉེ་འཁོར་བའི་དམྱལ་བ་ནི། མེ་མ་མུར་ཀྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིས་གཏམས་པའི་ལམ། རལ་གྲིའི་ལོ་མ་ཅན་གྱི་ནགས་ཚལ། ཤལ་མ་ལིའི་ཚལ། ཆུ་ཀླུང་རབས་མེད་རྣམས་སོ། །ཉི་ཚེ་བའི་དམྱལ་བ་ནི། གཏུན། ཕྱག་མ། ཀ་བ། རྩིག་པ། ཕྲུ་ཆེན་ལ་སོགས་པའི་དབྱིབས་དང་ལྡན་པ་ལ་སོགས་པ་མཐའ་ཡས་པ་ཡོད་དོ། །དུད་འགྲོ་ལ། བྱིངས་ན་གནས་པ་དང་༑ ཁ་འཐོར་བ་གཉིས་སོ། །
ཡི་དྭགས་ལ། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིར་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་ཏེ་གསུམ་མོ༑ ༑མི་ལ། གླིང་བཞིའོ། །འདོད་ལྷ་རིགས་དྲུག་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ། སུམ་ཅུ་རྩ་གསུམ་པ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དོ། །གཟུགས་ཁམས་གནས་རིགས་བཅུ་བདུན་ནི། ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན་ཏེ་གདུམ་ནི་བསམ་གཏན་དང་པོའོ། །འོད་ཆུང་། ཚད་མེད་འོད། འོད་གསལ་གསུམ་ནི་བསམ་གཏན་གཉིས་པའོ། །དགེ་ཆུང་། ཚད་མེད་འོད། དགེ་རྒྱས་གསུམ་ནི་བསམ་གཏན་གསུམ་པའོ། །སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་སྟེ་སོ་སོ་སྐྱེ་བོའི་གནས་གསུམ་དང་༑མི་ཆེ་བ། མི་གདུང་བ། ཤིན་ཏུ་མཐོང་བ། གྱ་ནོམ་སྣང་བ། འོག་མིན་ཏེ་འཕགས་པའི་གནས་ལྔ་སྟེ་བརྒྱད་ནི་བསམ་གཏན་བཞི་པའོ། །འདིའི་གོང་ན་དབང་ཕྱུག་ཆེན་པོའི་གནས་ཅེས་བྱ་བའི་གནས་རིགས་བཅོ་བརྒྱད་པ་ཞིག་ཡོད་པར་ཐེག་པ་ཆེན་པོའི་སྡེ་སྣོད་ལས་འབྱུང་ངོ་། །གཟུགས་མེད་རིགས་བཞི་ནི། ནམ་མཁའི་མཐའ་ཡས་སྐྱེ་མཆེད་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཅི་ཡང་མེད་པའི་སྐྱེ་མཆེད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །ལྷ་མ་ཡིན་ནི་ལྷ་དང་དུད་འགྲོ་ཡི་དྭགས་ཅི་རིགས་སུ་འདུའོ། །སྲིད་པ་བདུན་ནི། དམྱལ་བའི་སྲིད་པ། དུད་འགྲོའི་སྲིད་པ། ཡི་དྭགས་ཀྱི་སྲིད་པ། ལྷའི་སྲིད་པ། མིའི་སྲིད་པ། ལས་ཀྱི་སྲིད་པ། སྲིད་པ་བར་མའོ། །རྣམ་ཤེས་ཀྱི་གནས་པ་བདུན་ནི། ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་པ་དང་། ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ། དེ་ལས་ལྡོག་པ། གཉིས་ཀ་གཅིག་པ། གཟུགས་ཅན་མ་ཡིན་པའི་གནས་དང་པོ་གསུམ་སྟེ་བདུན་ནོ། ། དེའི་སྟེང་དུ་སྲིད་རྩེ་དང་འདུ་ཤེས་མེད་པའི་སེམས་ཅན་བསྣན་པ་ནི་སེམས་ཅན་གྱི་གནས་པ་དགུའོ། །སེམས་ཀྱི་གནས་པ་བཞི་ནི། ཕུང་པོ་དང་པོ་བཞི་ལ་སྤྱོད་པས་ཕྱེ་བའོ། །
སྐྱེ་གནས་བཞིས་དབྱེ་བ་ནི། སྒོང་སྐྱེས། མངལ་སྐྱེས། དྲོད་གཤེར་ལས་སྐྱེས་པ། རྫུས་སྐྱེས་ཏེ་བཞིའོ། །སྣོད་ལ། འོག་གི་གཞིར་གནས་པ་ནི་རླུང་གི་དཀྱིལ་འཁོར། ཆུའི་དཀྱིལ་འཁོར། སའི་དཀྱིལ་འཁོར། དེ་ལ་བརྟེན་པའི་གནས་ནི་རི་རབ་ལྷུན་པོ་གྲུབ་བཞི་པ་བང་རིམ་བཞི་པ། ཤར་ཤེལ༑ ལྷོ་བེེཌྰུརྱ། ནུབ་པདྨ་རཱག བྱང་གསེར་ལས་གྲུབ་པའོ། །དེའི་མཐའ་སྐོར་དུ་གསེར་གྱི་རི་བདུན་ཏེ། གཉའ་ཤིང་འཛིན། གཤོལ་མདའ་འཛིན། སེང་ལྡེང་ཅན། ལྟ་ན་སྡུག རྟ་རྣ། རྣམ་འདུད། མུ་ཁྱུད་འཛིན་ནོ། །འཁོར་ཡུག་ཏུ་ནི་ལྕགས་ཀྱི་རིའོ། །དེ་དག་གི་བར་དུ་རོལ་མཚོ་བདུན་དང་། ཕྱིའི་རྒྱ་མཚོ་ཆེན་པོའོ། །རོལ་མཚོ་རྣམས་ནི་ཡན་ལག་བརྒྱད་ལྡན་ཡིན་ལ། ཡན་ལག་བརྒྱད་ནི། བསིལ་བ། ཞིམ་པ། ཡང་བ། འཇམ་པ། དང་བ། དྲི་ང་བ་མེད་པ། འཐུང་ན་མགྲིན་པ་ལ་མི་གནོད་པ། ལྟོ་བ་ལ་མི་གནོད་པའོ། །ཀླུའི་གནས་བརྒྱད་ནི། དགའ་བོ། ཉེ་དགའ་བོ། རྟ་ཡི་གཞི། བཏང་བཟུང་། གཟི་ཅན། ཡུལ་འཁོར་བསྲུང་། ནག་པོ་ཆེན་པོ། ཨ་ལའི་འདབ་ཀྱི་གནས་སོ༑ ༑རྒྱ་མཚོ་ལ་གནས་པའི་གླིང་བཞི་ནི། ལུས་འཕགས་གླིང་། འཛམ་བུ་གླིང་། བ་ལང་སྤྱོད། སྒྲ་མི་སྙན་ཏེ་དབྱིབས་ནི་རིམ་པ་བཞིན་དུ། ཟླ་གམ་དང་། ཤིང་རྟ་ལྟ་བུ་དང་། ཟླུམ་པོ་དང་། གྲུ་བཞིའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号