ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ལུ་གུ་འབའ་འབའ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      སྔོན་ཆད་ཅིག་ལ། རྩྭ་ཆུ་འཛོམས་པའི་སྤང་ཐང་གྲུ་བཞི་ཞིག་ན།ལུ་གུ་འབའ་འབའ་མ་སྨད་གཉིས་འཚོ་བཞེས་བྱེད་ཀྱིན་ཡོད།
      ཉིན་ཞིག་ལ་ལུ་གུ་འབའ་འབའ་ཡི་ཨ་མ་རྐྱེན་ངན་ཞིག་དང་ཕྲད་ནས་ཚེ་ལས་འདས་སོང༌། ལུ་གུ་འབའ་འབའ་ཡི་སེམས་ཤིན་ཏུ་སྡུག་ཅིང༌། ང་ཡིས་ཨ་མའི་རུས་པ་སྟོད་ཉི་མ་ལྷ་སར་འཁུར་དགོས་སྙམ་ནས་ཨ་མའི་རུས་པ་ཁུར་ནས་དབུས་ལ་བཞུད།
      ཉིན་ནས་ཉིན་ལ་སོང་རྗེས། ཉིན་ཞིག་ལ་ལུ་གུ་འབའ་འབའ་སྤྱང་ཁུ་ཞིག་དང་ཕྲད། སྤྱང་ཁུས་རྫིག་རྔམ་སྟོན་བཞིན་ལུ་གུ་ལུ་གུ། ང་ཡིས་ཁྱོད་རང་འཆའ་རྒྱུ་ཟེར། ལུ་གུ་འབའ་འབའ་ངུ་བཞིན་ན་རེ། ཨ་ཁུ་སྤྱང་ཁུ་ལགས། ཁྱོད་ཀྱིས་ང་རང་ཟོས་ན་ཆོག་མོད། དེ་རིང་ཟ་མི་རུང༌། ང་ཡིས་ཨ་མའི་རུས་པ་དབུས་ལ་བསྐྱལ་དགོས། ཡང་བཤད་ན་ང་ད་ལོ་ལུ་གུ་ཡིན་པས་ཟ་རིན་མེད། ལོ་གསུམ་རྗེས་སུ་ང་དབུས་ནས་ཕྱིར་འོངས་དུས་ལུག་ཐོང་ཡིན་པས་དེ་དུས་ཁྱོད་ཀྱིས་རྒྱགས་ཆད་པ་ཞིག་ཟོས་ཆོག་ཟེར། སྤྱང་ཁུས་ལུ་གུས་བཤད་པ་དེར་ཡང་གནས་ལུགས་མེད་པ་ཞིག་མ་རེད་སྙམ་ནས་ལུ་གུ་འབའ་འབའ་བཏང༌། དེ་ནས་ལུ་གུ་འབའ་འབའ་མུ་མཐུད་དུ་དབུས་ལམ་བརྒྱུད་ནས་སོང༌།
      ཉིན་ཞིག་ལ་ཡང་དྲེད་མོང་ཞིག་དང་ཕྲད། དྲེད་མོང་གིས་རྫིག་རྔམ་སྟོན་བཞིན་ན་རེ། ལུ་གུ་ལུ་གུ། ང་ཡིས་ཁྱོད་རང་ཟ་རྒྱུ་ཡིན་ཞེས་སྨོས། ལུ་གུ་འབའ་འབའ་ངུ་ཞོར་དུ་ན་རེ། ཨ་ཁུ་དྲེད་མོང་ལགས། ཁྱོད་ཀྱིས་ང་རང་ཟོས་ཆོག་མོད། ཡིན་ཡང༌། དེ་རིང་ཟ་མི་ཉན། ང་ཡིས་ཨ་མའི་རུས་པ་དབུས་ལ་བསྐྱལ་དགོས། ཡང་གཅིག་བཤད་ན་ད་ལོ་ང་རང་ལུ་གུ་ཡིན་པས་ཟ་རིན་མེད། ལོ་གསུམ་རྗེས་སུ་ང་དབུས་ནས་ཕྱིར་འོངས་དུས་ལུག་ཐོང་ཡིན་པས་དེ་དུས་ཁྱོད་ཀྱིས་ཨ་ཁུ་སྤྱང་ཁུ་དང་མཉམ་དུ་ཟོས་ཆོག་ཟེར། དྲེད་མོང་གིས་ཀྱང་ལུ་གུས་བཤད་པར་གནས་ལུགས་ཡོད་སྙམ་ནས་ལུ་གུ་འབའ་འབའ་བཏང༌། ལུ་གུ་འབའ་འབའ་ཡིས་རང་གི་ཨ་མའི་རུས་པ་དབུས་ལ་བསྐྱལ་རྗེས། ཕྱིར་ཡུལ་དུ་ལོག་པའི་ལམ་ལ་ཆས། ལམ་བར་དུ་ཕྱིར་སོང་ན་སྤྱང་ཁུ་དང་དྲེད་མོང་གི་ཁ་ལས་མི་ཐར་སྙམ་ནས་ངུ་བཞིན་འོངས།
      ལམ་སྐེད་དུ་རི་བོང་ཞིག་དང་ཕྲད། རི་བོང་ན་རེ། ལུ་གུ་འབའ་འབའ། ཁྱོད་རང་ངུ་དོན་ཅི་ཞེས་དྲིས། ལུ་གུ་འབའ་འབའ་ཡིས་རང་གི་རྒྱུ་མཚན་མ་ལུས་པར་རི་བོང་ལ་བརྗོད། རི་བོང་གིས་ཐོས་རྗེས་ལུ་གུ་འབའ་འབའ་ལ་ཤིན་ཏུ་སྙིང་རྗེ་ནས་ན་རེ། ཁྱོད་རང་སྐྲག་མི་དགོས། ང་ཁྱོད་དང་མཉམ་དུ་འགྲོ། སྤྱང་ཁུ་དང་དྲེད་མོང་ལ་ང་བཀོད་པ་ཡོད་ཟེར། དེ་ནས་རི་བོང་གིས་རྩྭ་ཡིས་ལྭ་བ་ཞིག་དང་རྩྭ་ཡི་བོའུ་རིང་ཞིག རྩྭ་ཡིས་གྲི་རིང་ཞིག་སླས་ནས་ཁྱེར་ཏེ་ལུ་གུ་འབའ་འབའ་དང་འགྲོགས་ནས་སོང༌། དྲེད་མོང་དང་སྤྱང་ཁུས་ལམ་ཁ་ན་ལུ་གུ་འབའ་འབའ་ཕྱིར་འོང་བར་བསྒུགས་འདུག་ལ། དེ་གཉིས་ཀྱིས་ཕན་ཚུན་ལུ་གུ་ཟ་བར་སྔ་གཞུག་ཤོར་བར་དོགས་ནས། གཉིས་ཀ་སྐེ་ཐག་གཅིག་གིས་བཅིངས་ནས་བསྡད་ཡོད། རི་བོང་གིས་ཐག་རིང་ནས་མཐོང་སྟེ། མྱུར་དུ་རྩྭ་ཡི་ལྭ་དེ་རྒྱབ་ལ་གོན། རྩྭ་ཡི་གྲི་དེ་སྐེད་ནས་འཕྲེད་ལ་དཔྱངས། རྩྭ་ཡི་བོའུ་དེ་ཕྲག་ལ་ཁུར་ནས་སྐད་ཆེན་པོས་ན་རེ། ཀི། ཨ་རོ། སྤྱང་ཁུ། ཁྱོད་ཀྱིས་ན་ནིང་ང་ལ་གཡག་རྒན་རྒྱ་ཐོ་ཞིག་ཁྲིད་འོང་ཟེར་བ་འདི་ཡིན་ནམ་ཞེས་དྲིས། དྲེད་མོང་གིས་རི་བོང་དེ་རྔོན་པ་ཞིག་རེད་སྙམ་ནས་སྲོག་བསྡོས་ནས་བྲོས། དྲེད་མོང་ལ་ཤེད་ཆེ་བས་སྤྱང་ཁུ་དྲུད་ནས་བྲོས། སྐེ་ཐག་གིས་སྤྱང་ཁུའི་སྐེ་སྤུ་ཕྱིས་ནས་སྐེ་ཤ་དམར་སེང་དེ་ཕྱིར་མངོན། རི་བོང་ན་རེ། ཨ་རོ་སྤྱང་ཁུ། ཕྲག་ཤ་ཕུད་དེ་བདས་དང་རྗེས་ཆོད་ལད་ཡོད་ཟེར། དྲེད་མོང་ལྷག་པར་སྐྲག་ནས་དབུགས་ལྷེབ་ལྷེབ་ཏུ་བྲོས། སྤྱང་ཁུའི་སྐེ་བསྒགས་ནས་དབུགས་ལེན་མ་ཐུབ་པར་ཁའི་ནང་གི་སོ་དམ་པོར་བཅངས། རི་བོང་ན་རེ། འོ་ཡ། སྤྱང་ཁུ། མ་མགལ་ལ་སོ་ཐོབས་ལ་བདས་དང་རྗེས་ཆོད་ལད་ཡོད་ཟེར། དྲེད་མོང་ད་དུང་སྲོག་བསྡོས་ནས་བྲོས་པས། སྤྱང་ཁུས་དབུགས་ལེན་མ་ཐུབ་པར་ཤི་བ་དང༌། དྲེད་མོང་ཡང་སྤྱང་ཁུ་དྲུད་ནས་བྲོས་བྲོས་མཐར། གློ་གས་ཏེ་ཁ་ནས་ཁྲག་བཞུར་ནས་ཤི་སོང༌། དེ་ནས་བཟུང་རི་བོང་རང་ལུ་གུ་འབའ་འབའ་གཉིས་སྐྱིད་པོ་བདེ་མོའི་ངང་འཚོ་བ་རོལ་ཐུབ་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། གནའ་སྒྲུང་མང་པོའི་ཁྲོད་དུ་རི་བོང་ནི་བློ་གྲོས་དང་སྙིང་རྗེ་ལྡན་ཞིང་གཞན་ལ་རོགས་བྱེད་པར་དགའ་བའི་དཔའ་རྒོད་ཅིག་རེད། དེ་བས་བློ་ལྡན་རི་བོང་སྐོར་གྱི་གནའ་སྒྲུང་ལ་ང་ཚོ་དུས་ནམ་ཡང་སུན་སྣང་སྐྱེས་མ་མྱོང་བར་ཉན་རྒྱུར་ཧ་ཅང་དགའ། ཁྱོད་ཚོ་ཉན་རྒྱུར་ཨེ་དགའ། གནའ་སྒྲུང་ཁྲོད་ཀྱི་རི་བོང་གི་བློ་གྲོས་དང་བྱམས་སྙིང་རྗེ། གཞན་ལ་རོགས་བྱེད་པར་དགའ་བ་བཅས་ཀྱི་གཤིས་རྒྱུད་བཟང་པོ། ལུ་གུ་འབའ་འབའ་ཡིས་རང་གི་ཨ་མའི་དྲིན་ལན་གསབ་ཕྱིར། སྲོག་ལ་བབས་ཀྱང་མི་སྐྲག་པའི་སྙིང་སྟོབས་བཅས་ཀྱིས་ང་ཚོར་བག་ཆགས་ཟབ་མོ་བཞག་པ་མ་ཡིན་ནམ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号