ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ཁྱད་མཚར་བའི་མཁར་རྫོང་།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      རྒྱ་གར་འཕགས་ཡུལ་རྡོ་རྗེ་གདན་དང་ཐག་མི་རིང་ས་ན། རྔམ་བརྗིད་ལྡན་པའི་གནའ་བོའི་མཁར་རྫོང་ཞིག་ཀྲོང་ངེར་འགྱིང་འདུག མཁར་རྫོང་ནང་དུ་བུ་དང་བུ་མོ་མེད་པའི་ལོ་ལོན་མང་པོ་བསྡད་ཡོད། མི་རྣམས་ཀྱིས་དེ་ལ་ཀུན་བྱམས་གླིང་ཞེས་འབོད། ཨ་ཕྱི་རྒན་མོ་ཞིག་གིས་རང་ཁྱིམ་གྱི་སྒེའུ་ཁུང་ཕྱེ་ནས་ཕྱི་རུ་བལྟས་པ་ན། བྱིས་པ་མང་པོ་མཁར་རྫོང་སྟེང་དུ་རྩེད་མོ་རྩེ་བཞིན་པ་མཐོང༌། གློ་བུར་དུ་ཁོ་མོས་མཁར་རྫོང་སྐོར་གྱི་གཏམ་རྒྱུད་ཅིག་ཡིད་ལ་དྲན་བྱུང༌།
      གནའ་སྔ་མོ་ཞིག་ལ། མི་རྣམས་ཀྱིས་གནས་འདི་ནས་བརྗིད་ཅིང་མཛེས་པའི་མཁར་རྫོང་ཞིག་བཞེངས། ཡིན་ནའང༌། ཅང་མ་འགོར་བར་མཁར་རྫོང་ལོག་སོང༌། ཁོ་ཚོས་སླར་ཡང་བཞེངས་མགོ་བརྩམས་ནས་བཟོ་བཀོད་ཡོངས་རྫོགས་ཞིབ་ཅིང་ཚགས་པར་བསྒྲུབས།འོན་ཀྱང༌། ཉིན་གསུམ་རྗེས་སུ་ཡང་ལོག་སོང༌། མི་རྣམས་ཀྱིས་ཐེངས་གསུམ་པར་མཁར་རྫོང་སྐྱར་བཞེངས་བྱས། ཡིན་ནའང༌། ཕྱི་ཉིན་ཉི་རྩེ་མ་བརྒྱབ་གོང་ཡང་ལོག་སོང༌། ཚང་མ་ཅི་བྱ་བཏོལ་མེད་དུ་གྱུར་ནས་མཁར་རྫོང་ཡང་ཡང་ལོག་པའི་རྒྱུ་རྐྱེན་ལ་བརྟགས། སྐབས་དེར། གཅིག་ན་རེ། ངས་བལྟས་ན། ང་ཚོས་མཁར་རྫོང་བཞེངས་དུས་བསམ་པ་གཅིག་ཐོག་ཏུ་མ་བབས་པར་ལ་ལས་མཁར་རྫོང་འདི་བཞེངས་རྗེས་འདི་ནས་ཚོང་རྒྱག་བསམས་པ་དང༌། ལ་ལས་འདི་ནས་རང་ཉིད་ཀྱི་འཚོ་བ་བག་མེད་དུ་གཏོང་འདོད་ནས་རང་ཁོ་ན་བསམས་པས། མཁར་རྫོང་མི་བརྟན་པར་ལོག་པ་རེད་ཟེར། ཀུན་གྱིས་མི་དེས་བཤད་པར་གནས་ལུགས་ཡོད་སྙམ། འོ་ན། ཇི་ལྟར་མི་ཡོད་དོ་ཅོག་གི་བསམ་པ་གཅིག་ཐོག་ཏུ་འབབ་པར་བྱའམ། དུས་དེར། ཨ་ཕྱི་རྒན་མོ་ཞིག་གིས་མཁར་རྫོང་ལོག་ཤུལ་ན་བུ་མོ་ཆུང་ཆུང་ཞིག་རྩེད་མོ་རྩེ་བཞིན་པ་མཐོང་ནས། ཡིད་ལ་བློ་ཞིག་དྲན་བྱུང༌།
ཨ་ཕྱི་རྒན་མོས་མཁར་རྫོང་བཞེངས་ས་ནས་ཅོག་ཙེ་ཞིག་བཞག་ཅིང༌། ཅོག་ཙེ་སྟེང་ཀ་ར་དང་རྩེད་ཆས་མང་པོ་བཞག་སྟེ་བུ་མོ་ཆུང་བ་ཅོག་ཙེ་གམ་ནས་རྩེ་རུ་བཅུག བུ་མོ་ཆུང་ཆུང་དེ་ཉིན་རེ་རེར་མཁར་རྫོང་བཞེངས་སའི་ཅོག་ཙེ་གམ་ནས་རྩེས། མི་རྣམས་ཀྱིས་ཡང་བསྐྱར་མཁར་རྫོང་བཞེངས་མགོ་བརྩམས། རྡོ་བཟོ་བཅུ་གཉིས་ཀྱིས་བུ་མོ་ཆུང་ཆུང་མདུན་ནས་སྙན་པའི་གླུ་གཞས་ལེན་བཞིན་ཐོག་མར་མཁར་རྫོང་གི་རྨང་བཏིངས། དེ་ནས་མཁར་སྒོ་ལས་ཏེ་རིམ་བཞིན་མཁར་རྫོང་ཧྲིལ་བོ་ལེགས་པོར་བཞེངས། མཁར་རྫོང་དེ་སྲ་ཞིང་བརྟན་པར་དུས་ད་ལྟ་ད་དུང་གནས་དེ་རུ་ཀྲོང་དེར་འགྱིང་འདུག
      དེའི་རྒྱུ་མཚན་ཅི་ཡིན་ནམ། ཀུན་བྱམས་གླིང་གི་ཨ་ཕྱི་རྒན་མོ་ན་རེ། བྱིས་པའི་སེམས་རྒྱུད་ནི་ནག་ནོག་གི་དྲི་མས་མ་གོས་པར་སླད་མེད་དག་གཙང་ཞིག་རེད། མི་རྣམས་ཀྱིས་གཅེས་སུ་རུང་བའི་བྱིས་པ་མཐོང་འཕྲལ། སེམས་ལ་ཡར་མར་མི་དྲན་ཞིང་བདག་འཛིན་གྱི་བསམ་པ་རང་ཤུགས་སུ་དོར་ནས། བློ་གཅིག་སེམས་གཅིག་གིས་བྱིས་པ་དག་ལ་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཆེད་མཁར་རྫོང་ཞིག་བཞེངས་རྒྱུ་ཁོ་ན་བསམས་པས། མཁར་རྫོང་དེ་སྲ་ཞིང་བརྟན་པ་རེད་ཟེར། ཉི་འོད་མཁར་རྫོང་སྟེང་འཕྲོས་ནས། མཁར་རྫོང་ཧྲིལ་པོ་སེར་ལམ་ལམ། དྲོད་འཇམ་འཇམ་དུ་སྣང༌། རྐང་ན་རྐང་འབོབ་མེད་པ་དང༌། མགོ་ན་ཞྭ་མོ་མེད་པའི་བྱིས་པ་མང་པོའང་ནམ་མཁའི་མཐོངས་སུ་རང་མོས་ངང་གཤོག་རྩལ་ངོམ་བཞིན་པའི་བྱིའུ་དང་འདྲ་བར་མཁར་རྫོང་སྟེང་དུ་རྩེད་མོར་རོལ་ནས་དགའ་སྤྲོའི་དགོད་སྒྲ་བར་སྣང་དུ་ཁྱབ་འདུག
      གྲོགས་པོ་ཆུང་ཆུང་ཚོ། མི་ཞིག་གི་མི་ཚེའི་བཞུད་ལམ་རིང་མོའི་ཁྲོད། བྱ་གཞག་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ཞིག་ཡིན་མི་སྲིད། དོན་སྙིང་དང་རིན་ཐང་ལྡན་པའི་བྱ་གཞག་ནི་ཚེ་གང་བོར་གཅིག་གྲུབ་ཀྱང་མི་ཚེ་ལ་དོན་སྙིང་ལྡན་པ་དང་ཕུན་སུམ་ཚོགས་པ་རེད་ཅེས་བརྗོད་ཆོག

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号