ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །དཔའ་བོ་གང་ཡིན།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གསེར་གཞུང་ཟེར་བའི་སྡེ་བ་ཞིག་ན་དབུལ་པོ་མ་བུ་གཉིས་ཡོད། མ་བུ་གཉིས་ཀས་ནམ་རྒྱུན་གཞན་ལ་གཡོག་བྱས་ནས་ཁ་གསོ་བཞིན་ཡོད། བུ་ཡི་མིང་ལ་རྟ་ལོ་ཟེར་ཞིང་མི་རྒྱུད་དྲང་མོ་མདའ་འདྲ་འདྲ་དང་གཤིས་ཀ་འཇམ་པོ་བལ་འདྲ་འདྲ་ཞིག་ཡིན་པས། རྟག་པར་གཞན་གྱིས་རྩེད་མོ་ཀུ་རེ་རྩེ་ཡུལ་དུ་གྱུར།
      དབུལ་པོ་མ་བུ་སྡོད་སའི་གསེར་གཞུང་སྡེ་བར་གསེར་རྟ་ཐང་ཟེར་བའི་ཐང་ཆེན་པོ་ཞིག་དང་གསེར་རྟ་སྒང་ཟེར་བའི་རི་ཆེན་པོ་རྩྭ་ཤིན་ཏུ་ལེགས་པའི་རྩྭ་ས་ཞིག་ཡོད་ལ། རྩྭ་ས་དེ་ནི་གསེར་གཞུང་སྡེ་བ་དང་ཁྱིམ་མཚེས་སྡེ་བའི་བར་ན་ཡོད་ཕྱིར། ཁྱིམ་མཚེས་སྡེ་བས་ཁོ་ཚོའི་རྩྭ་སའང་ཡིན་ཟེར་ནས་ལོ་རེ་རེར་བཙན་བཟུང་བྱས་མཐར། གསེར་གཞུང་སྡེ་བ་དང་ཁྱིམ་མཚེས་སྡེ་བའི་བར་རྩྭ་ས་རྩོད་ཆེད་ལོ་ནས་ལོ་ལ་འཁྲུག་རྩོད་བྱུང༌། ད་ལོ་ཡང་ཁྱིམ་མཚེས་སྡེ་བས་རྩྭ་ས་བཙན་བཟུང་བྱས་ནས་གསེར་གཞུང་སྡེ་བའི་མི་ཕྱུགས་བཏུད་དུ་མ་བཅུག་པས་འཁྲུག་རྩོད་ཀྱི་མགོ་བརྩམས།
      སྡེ་བའི་སྒྲིག་ལམ་ལྟར་ན། ཕོ་ལོ་བཅོ་ལྔ་ཡན་གྱི་སྟག་ཤར་ཡོད་ཚད་དམག་ལ་འགྲོ་དགོས་ཤིང༌། མི་ཡོད་པས་མི་དང་མི་མེད་པས་རྟ་གྲ་སྒྲིག་བྱེད་དགོས། དབུལ་པོའི་བུ་རྟ་ལོ་ལ་རྟ་མེད་ཕྱིར། སྡེ་བའི་སྤྱི་རྟ་ལས་གཅིག་འདེམས་ཆོག་པ་རེད། སྡེ་བའི་གསར་ཐོང་འགའ་ཡིས་དབུལ་པོའི་བུ་རྟ་ལོ་གཉོམ་ཆུང་དྲང་རྐྱང་ཡིན་ཞིང༌། ནམ་རྒྱུན་རྟ་ལ་གོམས་མེད་པ་ཤེས་པས་ཁོ་ལ་རྩེད་མོ་རྩེ་འདོད་ཀྱིས་སེམས་ལ་ཀུག་ཅིག་དྲན་ནས་ན་རེ། རྟ་ལོ། རྟ་ལོ། ཁྱོད་ལ་རྟ་གང་དགོས་ཞེས་དྲིས། རྟ་ལོ་ན་རེ། གང་ཡིན་ནའང་ཡིན་ཟེར། གསར་ཐོང་ཚོས་དེས་ན་ངེད་ཚོས་ཁྱོད་ལ་རྟ་ཤིན་ཏུ་གཡུང་མོ་ཞིག་འདེམས་ཟེར་བཞིན་སྡེ་བའི་ནང་སྐྱ་རྩལ་ཅན་ཡིན་ཟེར་བ་དག་གིས་ཀྱང་ཁ་ལོ་མི་འོང་བའི་རྟ་རྒོད་པོ་མིང་ལ་གང་ཡིན་ཟེར་བ་དེ་བདམས། དེ་ནས་ཡང་རྟ་ལོ་རྟ་ལོ། ཁྱོད་ལ་ཆ་དུང་གང་དགོས་ཞེས་དྲིས་པ་ན། རྟ་ལོས་ཡང་གང་ཡིན་ནའང་ཡིན་ཟེར། གསར་ཐོང་ཚོས་དེ་ན་ངེད་ཚོས་ཁྱོད་ལ་མདུང་གྲགས་ཅན་ཞིག་འདེམས་ཟེར་ནས་སུས་ཀྱང་འདེགས་དཀའ་བའི་མིང་ལའང་གང་ཡིན་ཟེར་བའི་མདུང་ཆེན་མོ་ཞིག་བདམས།
      དེ་ནས་སྡེ་བ་གཉིས་ཀྱིས་དམག་བཤམས་ནས་དམག་འཁྲུག་རྒྱག་མགོ་བརྩམས། ཁྱིམ་མཚེས་སྡེ་བས་སྔ་མོ་ནས་གསེར་རྟ་སྒང་གི་རི་མགོ་བཟུང་བས། གསེར་གཞུང་སྡེ་བའི་དམག་གིས་རི་འདབས་ནས་དམག་བཤམས། དམག་འཁྲུག་མགོ་བརྩམས་མ་ཐག་དམག་རྟ་མང་པོ་ཐེག་སྒྲ་དང་བཅས་རི་མགོར་མཆོངས་སོང༌། གསར་ཐོང་ཚོས་དབུལ་པོའི་བུ་རྟ་ལོ་རྟ་རྒོད་པོ་གང་ཡིན་དེ་ལ་བསྐྱོན་མདུང་ཆེན་པོ་གང་ཡིན་ཟེར་བ་དེ་ལག་ཏུ་བཞག་ནས་རྟ་ལ་ལྕག་གིས་བཞུས་པ་ན་རྟ་རྒོད་པོ་གང་ཡིན་དེས་ཞེ་སྡང་དང་བཅས་འཚེར་རྒྱངས་ཤིག་བྱས་ནས་སྣ་ཁུང་ཧར་ཧོར་བྱས་དབུགས་ཀ་ལྷེབ་ལྷེབ་ཏུ་ལེན་བཞིན་བྱ་འཕུར་བ་ལྟར་མདུན་དུ་བརྒྱུགས་པ་དང༌། ཡུད་ཙམ་གྱིས་དམག་རྟ་གཞན་དག་རྒྱབ་ཏུ་བསྐྱུར་སོང༌། དབུལ་པོའི་བུ་རྟ་ལོ་རྣམ་རྒྱུན་རྟ་ལ་ཞོན་པའི་གོ་སྐབས་མེང་པས་རྟ་མཆོག་རྒོད་པོ་དེའི་ཁ་ཡ་ག་ལ་འོང༌། རྟ་རྒོད་པོ་གང་ཡིན་བང་གིས་བརྒྱུགས་པས་དབུལ་པོའི་བུ་རྟ་ལོ་དངངས་སྐྲག་སྐྱེས་ནས་ཁ་ནས་རང་དབང་མེད་པར་ད་དོང་འབར་འབུར་ལ་མ་འཕེན། ང་དོང་འབར་འབུར་ལ་མ་འཕེན་ཞེས་ཀི་བཏབ། ཁྱིམ་མཚེས་དམག་གིས་རི་མགོ་ནས་ད་ལོ་གསེར་གཞུང་སྡེ་བའི་དམག་ཁྱུ་ནས་དུང་ཆེན་པོ་ཐོགས་མཁན་གསར་རྒོད་ཅིག་རྟ་རྒོད་པོ་འབྲུག་འདྲ་བ་ཞིག་ལ་ཞོན་ནས་ཐོགས་འདུག་མེད་པར་བྱ་འཕུར་བ་ལྟར་ཁོངབ་དང་ང་དོང་འབར་འབུར་ཞེས་སྐད་སྒྲོག་གིན་པ་མཐོང་ནས། ཤིན་ཏུ་སྐྲག་སྟེ་ང་ལོ་གསེར་གཞུང་སྡེ་བ་འདི་ལ་འགྲན་འཛུགས་དཀའ་སྙམ་ནས་མྱུར་དུ་དམག་ཕྱིར་འཐེན་བྱས།
      མ་གཞིར། ཁྱིམ་མཚེས་སྡེ་བའི་དམག་ལ་དམག་དཔོན་གཉིས་ཡོད་པ་གཅིག་གི་མིང་ལ་ད་དོང་དང་ཅིག་ཤོས་མིང་ལ་འབར་འབུར་ཟེར་ལ། དབུལ་པོའི་བུ་རྟ་ལོས་སྐྲག་མ་དངངས་ཀྱིས་ང་དོང་འབར་འབུར་ལ་མ་འཕེན་ཞེས་ཀི་བཏབ་པ་དེ་ཁོ་ཚོས་ད་དོང་འབར་འབུར་གསོད་པར་བྱ་ཞེས་པར་གོ་ལོག་ཏུ་སོང་བས་སྐྲག་ནས་དམག་ཕྱིར་འཐེན་བྱས་པ་རེད། གསེར་གཞུང་སྡེ་བས་དམག་གཅིག་རྟ་གཅིག་གིས་གྱོང་མ་བརྒྱབ་པར་དམག་ལས་རྣམ་པར་རྒྱལ་བས། དབུལ་པོའི་བུ་ལ་ཞིང་ས་ནོར་ལུག་རྩྭ་ས་དང་བཅས་པའི་བྱ་དགའ་གནང་བ་མ་ཟད། སྡེ་བའི་སྡེ་དཔོན་ལ་བསྐོས་ཤིང༌། རྟ་གང་ཡིན་ལ་ཞོན། མདུང་གང་ཡིན་ཐོགས་ནས་ཕ་རོལ་པ་བཏུལ་ཕྱིར་དཔའ་བོ་གང་ཡིན་ཞེས་སྙན་གྲགས་ཕྱོགས་ཕྱོགས་སུ་ཁྱབ། དེ་ནས་བཟུང་ཁྱིམ་མཚེས་སྡེ་བས་ཀྱང་གསེར་གཞུང་སྡེ་བར་གླགས་མ་བཙལ་བར་ཕན་ཚུན་འགྲིག་ཅིང་མཐུན་པའི་ངང་གནས།
      གྲོགས་པོ་ཆུང་ཆུང་ཚོ། མི་ཞིག་ལ་མཚོན་ན། འབྱོར་ཕྱུག་གིས་ཡོད་ཚད་ཐག་གཅོད་པ་དང་འབྱོར་ཕྱུག་གིས་ཡོད་ཚད་མཚོན་པ་ཞིག་མ་རེད། འབྱོར་ཕྱུག་ལྡན་ཚེ། ཁྱོད་ཀྱིས་བྱ་གཞག་སྒྲུབ་པར་མཐུན་རྐྱེན་བསྐྲུན་ཐུབ་མོད། ཡིན་ཡང་བྱ་བ་ཅི་ཡང་འབྱོར་ཕྱུག་ལ་བརྟེན་ན་འགྲུབ་པ་ཞིག་མ་རེད། དེ་བས། གལ་ཏེ་ཁྱོད་རང་འབྱོར་ཕྱུག་ལྡན་པ་ཞིག་ཡིན་ཚེ་ང་རྒྱལ་མ་སྐྱེས། འབྱོར་ཕྱུག་གིས་མི་ཁུགས་པའི་དོན་མང་སྟེ། ཁྱོད་རང་སློབ་མ་ཞིག་ཡིན་པར་དཔེ་བཞག་ན། འབྱོར་བས་དཔེ་ཆ་ཁུགས་ཀྱང་ཡོན་ཏན་མི་ཁུགས་སོ། །གལ་ཏེ། ཁྱོད་རང་འབྱོར་ཕྱུག་མི་ལྡན་པ་ཞིག་ཡིན་ཚེ་སེམས་ཕམ་མི་དགོས་ཏེ། བྱ་བ་ཅི་ཡིན་ཡང་ཏན་ཏན་ཏིག་ཏིག་དང་བརྩོན་པ་བསྐྱེད་དེ་བསྒྲུབ་ན་དོན་བྱ་ཐམས་ཅད་ཡུན་གྱིས་འགྲུབ་དེས།
མཁས་པའི་ལེགས་བཤད་ལའང༌། ནོར་གྱིས་མ་གདུང་སུ་ཞིག་
      ཡིན། །རྟག་ཏུ་བདེ་བར་བསྡད་པ་སུ། །བདེ་དང་སྡུག་བསྔལ་ཐམས་ཅད་ཀྱང༌། །དབྱར་དགུན་བཞིན་དུ་བརྗེ་བར་འགྱུར། །ཞེས་གསུངས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号