ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །བུ་མོ་ལྷ་རི།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      སྔོན་ཆད་ཞིག་ལ། སྡེ་བ་ཞིག་ན་དབུལ་པོ་མ་སྨད་གཉིས་ཡོད། བུ་མོའི་གཟུགས་བྱད་མཛེས་པ་ལྷ་ལས་ལྷག་པས་མིང་ལའང་བུ་མོ་ལྷ་རི་ཟེར་ལ། བུ་མོ་ལྷ་རི་ནི་གཤིས་རྒྱུད་འཇམ་པ་དང་སྙིང་རྗེ་ཆེ་ལ་ཆོས་ལ་དགའ་བ་ཞིག་ཡིན། ས་ཆ་དེ་ན་ཁྱིམ་ཚང་ཕྱུག་པོ་རྒྱུ་སྟོབས་ཆེ་ཞིང་ཁ་བཙན་པ་ཞིག་ཡོད་པ་ལ་བུ་དོན་གྲུབ་ཟེར་བ་ཞིག་ཡོད། ཁྱིམ་ཚང་ཕྱུག་པོ་དེས་བུ་མོ་ལྷ་རི་རང་གི་བུ་དོན་གྲུབ་ལ་མནའ་མར་བློར་བབས་ཏེ། བུ་མོ་ལྷ་རི་མི་འཐད་ཀྱང་རྒྱུ་ཤེད་དང་དབང་ཤེད་གཉིས་ཀ་བཀོལ་ནས་་བུ་མོ་ཚང་ལ་ལུག་བརྒྱ་དང་ནོར་བརྒྱ་བྱིན་ཏེ་བུ་མོ་ལྷ་རི་བཙན་གྱིས་མནའ་མར་བླངས།
      ཕྱུག་པོ་ཚང་གིས་བུ་མོ་ལྷ་རིའི་མཛེས་པའི་སྐྱེས་གཟུགས་བློར་བབས་ཀྱང་ཁྱིམ་ཚང་དབུལ་པོའི་བུ་མོ་ཡིན་པར་མཐོང་ཆུང་བྱས་ནས་ཉིན་རེར་གཡོག་མོ་ཞིག་དང་འདྲ་བར་ལས་ཀ་བཅོལ་ཞིང་ནང་སྒོས་སུ་ཨ་ནེ་དང་སྙེ་མོ་གཉིས་ཀས་ཉིན་རེར་མནར་གཅོད་སྣ་དགུ་བཏང༌། དང་ཐོག་སྐྱེས་པ་དོན་གྲུབ་ཅུང་བྱམས་མོད། ཨ་ནེ་དང་སྙེ་མོ་གཉིས་ཀས་ཕྲ་མ་མང་པོ་བཅུག་པས་ཕྱིས་སུ་ཁོ་ཡང་བུ་མོ་ལྷ་རི་ལ་སྡང་བར་གྱུར་ནས་གཅར་རྡུང་བྱེད།
ཉིན་ཞིག་གི་ནངས་མོ། སྙེ་མོས་ཁོག་ལ་ངན་ཞིག་དྲན་ནས་སྲུ་མོ་ལྷ་རི་ལ། སྲུ་མོ་སྲུ་མོ། དེ་རིང་དེད་གཉིས་བུད་ཤིང་འཐུ་བར་འགྲོ་ཟེར། ནམ་རྒྱུན་ལས་ཀ་སྤུ་ཙམ་ཡང་མི་ལས་པར་དེ་རིང་བློ་བུར་དུ་བུད་ཤིང་འཐུ་བར་འགྲོ་ཟེར་བ་ཅི་དྲན་མི་ཞེས་མོད། བུ་མོ་ལྷ་རིས་མིན་ཟེར་མ་པོད་པར་སྙེ་མོ་དང་མཉམ་དུ་རི་མགོར་བུད་ཤིང་འཐུ་བར་སོང༌། ཁོ་མོ་གཉིས་རི་འགོར་ཐོན་རྗེས་སྙེ་མོ་ན་རེ། སྲུ་མོ་སྲུ་མོ། དེང་གཉིས་ཀྱིས་རེས་མོམ་སྐོས་བུད་ཤིང་འཐུ། སྔ་དྲོ་ང་གཉིད་ལོག་ཁྱོད་ཀྱིས་བུད་ཤིང་ཐུས། པྱི་དྲོ་ཁྱོད་གཉིང་ང་ཡིམ་བུད་ཤིང་འཐུ་ཟེར། བུ་མོ་ལྷ་རིས་ལ་ལུང ཀུར་ནས་བུད་ཤིང་བཏུས་ཤིང་ཉི་མ་དྲོས་ཇ་ཡོལ་ནས་བུང་ཤིང་ཁུར་པོ་ཆེ་པ་ཞིག་རྙེད། སྙེ་མོ་སད་རྗེས་བུ་མོ་ལྷ་རིས་བཏུས་པའི་བུད་ཤིང་ཁུར་པོ་ཁུར་ནས་བུ་མོ་ལྷ་རིར་ཁ་ཡ་ཡང་མི་བྱེད་པར་ཡུལ་དུ་ལོག་སོང༌།
      བུ་མོ་ལྷ་རིས་ཡང་ལ་ལུང་ཀུན་རྣས་བུང་ཤིང་ཁུར་པོ་ཞིག་བཏུས། དེ་དུས་ཉི་མ་ནུབ་ནས་སྨག་རིམ་འཐིབས་སོང༌། བུ་མོ་ལྷ་རིས་བུད་ཤིང་ཁུར་པོ་ཁུར་ནས་མྱུར་དུ་ཡུལ་ལ་ལོག་པའི་ལམ་ལ་ཆས། འཇིག་རྟེན་ཧྲིལ་པོ་སྟོང་འཇགས་སེ་བསེར་བུ་རླུང་གི་འུར་སྐྲ་ངང་ཐག་རིང་གཙང་ཆུའི་བཞུར་སྒྲ། དེ་མིན་ཁྱིའི་ཟུག་སྒྲ་འགའ་རེ་མ་གཏོགས་ཅི་ཡང་ཐོས་རྒྱུ་མེད་པར་གནམ་ས་གཉིས་ཀ་ལྷག་པར་ཡངས་ཤིང་སྟོང་བའི་སྣང་བ་ཞིག་སྟེར།
བུ་མོ་ལྷ་རི་རང་ཁྱིམ་གྱི་སྒོ་ཁར་སླེབ་དུས། རང་ཁྱིམ་གྱི་རྒྱ་སྒོ་ཉིས་སྒོ་མ་ཆེན་མོ་དེ་དམ་པོར་བརྒྱབ་འདུག ཁོ་མོས་ཨ་ནེ་ལོ་ལོ་སྒོ་ཞིག་ཕྱེས་ཟེར་བ་ན། ནང་དུ་གྲགས་འགུལ་ཅི་ཡང་མེད། མ་གཞིར། སྙེ་མོས་བུ་མོ་ལྷ་རིས་བཏུས་པའི་བུད་ཤིང་ཁུར་ནས་ཡུལ་དུ་བསླེབས་རྗེས། རང་གི་ཕ་མ་དང་ཕུ་བོ་དང་བཅས་པར་སྲུ་མོས་བུད་ཤིང་མི་འཐུ་བར་རི་མགོ་ནས་གཉིད་འདུག་ཅེས་མི་སྙན་པའི་སྐད་ཆ་མང་པོས་ཕྲ་མ་བཅུག་པས་ཁོ་མོ་ཁྱིམ་དུ་འོང་མ་བཅུག་པ་རེད། བུ་མོ་ལྷ་རིས་ཡུན་རིང་ལ་སྐོ་བརྡུངས་ཀྱང་མ་ཕྱེ་པས་ཡིད་ཤིན་ཏུ་སྐྱོ་བར་གྱུར། ཁོ་མོས་སླར་ཡང་སེམས་སྡུག་པའི་ངང༌། གནམ་གྱི་སྐར་མ་ཁྲ་ཆིལ་ཆིལ། །ས་ན་མེ་ཏོག་ཞོ་ལོ་ལོ། །ཨ་ནེ་ལོ་ལོ་སྒོ་ཞིག་ཕྱེས། །སྔ་དྲོ་བུད་ཤིང་སྙེ་མོར་བཏུས། །ཕྱི་དྲོ་བུད་ཤིང་ལྷ་རིར་བཏུས། །ཡོང་འཕྱི་བའི་རྒྱུ་མཚན་དེ་ལྟར་ཡིན། །ཨ་ནེ་ལོ་ལོ་སྒོ་ཞིག་ཕྱེས། །ཞེས་ཞུ་བ་བྱས་ཀྱང་ཁོ་མོར་སྒོ་མ་ཕྱེ། དགུང་སྔོན་དབྱིངས་སུ་སྐར་མའི་ཚོགས་ཀྱིས་སྐྱོ་སྡུག་གི་འོད་ལམ་ལམ་འཕྲོ་བཞིན་ཁུ་སིམ་མེར་བུ་མོ་ལྷ་རི་ལ་ལྟ་བཞིན་མཆིས་ལ། ས་ཁའི་རྩི་ཤིང་དང་མེ་ཏོག་ཡོད་དོ་ཅོག་བསེར་བུ་རླུང་གི་བརྙས་བཅོས་མ་བཟོད་པར་འུ་ཐུག་པའི་མགོ་བོ་ལྡེམ་ལྡེམ་དུ་གཡོ་བཞིན་གདའ། ཐག་རིང་ནས་ཁྱི་རྒན་ཞིག་གིས་སེམས་སྡུག་པའི་ཟུག་སྐད་ཅིག་བསྒྲགས་འོངས།
      བུ་མོ་ལྷ་རིས་སླར་ཡང་ཡི་མུག་པའི་སྐྱོ་གདུང་དང་བཅས་མ་ཎིའི་དབྱངས་ལ་བཀུག་ནས་རང་གི་སྐྱེས་པ་དོན་གྲུབ་ལ། མ་ཎི་པད་མེ་ཧྰུཾ། །དོན་གྲུབ་ལོ་ལོ་སྒོ་ཞིག་ཕྱེས། །མ་ཎི་པད་མེ་ཧྰུཾ། །གནམ་གྱི་སྐར་མ་ཁྲ་ཆིལ་ཆིལ། མ་ཎི་པད་མེ་ཧྰུཾ། །ས་ཡི་མེ་ཏོག་ཞོ་ལོ་ལོ། །མ་ཎི་པད་མེ་ཧྰུཾ། །སྔ་དྲོ་བུད་ཤིང་སྙེ་མོར་བཏུས། །མ་ཎི་པད་མེ་ཧྰུཾ། །ཕྱི་དྲོ་བུད་ཤིང་ལྷ་རིར་བཏུས། །མ་ཎི་པད་མེ་ཧྰུཾ། །ས་རུབ་པའི་རྒྱུ་མཚན་དེ་ལྟར་ཡིན། མ་ཎི་པད་མེ་ཧྰུཾ། །དགུན་གསུམ་གྲང་ངར་གྲི་ལས་རྣོ། །མ་ཎི་པད་མེ་ཧྰུཾ། །ལྷ་རིའི་རྐང་ལག་ཕྱིད་ནས་ཐལ། །མ་ཎི་པད་མེ་ཧྰུཾ། །དོན་གྲུབ་ལོ་ལོ་སྒོ་ཞིག་ཕྱེས། །མ་ཎི་པད་མེ་ཧྰུཾ། །ཞེས་ཞུ་བ་ཇི་ལྟར་བྱས་ཀྱང་སྒོ་མ་བྱས།
      རྒྱང་རིང་གནམ་གྱི་མཐའ་ནས་དཀར་གསལ་ལེར་སྐྱ་མདའ་ཤར་འོངས། བུ་མོ་ལྷ་རི་ཡི་ཆད་སེམས་ཕམ་ནས་མ་བུ་མོ་ཞིག་གི་སྐྱེས་པ་བླངས་ཚེ། ཅི་འདྲའི་སྐྱོ་བ་ལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཟེར་བ་ཅིའི་མ་བདེན། ཁྱིམ་བཟའ་ཚང་འདི་ལའང་སྙིང་པོ་ཞིག་མེད། ང་ལ་ད་ལྟ་འགྲོ་སའི་ཁུང་ཞིག་ཀྱང་མེད་པར་གདའ། ད་ནི་བུ་མོ་ང་ཡིས་ཆོས་ཤིག་བྱེད་པ་ལས་འོས་མེད་ཕྱིར། བུ་མོ་ང་ཡིས་ཆོས་ཤིག་བྱེད་ཅིང་། ཆོས་ཤིག་བྱེད་པ་དབུས་ལ་འགྲོ་སྙམ་ནས། ཡིད་གཏིང་ནས་སྐྱོ་བཞིན་ཡང་མ་ཎི་པད་མེ་ཧྰུཾ། འཁོར་བ་ཁབ་ཀྱི་རྩེ་མོ་ན། ། བདེ་བ་སྐད་ཅིག་ཡོད་མ་ཡིན། །འཁོར་བའི་ཁྱིམ་ལ་སྙིང་བོ་མེད། །བཟའ་ཟླའི་ཁོ་ཐག་གཏིང་ནས་ཆོད། །བུ་མོ་ང་ཡིས་ཆོས་ཤིག་བྱེད། །ཆོས་ཤིག་བྱེད་པར་དབུས་ལ་འགྲོ། །མཛོ་མོ་དཀར་མོ་རྭ་ཡས་མ། །བུ་མོར་བསྡོངས་ནས་དབུས་ལ་འགྲོ། །དབུས་ལ་འགྲོ་དང་ཆོས་ཤིག་བྱེད། །མ་ཎི་པད་མེ་ཧྰུཾ། །ཞེས་བླངས་པས། བུ་མོ་ལྷ་རི་གནས་ལ་ཡོང་དུས་ཁྱེར་འོངས་པའི་རྫོངས་སྐལ་མཛོ་མོ་དཀར་མོ་རྭ་ཡས་མ་བུ་མོ་ལྷ་རི་ལ་ཤིན་ཏུ་དུངས་པ་ཞིག་ཡོད་པ་དེས་རྭ་གཡུག་ཅིག་བྱས་ནས་བུ་མོ་ལྷ་རིའི་གནས་ཡུལ་ཚང་གི་བརྗིད་ཅིང་ཆེ་བའི་རྒྱ་སྒོ་ཁྲོག་སེ་རྫོགས་ཏེ། མུན་པའི་ཡོལ་བ་འབྱེད་པའི་སྐྱ་རེངས་ཀྱི་འོད་སྣང་འཛིན་མར་འཁྱུད་པ་དང་མཉམ་དུ་བུ་མོ་ལྷ་རི་ཁུར་ནས་དབུས་ཕྱོགས་སུ་ཕྱིན་སོང༌།
      བུ་མོ་ལྷ་རིའི་ཨ་མས་བུ་མོ་དབུས་ཕྱོགས་སུ་སོང་བ་ཤེས་ནས་རྗེས་བསྙེགས་ནས་ངུ་ཞོར་དུ་བུ་མོ་ལྷ་རི་གཅེས་ཕྲུག་མ། །ཨ་མ་ང་ཡི་ཚིག་ལ་ཉོན། ། དབུས་ལ་མ་འགྲོ་ཕྱིར་ལ་ཤོག །ཕྱིར་ལ་འོངས་ནས་གནས་ལ་སོང༌། །ཞེས་ཞུ་བ་བྱས། བུ་མོ་ལྷ་རིས་ཨ་མའི་ངུ་འབོད་ཐོས་ནས། ཨ་མ་ལོ་ལོ་དྲིན་ཆེན་མ། །ནུ་ཞོས་བསྐྱངས་པའི་དྲིན་ཆེན་མ། འཁོར་བ་སྡུག་གི་རྒྱ་མཚོ་རེད། གནས་ཡུལ་བདུད་ཀྱི་བཙོན་ར་རེད། །བུ་མོ་མི་འདུག་དབུས་ལ་འགྲོ། ། ཨ་མ་ཕྱིར་ལ་ལོག་པར་གྱིས། །ཞེས་ལན་བཏབ། དེ་ནས་ཨ་མས་ཡང༌། བུ་མོ་ལྷ་རི་གཅེས་ཕྲུག་མ། །དབུས་ལ་མ་འགྲོ་ཕྱིར་ལ་འཁོར། །ཨ་མས་རྗེས་ཕྱོགས་སུ་ལ་བརྟེན། ། ལུག་བརྒྱའི་རིན་ལ་ཅི་སྟེར་རམ། །མཛོ་བརྒྱའི་རིན་ལ་ཅི་ལྡོག་གམ། །ཞེས་ངུ་འབོད་བྱས་པ་ན། བུ་མོ་ལྷ་རི་ཡང་ཤིན་ཏུ་སྐྱོ་ནས། ཨ་མ་ལོ་ལོ་དྲིན་ཆེན་མ། །བུ་མོའི་སྙིང་ནས་མི་ཕོད་མ། །བུ་མོ་སྔོན་ལ་དབུས་སུ་བགྲོད། །དབུས་སུ་སོང་ནས་ཆོས་ཤིག་བྱེད། །རྗེས་སུ་མ་ལ་འཕྲད་པར་འོང༌། །སྟོད་ཀྱི་སྒམ་ཆུང་གྲུ་བཞིའི་ནང༌། །གསེར་གྱི་རྣ་ལུང་ཆ་འགྲིག་ཡོད། །ལུག་བརྒྱའི་རིན་ལ་དེ་བྱིན་ལགས། ། སྨད་ཀྱི་སྒམ་ཕྲུག་གྲུ་བཞིའི་ནང༌། །གསེར་ཀྱི་གདུ་བུ་ཆ་འགྲིག་ཡོད། །མཛོ་བརྒྱའི་རིན་ལ་དེ་བྱིན་ལགས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བུ་མོ་མི་འདུག་དབུས་ལ་བཞུད། །ཨ་མའི་སྐུ་ལུས་བདེ་བར་སྨོན། །ཞེས་ངུ་མ་དབྱངས་ཀྱིས་དེ་ལྟར་སྨོས་ནས། མཛོ་མོ་དཀར་མོ་རྭ་ཡས་མར་ཞོན་ཏེ་རྒྱང་རིང་རྒྱང་རིང་དུ་སོང་བ་དང་མཐར་སྤྲིན་དཀར་པོ་ཞིག་གིས་བཏུམས་ནས་བར་སྣང་དུ་ཡལ་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། གནའ་བསྐལ་བ་བསྐལ་བའི་རིང་ལ།བུ་མོ་ཞིག་གི་སྐྱེ་བ་བླངས་ཚེ། བྱིས་པ་བསམ་མེད་ཀྱི་ན་ཚོད་འདས་མ་འདས་པར་གནས་ཆ་མེད་འགྲིམས་ནས་མི་ཆ་མེད་དང་འགྲོགས་དགོས་ཤིང༌། རང་གི་ཚེ་གང་གི་སྐྱིད་སྡུག་དེ་གཞན་དབང་དུ་གྱུར་བའི་ལས་དབང་ལ་བཅོལ་དགོས། ཡིན་ཡང༌། དེང་གི་དུས་འདིར་སྤྱི་ཚོགས་དང་རིག་གནས་སོགས་འཕེལ་རྒྱས་བྱུང་བས། བུ་མོ་རྣམས་ཀྱི་ལས་དབང་ལའང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་རང་དབང་རང་མོས་ངང་རང་གི་འཚོ་བར་རང་གིས་ཁ་ལོ་བསྒྱུར་ཆོག་པས། བུ་མོ་ལྷ་རི་དང་འདྲ་བར་གཞན་གྱི་མནར་གཅོད་མྱོང་མི་དགོས་པར།སློབ་གྲྭ་ནས་ཤེས་བྱའི་ཀློང་ལ་གང་དགར་འགྲིམས་ཆོག་པ་འདི་ནི་ཅི་འདྲའི་སྐྱིད་པ་ལ། དེ་རིང་ལ་གཅེས་སྤྲས་དང་ལས་སྐལ་བཟང་པོར་གཅེས་སྤྲས་བྱེད་རྒྱུ་མ་བརྗེད་ཨང༌།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号