ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ལས་རྒྱུ་འབྲས།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ། མིང་ལ་བཀྲ་ཤིས་དང་བརྩོན་འགྲུས།དགེ་འདུན་ཟེར་བའི་གྲོགས་པོ་གསུམ་མཉམ་དུ་གནས་སྐོར་ལ་སོང༌། ལམ་དུ་ཁོ་ཆོས་ལས་རྒྱུ་འབྲས་ཡོད་མེད་ལ་རྩོད་པ་བྱས། གྲོགས་པོ་གསུམ་པོའི་ཁྲོད་དགེ་འདུན་གྱིས་རྒྱུ་འབྲས་ཡོད་ཟེར་བ་དང་བརྩོན་འགྲུས་དང་བཀྲ་ཤིས་གཉིས་ཀྱིས་ལས་རྒྱུ་འབྲས་ཟེར་བ་ཞིག་མེད་ཟེར་ནས་གཅིག་ཐོག་ཏུ་མ་འོང་ཕྱིར། གསུམ་པོས་གྲོས་བྱས་ནས། ལམ་ནས་ཐོག་མར་སུ་ལ་འཕྲད་ན་དེ་ལ་རྒྱུ་འབྲས་ཡོད་མེད་དྲིས་ཏེ། ཕམ་མཁན་གྱི་མིག་རིལ་བྲུ་རྒྱུ་བྱས། དེ་ནས་ཁོ་ཚོ་སོང་སོང་ནས་ཐོག་མར་རྟ་རྒན་ཞིག་དང་ཕྲད། ཁོ་ཚོས་དེ་ལ་ཨ་ཁུ། ཁྱོད་ཀྱི་ན་སོ་འདི་ལྟར་རྒས་པས། ཁྱོད་ལ་ཉམས་མྱོང་མང་པོ་ལྡན་དེས་རེད། ཁྱོད་ཀྱིས་བལྟས་ན་ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་དམ་ཞེས་དྲིས། རྟ་རྒན་གྱིས་དངན་པ་རིང་མོ་ཞིག་འཐེན་ནས་ན་རེ། གསར་བུ་ཚོ། ང་རྟ་རྒན་ན་སོ་ཆུང་དུས། ངའི་བདག་པོས་ང་ལ་གཡང་ལ་བོ། རྟ་བཟང་པོ་ཟེར་ནས་ང་ལ་ཉིན་རེ་རེར་རྟ་ཆས་གང་བཟང་བཟང་སྟེར་ལ། ང་ཡིས་ཀྱང་ནངས་སྔ་མོ་ཉི་རྩེ་མ་བརྒྱབ་གོང་ནས་དགུང་ཕྱི་དྲོ་རྒྱང་སྨུག་ཆད་རག་བར་ཡར་རྒྱུག་མར་རྒྱུག་བྱས་ནས་བདག་པོར་ལས་ཀ་ལས། ད་ལྟ་ང་ན་སོ་རྒས་ནས་ལས་ཀ་ལས་མི་ཐུབ་དུས། བདག་པོས་ང་རང་ལ་གོ་མི་ཆོད་པའི་རྟ་རྒན་ཧོན་ལོག་པོ་ཟེར་ནས་སྡིགས་སྨོད་བྱས་ཏེ་ཁྱིམ་ནས་ཕྱིར་བསྐྲད། ཁྱོད་ཚོས་ཤོད་དང་ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་དམ་ཞེས་སྨོས། དེ་ནས་ཁོ་ཚོ་ཡང་མུ་མཐུད་དུ་མདུན་དུ་སོང༌། སོང་སོང་མཐར་མཚེར་ཤུལ་ཞིག་ནས་ཁྱི་རྒན་ཞིག་དང་ཕྲད་དེ་ཨ་ཁུ་ཁྱི་རྒན་ལགས། ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་དམ་ཞེས་དྲིས། ཁྱི་རྒན་ཀྱིས་མགོ་བོ་གཡུག་གཡུག་བྱས་ནས་དངན་པ་ནར་ནར་འཐེན་བཞིན་ན་རེ། ང་ཁྱི་རྒན་ན་སོ་ཆུང་དུས་གོམ་ལག་ཡང་དུས་ཉིན་དཀར་བདག་པོའི་ལུག་ཁྱིའི་ལུག་རྫི་དང་མཚན་མོ་བདག་པོའི་ཁྱིམ་གྱི་ཁྱིམ་སྲུང་བྱས་ནས་ཉིན་གཅིག་ལའང་ལེ་ལོར་གཡེང་མ་མྱོང༌། དེ་དུས་བདག་པོས་ང་ལ་ཁྱི་རྒན་གོ་ཆོད་པོ་ཟེར་བཞིན་ཉིན་རེར་ཇ་ཐུན་གསུམ་པོར་ཟ་མ་ཁོལ་མ་ཆད་མ་མྱོང༌། ང་ཁྱི་རྒན་ན་སོ་རྒས་ནས་ལུག་ཁྱིའི་རྗེས་མི་ཆོད་དུས་བདག་པོས་ང་ལ་གོ་མི་ཆོད་པའི་ཁྱི་རྒན་ཧོན་ལོག་ཟེར་བཞིན་ང་ལ་ལྟོ་ཞིག་ག་ལ་ལྡུད། ཐ་ན་རུ་འགེལ་དུས་ང་རང་མཚེར་ཤུལ་ནས་བསྐྱུར་ནས་ཕྱིན་སོང༌། ཁྱོད་ཚོས་ཤོད་དང་ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་དམ་ཞེས་སྨོས། ཁོ་ཚོ་ཡང་མུ་མཐུད་དུ་མདུན་དུ་སོང༌། སོང་སོང་མཐར་མཚེར་ཤུལ་ཞིག་ནས་མགོ་སྐྲ་དཀར་པོ་དུང་འདྲ་འདྲ། མིག་རྩ་དམར་པོ་ཁྲག་འདྲ་འདྲ། ཁ་ན་སོ་མུ་ཏིག་ཙམ་ཡང་མེད་པའི་ཨ་ཕྱི་བགྲེས་མོ་ཞིག་ཐབ་ཀ་ཞིག་རོ་ཞིག་ལ་ཁེན་ནས་ཐལ་སྐྱའི་གམ་ནས་ཙོག་པུར་བསྡད་འདུག་པ་དང་ཕྲད། ཁོ་ཚོས་ཨ་ཕྱི་ལགས། འཇིག་རྟེན་ན་ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་དམ་ཞེས་དྲིས་པ་ན། ཨ་ཕྱི་བགྲེས་མོས་ཐལ་སྐྱ་དང་འདྲ་བའི་ལག་པས་གཉེར་མས་ཁེངས་པའི་ངོ་ལ་བྱུལ་བྱུལ་ཞིག་བྱས་ཏེ་དངན་པ་རིང་མོ་ཞིག་འཐེན་ནས་ན་རེ། ཨ་ཡོ་ཤེད། ལས་རྒྱུ་འབྲས་ཨེ། ང་ཨ་ཕྱི་ལོ་ན་ཆུང་དུས་ལག་ལས་ཀ་འཁྱོངས་དུས། བུ་དང་ན་མས་ང་ལ་ཨ་མ་ལོ་ལོ་དྲིན་ཆེན་མ་ཟེར་ནས་བཟང་བཟང་བྱེད། ད་ལྟ་ང་རྒན་མོ་ན་སོ་རྒས་ནས་ལས་ཀ་ལས་མི་ཐུབ་དུས། འཆི་རྒྱུ་མེད་པའི་རྩམ་པ་ཁུག་ཏི་ཟེར་ནས་སྡིགས་སྨོད་བྱེད་པ་མ་ཟད། ད་དུང་རྒན་མོ་ང་ཡི་ཤི་གསོན་མི་བསམ་པར་མཚེར་ཤུལ་འདི་ནས་བསྐྱུར་ནས་ཕྱིན་སོང༌། ལས་རྒྱུ་འབྲས་ཟེར་བ་ཞིག་གང་ན་ཡོད་ཟེར། བསྟུད་མུར་ལམ་འཕྲད་པ་གསུམ་ལ་རྒྱུ་འབྲས་ཡོད་མེད་དྲིས་པ་ཚང་མས་ལས་རྒྱུ་འབྲས་ཟེར་བ་ཞིག་མེད་ཟེར་བས། ལས་རྒྱུ་འབྲས་ཡོད་ཟེར་མཁན་དགེ་འདུན་ཕམ་སོང༌། དེ་ནས་དགེ་འདུན་ན་རེ། གྲོགས་པོ་ལགས། ཕོ་རབ་ཚིག་ཐོག་ཟེར་བ་ལ། ཁྱོད་གཉིས་ཀས་ང་རང་ཉི་མ་དྲོ་ས། ཆུ་ཡོད་ས། ལམ་བདེ་ས་ཞིག་ནས་མིག་རིལ་བྲུ་རོགས་ཟེར། དེ་ནས་ཁོ་ཚོ་ཉིན་གང་བོར་སོང་སོང་མཐར་ས་འཁོབ་ཤིན་ཏུ་ཡངས་ས་ཞིག་ན་སྡེ་ཆེན་པོ་ཞིག་ལྷུན་ནེ་ཆགས་འདུག་པ་དང༌། སྡེ་ཆེན་པོ་དེ་དང་ཐག་མི་རིང་སའི་རི་འདབས་ཀྱི་ཉིན་ཁ་ཞིག་ན་ཕུག་པ་སྐྱིད་པོ་ཞིག་ཡོད་ལ། ཕུག་པའི་མདུན་ན་ཆུ་མིག་དྭངས་མོ་ལྷང་ལྷང་བཞུར་བཞིན་ཡོད་པ་ཞིག་ལ་བསླེབས། དགེ་འདུན་ན་རེ།གྲོགས་པོ་ལགས། ས་འདིའི་ཡན་ན་སྐྱིད་པོ་ཞིག་ང་ཚོས་རྙེད་མི་སྲིད།ད་ཁྱོད་གཉིས་ཀྱིས་ངའི་མིག་བྲུས་ནས་ང་རང་འདི་ནས་བསྐྱུར་ཞོག་ཟེར། གྲོགས་པོ་གཞན་གཉིས་ཀྱིས་ཁོས་བཤད་པ་ལྟར་ཉིན་ཁའི་ཕུག་པའི་མདུན་ནས་ཁོའི་མིག་རིལ་བྲུས་ནས་ཕྱིན་སོང༌། མཚན་མོ་བསླེབས་སོང༌། ཆུ་ཕྲན་འགྲམ་གྱི་བྱ་བྱིའུ་རྣམས་ཀྱང་རང་རང་གི་ཚང་དུ་འཛུལ་ནས་གྲགས་འགུལ་ཅི་ཡང་མེད་པར་ཡོད་ཚད་སྟོང་འཇགས་སེ། དལ་གྲགས་སེ་འདུག་ལ། སྐབས་ལན་རེར་རྒྱང་རིང་སྤང་ཐང་གི་རྩྭ་དང་རྩི་ཏོག་གི་དྲི་བསུང་དེ་ཡང་བསེར་མོ་རླུང་དང་བསྡོངས་ནས་དགེ་འདུན་གྱི་སྣ་ལམ་དུ་འཐུལ་འོངས་པས། དགེ་འདུན་གྱིས་ཀྱང་མཚན་མོ་བསླེབས་པ་ཚོར་ནས་ལག་ཉོབ་བྱེད་ཀྱིན་ཕུག་པའི་ནང་སོང་ཞིང༌། ཕུག་པའི་ནང་གི་རྩྭ་འཇམ་སྟུག་པོ་ཞིག་གི་སྟེང་ཉལ་བསྡད། ཡུན་རིང་སོང་བ་ན། སྐད་དི་རི་རི་མི་མང་པོ་ཞིག་གིས་ཁ་བརྡ་བྱེད་ཀྱིན་ཐོན་འོངས། དགེ་འདུན་གྱིས་རི་དྭགས་རྔོན་མཁན་འགའ་རེད་བསམས་ནས་རྣ་བ་གཏད་ནས་ཉན། རེ་ཞིག་ནས་མི་མང་པོ་དེ་ཕུག་པའི་སྒོ་ཁར་བསླེབས་ཤིང༌། གཅིག་ན་རེ། ཨ་ཁུ་སྤྱང་ཁུ། དོ་དགོང་ནང་ནས་ཉལ་ལམ་ཕྱི་ནས་ཉལ་ཞེས་དྲིས་པ་ན། སྤྱང་ཁུས་སྒྲེགས་པ་ཆིལ་ཆིལ་བྱེད་ཀྱིན་ན་རེ། རི་བོང་ཁ་ཤོ། དེ་རིང་ནམ་ཟླ་འདི་འདྲའི་དྲོ་ལ་གནམ་ངོ་འདི་འདྲའི་བཟང་བས་གནམ་གྱི་སྐར་མར་ལྟད་མོ་ལྟ་བཞིན་ཕྱི་ནས་ཉལ་ན་མི་ལེགས་སམ། ཨ་མ་དྲེད་རྒན། ཁྱོད་ཀྱིས་བལྟས་ན་དེ་ལྟར་ཨེ་རེད་ཅེས་སྨོས། དགེ་འདུན་གྱིས་ཐོས་ནས་འཇིགས་ཆུམ་མེ་སོང་སྟེ། ཨ་ཁ། གནམ་རྒན་མ། གཅན་གཟན་སྐོར་ཞིག་རེད། ཕུག་པ་འདིའི་བདག་པོ་ཡིན་པར་འདུག སྟབས་ལེགས་ནས་དེ་ཚོ་ཕུག་པའི་ནང་མ་ཡོང༌། དེ་མིན་ང་ཡི་སྲོག་ཀྱང་འཆོར་སྲིད་སྙམ། ཅང་མ་འགོར་བར། རི་བོང་ན་རེ། ཨ་ཁུ་སྤྱང་ཁུ། དེ་རིང་ཁྱོད་ཀྱི་ལག་ཡོང་བཟང་ངམ་ཞེས་དྲིས། སྤྱང་ཁུས་སེམས་ཀྱི་དགའ་བ་གནོན་མི་ཐུབ་པར་ཨ་ལ་ལ་ལ། དེ་རིང་ང་ཡི་ལས་དྲང་དྲང་ཞིག་སྔོན་ཆད་དྲང་མ་མྱོང༌། སྤང་ཆེན་མོ་གཡེར་མོ་ཐང་ཞིག་ནས་ལུག་ཚོན་པོའི་ལུག་ཁྱུ་ཆེན་པོ་ཞིག་དང་ཕྲད། ལུག་རྫི་གཞོན་ནུ་ཆང་གིས་བཟི་ནས་རྡོ་ཆེན་པོ་ཞིག་ལ་བསྔས་ནས་གཉིད་ལ་ཡུར་འདུག ང་རི་སྤྱང་སྔོན་མོས་ལུག་བདུན་བསད་དེ་གཅིག་ཟོས། དྲུག་གཞན་གྱིས་མི་ཚོར་ས་ཞིག་ནས་ས་འོག་ཏུ་སྦས་ཡོད། ཟླ་གཅིག་གི་ཁ་ཟས་ལ་འདང་རྒྱག་མེད་ཟེར། དེ་ནས་རི་བོང་གིས་ཡང་དྲེད་མོ་ལ་ཨ་མ་དྲེད་མོ། ཁྱོད་ཀྱིས་ལག་ཡོང་ཅི་འདྲ་རེད་ཅེས་དྲིས། དྲེད་མོས་ཀྱང་དགའ་བཞིན་ན་རེ། ཨ་ལོ་དགའ་སྐྱིད། དེ་རིང་ང་ཡི་ལག་ཡོང་བཟང་བཟང་ཞིག་སྔོན་ཆད་བཟང་མ་མྱོང༌། རི་ཆེན་པོ་ཞིག་གི་ཉིན་འདབས་ནས་གྲོ་མ་རྟ་མགོ་འདྲ་དང་རྟེའུ་མགོ་འདྲ་མང་པོ་རྙེད། ང་ཡིས་རྒྱགས་ཆད་པ་ཞིག་ཟོས་པས་མི་ཚད། ད་དུང་མང་པོ་བརྐོས་ནས་གཞན་གྱིས་མི་ཤེས་སའི་ཉིན་ཁ་ཞིག་ན་སྐམ་ཡོད། ཉིན་འགའ་ཡི་ཟས་ལ་འདང་རྒྱག་མེད། འོ་ན་རི་བོང་ཁ་ཤོ། ཁྱོད་དེ་རིང་ཅི་འདྲ་རེད་ཅེས་དྲིས། རི་བོང་ཡང་དགའ་བཞིན་ན་རེ། ཨ་ཙེ། ཨ་ཙེ། ད་དེ་རིང་ཉི་མ་ནི་དྲོ། མཁའ་དབུགས་ནི་འཇམ། རྩྭ་ཆུ་ནི་འཛོམས། སྣང་བ་ནི་སྤྲོ། དེ་རིང་ཉི་མ་སྐྱིད་སྐྱིད་ཅིག་སྔོན་ཆད་སྐྱིད་མ་མྱོང༌། ང་ཡིས་དེ་རིང་རྩྭ་ཆུ་འཛོམས་ས་ཞིག་ནས་འགྲངས་ཚད་པ་ཞིག་ཟོས་རྗེས། ཉིན་ཁ་ཞིག་ནས་གཉིད་ལ་ཡུར་སོང༌། གཉིད་གཉིད་ནས་ཕྱིར་འོང་བའི་ལམ་ཁ་ནས་ཟ་ཟླ་ཞིག་རྙེད་པའི་ནང་དུ་མར་རྩམ་དང་ཞིམ། ཐུད་སོགས་ཟས་མངར་མོ་གང་མང་མང་ཡོད། ང་ཡིས་རྒྱགས་ཆད་པ་ཞིག་ཟོས་རྗེས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号