ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྟག་རྟ་སྦྲུལ་ལྕག
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

    གནའ་སྔ་མོ་ཞིག་ལ།  ས་ཆ་ཞིག་ན་ཤིན་ཏུ་དབུལ་བོའི་མ་བུ་གཉིས་ཡོད། ཨ་མས་ས་དེའི་ཁྱིམ་ཚང་ཕྱུག་པོ་ཞིག་ལ་གཡོག་བྱས་ནས་མ་བུ་གཉིས་ཀའི་འཚོ་བ་སྐྱེལ།

    ཉིན་ཞིག་ཁྱིམ་ཚང་ཕྱུག་པོ་དེས་བུ་ཞིག་བཙས་པའི་བཙས་སྟོན་རྒྱ་ཆེན་བཤམས་པའི་སྟོན་སྐལ་ལ་ཁོ་མོར་ཡང་ལུག་ཤ་རློན་པ་ཉུང་ངུ་ཞིག་བྱིན།  ཁོ་མོ་དགའ་དྲགས་ཕྱིར་ཁྱིམ་དུ་ལོག་རྗེས་རང་གི་བུ་ལ་ཤ་ཚོད་ཀྱི་ཁ་ཞིམ་ལས་ནས་ཐབ་ཀའི་ཐལ་འོག་ཏུ་བསྲེགས།  མ་བུ་གཉིས་ཀ་དགའ་བཞིན་གོ་ཁ་ནས་ཚོད་མ་ནམ་འཚོས་ལ་རེ་སྒུག་བྱེད་ཀྱིན་བསྡད་པ་དང་ཤ་ཚོད་འཚོས་པའི་དྲི་ཞིམ་འཐུལ་བ་དང་མཉམ་དུ་བུ་ཆུང་གིས་སེམས་ཀྱི་དགའ་བ་གནོན་མ་ཐུབ་པར་ཐལ་འོག་ལ་མེ་དཀྲུག་གིས་དཀྲུག་གིན་ཡང་དང་ཡང་དུ་ཨ་མ་ཨ་མ།  ནང་གི་འདི་ངར་ཨང་ཞེས་བཤད།  སྐབས་དེར།  སྟག་ཅིག་གིས་སྒོ་ཁ་ན་ཁྱིམ་དུ་བལྟས་འདུག་པ་ཨ་མས་མཐོང་ནས་རང་དབང་མེད་པར་འོ་ཡ།  ཨ་མའི་གཅེས་ཕྲུག་ལོ་ལོ།  ནང་གི་འདི་ངར་མོད་ཀྱང༌།  སྒོ་ཁའི་གན་ཡང་ངར་གི་རེ་ཞེས་ལན་བཏབ།  བུ་ཆུང་གིས་ཨ་མས་རང་ཉིད་རྒྱུན་དུ་ཞོན་པའི་རང་ཚང་གི་གཡག་ཐོང་གཅིག་པུ་དེ་ལ་ཟེར་བ་རེད་སྙམ་ནས་རྒྱུག་ཐེངས་གཅིག་གིས་སྟག་རྒྱབ་ལ་ཞོན།  སྟག་གིས་ཅི་བསམ་འདི་བསམ་མེད་པར་རང་གི་རྒྱབ་ལ་མཆོངས་མཁན་དེ་དབུལ་བོའི་བུས་བཤད་པའི་ནང་གི་ངར་བ་དེ་ཡིན་ལ།   རང་ཉིད་འདུལ་བར་འོངས་པ་རེད་སྙམ་ནས་ཅི་ཡིན་འདི་ཡིན་མ་ཤེས་པར་སྐྲག་མ་དངངས་ཀྱིས་ཕྱིར་མཆོངས་ནས་བྲོས།  བུ་ཆུང་གིས་སྟག་ཅིག་ཡིན་པ་ཤེས་རྗེས་ཤིན་ཏུ་སྐྲག་ནས་ཀི་འདེབས་ཀྱིན་རང་དབང་མེད་པར་ས་ལ་ལག་ཉོབ་བྱས།  ལག་ཉོབ་བྱས་ནས་ལག་ཏུ་སྦྲུལ་ཞིག་འོངས།  འཇིགས་དྲགས་ལག་ཏུ་ཅི་ཞིག་འོངས་པའང་མ་ཚོར་བར་རང་དབང་མེད་པར་སྦྲུལ་དེ་ལག་ཏུ་དམ་པོར་བཅིངས།  སྟག་གིས་རང་གི་རྒྱབ་ཀྱི་ངར་བ་དེས་སྦྲུལ་གྱི་ལྕག་ཅིག་བཟུང་བ་མཐོང་ནས་དཔའ་སྦྲུལ་ཐོགས་ཤིག་ལ་འགྲན་ཡ་ཡོད་མི་སྲིད་སྙམ་བཞིན་སྲོག་བསྡོས་ནས་བྲོས་བྲོས་མཐར་གློ་བ་གས་ནས་ཤིའོ།  

    མ་གཞིར་ཟླ་འགའི་སྔོན་ལ་ས་དེར་གར་འོང་མི་ཤེས་པའི་སྟག་ཅིག་འོངས་ནས་བསྟུད་མུར་མི་ལྔ་དྲུག་ཅིག་ཟོས་ཀྱང་ཐག་ཉེ་རིང་ཀུན་ཏུ་དེ་འདུལ་ཐུབ་མཁན་ཞིག་མ་བྱུང༌།  དེས་ཀུན་འཇིགས་ཏེ་ས་རུབ་མ་ཐག་སྡེ་མི་ཡོངས་ཀྱིས་རྒྱ་སྒོ་དམ་པོར་བརྒྱབ་ནས་སྒོར་འབུད་ཐུབ་མཁན་གཅིག་ཀྱང་མེད།  ཡིན་ཡང༌།  དབུལ་བོ་མ་བུ་དེ་ལ་འཛུལ་སའི་ཁང་རལ་ཙམ་ལས་རྒྱ་སྒོ་མེད་ཕྱིར།   ཀུན་དང་འདྲ་བར་སྟག་འགོག་ཐབས་མེད་པ་རེད།   ཀུན་གྱིས་དབུལ་བོའི་བུ་ཡིས་སྟག་ལ་ཞོན་ཞིང་སྦྲུལ་གྱི་ལྕག་ཐོགས་ནས་སྡེ་མིའི་ཚེ་སྲོག་ལ་གནོད་པའི་གཅན་གཟན་གཏུམ་པོ་དེ་བསད་པ་མཐོང་ནས་དཔའ་བོར་བཀུར་ཞིང་སྟག་རྟ་སྦྲུལ་ལྕག་ཅེས་མཚན་སྙན་ཕྱོགས་ཕྱོགས་སུ་ཁྱབ།

    རྗེས་སུ་དབུལ་བོའི་བུ་ནར་སོན་པ་ན་ཀུན་གྱིས་སྡེ་བའི་དཔོན་པོར་བསྐོས་ཤིང༌།  བུ་ཆུང་དེ་ཡང་དཔའ་སྟོབས་འཛོམས་ཤིང་བློ་གྲོས་ལྡན་པ་ཞིག་ཏུ་འཚར་ལོངས་བྱུང་བས།  མ་བུ་གཉིས་ཀས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ཐུབ་པར་གྱུར།

    གྲོགས་པོ་ཆུང་ཆུང་ཚོ།  གནའ་གཏམ་འདིའི་ནང་གི་དབུལ་པོའི་བུ་ཡིས་ཅི་ཡིན་འདི་ཡིན་མ་ཤེས་པར་སྡེ་མིའི་སྲོག་ལ་གནོད་པའི་གཅན་གཟན་སྟག་དེ་བཏུལ་བས།  ཀུན་གྱིས་དཔའ་བོར་བཀུར་བ་དེ་ནས་བཟུང་ཁོའི་མི་ཚེ་དང་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང༌།  དེ་ཡང་མི་ལ་ལས་དེ་ནི་སྟབས་འགྲིག་ནས་བྱུང་བ་སྟེ།  ལྟོས་བཅས་ཀྱི་དབང་དུ་བྱུང་བ་ལས་དབུལ་པོའི་བུའི་དཔའ་རྟགས་མ་རེད་ཅེས་སྨྲ་ཡང་སྲིད།   ཡིན་ཡང་དབུལ་པོའི་བུ་ཡིས་གོ་སྐབས་དེ་དང་བསྟུན་ནས་རང་གི་དགེ་མཚན་འདོན་པ་དང་བརྩོན་པའི་ཆུ་བོ་མ་བཏང་ཚེ་དེ་ཡང་དཔའ་ཞིང་མཛངས་ལ་བློ་གྲོས་ཀྱིས་ཕྱུག་པའི་སྡེ་དཔོན་བཟང་པོ་ཞིག་ཏུ་མི་འགྱུར་བའི་དེས་པ་མེད།  རྒྱུ་མཚན་ནི།  མི་ཞིག་གི་བྱ་བ་ལེགས་འགྲུབ་འབྱུང་བར་སྐབས་ལ་ལར་གོ་སྐབས་དང་འཕྲད་རྒྱུ་ཡང་ཤིན་ཏུ་གལ་ཆེ་ལ།  གོ་སྐབས་དང་འཕྲད་ཚེ་དེ་འཛིན་མཁས་པར་བྱ་རྒྱུ་ཡང་ཤིན་ཏུ་གལ་ཆེའོ།  

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号