ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ལས་རྒྱུ་འབྲས།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།
དྲེད་མོ་སོགས་ཀྱི་ཕུག་པའི་ནང་སོང་ནས་གསེར་རྫ་མ་གང་བོ་བླངས་ཏེ། གཅིག་ནས་རང་གིས་སླར་ཡང་འོད་སྣང་མཐོང་བ་དང་གཉིས་ནས་རྒྱལ་པོས་སྲས་མོ་རང་ལ་བག་མར་བསྩལ་བའི་དགའ་སྟོན་ལ་ཉིན་བདུན་རིང་ཀུན་ལ་གསེར་དངུལ་ཟས་གོས་ཀྱི་སྦྱིན་པ་གཏོང་རྒྱུ་ཐག་བཅད། སྦྱིན་པ་གཏོང་སར་མི་མང་གྲལ་བསྒྲིགས་ནས་བསྒུགས་བསྡད། སྦྱིན་པ་གཏོང་མཁན་གྱིས་གྲལ་མགོ་ནས་རིམ་པར་སྦྱིན་པ་གནང༌། གྲལ་རྔར་བསླེབས་རྗེས་སྦྱིན་སྐལ་ཚར་ནས་གྲལ་རྔའི་མི་གཉིས་ལ་མ་འདང༌། མ་གཞི་མི་དེ་གཉིས་ནི་དགེ་འདུན་གྱི་གྲོགས་པོ་བཀྲ་ཤིས་དང་བརྩོན་འགྲུས་གཉིས་རེད། སྦྱིན་པ་གཏོང་མཁན་ན་རེ། དེ་རིང་སྦྱིན་པ་བཏང་ཚར་སོང༌།དེ་རིང་སྦྱིན་པ་ལེན་མ་ཐུབ་པ་རྣམས་སང་ཉིན་ཤོག་དང་སྔར་བཞིན་ཡོད་ཟེར་ནས་ཕྱིན་སོང༌། ཉིན་གཉིས་པར། བཀྲ་ཤིས་དང་བརྩོན་འགྲུས་གཉིས་ཀྱིས་ཁ་སང་གྲལ་རྔ་ནས་བསྡད་པས་སྦྱིན་པ་ལག་ཏུ་མ་ཐོབ། དེ་རིང་འུ་གཉིས་གྲལ་མགོ་ནས་འདུག་ཟེར་ནས་གྲལ་མགོ་ནས་བསྡད། ཅང་མ་འགོར་བར་སྦྱིན་པ་གཏོང་མཁན་འོངས་ནས་ན་རེ། ཁ་སང་གྲལ་མགོ་ནས་སྦྱིན་པ་བཏང་བས། གྲལ་རྔའི་མི་ལ་མ་ཐེམ། དེ་རིང་འུ་ཅག་གིས་གྲལ་རྔ་ནས་སྦྱིན་ཡ་ཟེར་ནས་གྲལ་རྔ་ནས་སྦྱིན་པ་བཏང་ནས་གྲལ་མགོའི་བཀྲ་ཤིས་དང་བརྩོན་འགྲུས་གཉིས་ཀྱི་མཚམས་ལ་སླེབ་དུས་ཡང་སྦྱིན་སྐལ་ཚར་ནས་ཁོ་གཉིས་ལ་མ་འདང༌། སྦྱིན་པ་གཏོང་མཁན་ན་རེ། དེ་རིང་གི་སྦྱིན་པ་བཏང་ཚར་སོང༌། མ་འངང་བ་རྣམས་སང་ཉིན་ཤོག་དང་ད་དུང་སྦྱིན་པ་ཡོད་ཟེར། ཉིན་གསུམ་པར་ཁོ་གཉིས་ན་རེ། དེ་རིང་འུ་གཉིས་གཅིག་གྲལ་མགོ་དང་གཅིག་གྲལ་རྔ་ནས་འདུག་ཟེར་ནས་སོ་སོར་གྲལ་གྱི་མགོ་རྔ་གཉིས་སུ་བསྡད། སྦྱིན་པ་གཏོང་མཁན་འོངས་ནས་ན་རེ། ཉིན་གཉིས་ལ་གྲལ་གྱི་མགོ་རྔ་གཉིས་ལ་མ་འདང༌། དེ་རིང་འུ་ཅག་གིས་གྲལ་དཀྱིལ་ནས་སྦྱིན་པར་བྱ་ཟེར་ནས་གྲལ་གྱི་དཀྱིལ་ནས་མཐའ་གཉིས་ལ་སྦྱིན། གྲལ་གྱི་མཐའ་གཉིས་ལ་སླེབ་དུས་ཡང་དག་དག་ཁོ་གཉིས་ལ་མ་འདང༌། སྦྱིན་པ་གཏོང་མཁན་ན་རེ། སང་ཉིན་ཤོག་དང་ད་དུང་ཡོད་ཟེར་ནས་ཕྱིན་སོང༌། བཀྲ་ཤིས་དང་བརྩོན་འགྲུས་གཉིས་ཤིན་ཏུ་མི་དགའ་ཡང་ཐབས་ཟད་ནས་མུ་མཐུད་དུ་མི་སྒུག་ཐབས་མེད་སོང༌། ཉིན་བཞི་བར་ཁོ་གཉིས་ན་རེ། དེ་རིང་འུ་གཉིས་གྲལ་དཀྱིལ་ནས་འདུག་དང་ཕྱོགས་གང་ནས་སྦྱིན་ཡང་ཐོབ་དེས་ཟེར་ནས་གྲལ་དཀྱིལ་ནས་བསྡད། སྦྱིན་པ་གཏོང་མཁན་ཡོང་ནས་ན་རེ། ཁ་སང་གྲལ་གྱི་དཀྱིལ་ནས་སྦྱིན་པས་མཐའ་སྣེ་གཉིས་ལ་མ་འདང༌། དེར་བརྟེན་དེ་རིང་གྲལ་གྱི་མཐའ་གཉིས་ནས་སྟེར་ཡ་ཟེར་ནས་གྲལ་གྱི་མཐའ་གཉིས་ནས་སྦྱིན་ཏེ་གྲལ་དཀྱིལ་གྱི་ཁོ་གཉིས་ཡོད་སར་སླེབ་དུས་ཡང་སྦྱིན་སྐལ་ཚར་སོང་། ཐེངས་འདིར་ཁོ་གཉིས་ཤིན་་ཏུ་ཁྲོས་ནས་ཉིན་འགར་སྦྱིན་པ་མ་ཐོབ་པའི་ཞེ་སྡང་མ་ལུས་པར་སྦྱིན་པུ་གཏོང་མཁན་གྱི་སྟེང་ལ་ཆར་བ་འབབ་འབབ་བྱས་སོང༌། སྦྱིན་པ་གཏོང་མཁན་གྱིས་ཁྱོད་གཉིས་ཀྱིས་སྒུགས་དང་ང་ཡིས་བདག་པོར་ཞུ་ཟེར་ནས་དོན་དེ་དགེ་འདུན་ལ་ཞུས། དགེ་འདུན་གྱིས་ཁྱོད་ཀྱིས༌བསྒྲུབས་པ་ཤིན་ཏུ་མི་འོས། མྱུར་དུ་སྦྱིན་སྐལ་གྱ་ནོམ་པ་ཞིག་ཁྱེར་དང་ང་རང་དངོས་སུ་སོང་ནས་སྦྱིན་དགོས་ཟེར་ནས་སྦྱིན་པ་གཏོང་སར་འོངས་པ་ན། གཞི་ནས་བཀྲ་ཤིས་དང་བརྩོན་འགྲུས་གཉིས་ཀ་ཡིན་པ་ཤེས། ཁོས་གྲོགས་པོ་གཉིས་ཀ་ཕོ་བྲང་དུ་གདན་དྲངས་ནས་ཉིན་འགར་གསོལ་སྟོན་བཤམས་ཏེ་སྣེ་ལེན་བཟང་པོ་བྱས་ཤིང་གསེར་དངུལ་སོགས་རིན་པོ་ཆེ་མང་པོ་ལེགས་སྐྱེས་སུ་བྱིན། གྲོགས་པོ་གཉིས་ཀྱིས་ཁོས་གཏམ་རྒྱུད་ལ་གསལ་བོར་ཉན་རྗེས། ཁོ་ལ་ཤིན་ཏུ་ཡིད་སྨོན་ཤོར་ནས་ཁོ་གཉིས་ཀྱིས་ཀྱང་མིག་རིལ་བྲུས་ཏེ་ཕུག་པའི་ནང་ཞག་གཅིག་འདུག་རྒྱུ་ཟེར། དགེ་འདུན་གྱིས་ཇི་ལྟར་བཀག་ཀྱང་མི་ཉན་པར་བཀྲ་ཤིས་ དང་བརྩོན་འགྲུས་གཉིས་ཀྱིས་མིག་རིལ་བྲུས་ན་སྨན་ཆུས་གསོ་ཐུབ། སྟབས་ལེགས་ན་དེད་གཉིས་ཀྱིས་ཀྱང་ཕུག་པའི་གསང་བ་རེ་ཤེས་ནས་དགེ་འདུན་དང་འདྲ་བར་ཕྱུག་པོ་ཆེན་པོར་འགྱུར་ཐུབ་ཀྱང་སྲིད་སྙམ་ནས་ཧམ་པ་ཆེན་པོས་ཀུན་ནས་བསྐུལ་འོག་རང་གི་མིག་རིལ་གཉིས་བྲུས་ནས་ཕུག་པའི་ནང་བསྡད། ཉིན་དེར་གྲང་རླུང་འུར་འུར་གཡུགས་ནས་ནམ་ཟླ་ཧ་ཅང་འཁྱགས། ཅང་མ་འགོར་བར། གྲག་སྐད་དི་རི་རི་སྦྱང་ཁུ་དང་དྲེད་མོ། རི་བོང་བཅས་ཀྱིས་ཁ་བརྡ་བྱེད་ཀྱིན་བསླེབས་འོངས། རི་བོང་ན་རེ། ཨ་ཁུ་སྤྱང་ཁུ་དེ་རིང༌ཁྱོད་ཀྱི་ལག་ཡོང་ཅི་འདྲ་རེད་ཅེས་དྲིས། སྤྱང་ཁུ་ན་རེ། ཨ་ཁ་ཁ། ལོ་རབས་མ་བྱེད། བཤད་སྲོལ་ཞིག་མེད། དེ་རིང་སྡུག་མྱངས་ནས་ལུག་ཁྱུ་ཞིག་གི་རྗེས་དེད་དེད་དེ་ལུག་ཚོན་པོ་ཞིག་གི་གཉའ་ནས་འཛིན་བསམ་དུས་ཤ་ཁྱི་ཞིག་གིས་ཚོར་ཏེ་ལུག་རྫི་གཞོན་ནུས་མདའ་མོ་ལྟོང་ནས་ཟམ་པ་འཐེན་འཐེན་བྱས་ཤིང༌། ཤ་ཁྱི་རྒྱ་སྟག་འདྲ་བོས་བདས་བདས་ནས། ང་རི་སྤྱང་སྔོན་མོ་སྲོག་བསྡོས་ནས་བྲོས་པ་མིན་ཚེ་ཕྱིར་འོང་ཞིག་གང་ནས་ཡོད། ཚེ་སྲོག་ཕྲ་མོ་སྔ་མོ་ནས་ཚར་སོང༌། དེ་རིང་ང་སྤྱང་རྒན་མགོ་ལ་ཉི་མ་དམར་པོ་ཞིག་ཤར་སོང་ཟེར། རི་བོང་གིས་ཡང་དྲེད་མོ་ལ། ཨ་མ་དྲེད་མོ། ཁྱོད་ཀྱི་ལག་ཡོང་བཟང་ངམ་ཞེས་དྲིས་པ་ན། དྲེད་མོ་ན་རེ། ང་དེ་རིང་སོང་སོང་ནས་རི་ལུང་ཐམས་ཅད་ཤུན་ལྤགས་བཤུས་ཀྱང་ཁ་ཟས་ཤིག་མ་རྙེད། དེ་ནས་ལུང་མདོ་ཞིག་ནས་འབྲོང་ཕྲུག་རྣ་ལོ་ཞིག་དང་ཕྲད་དེ་འཆའ་བསམ་དུས་འབྲོང་ཕྲུག་རྣ་ལོ་དེས་ངུར་རིང་ཞིག་བྱས་པ་ཙམ་གྱིས་འབྲོང་རྒན་སྣ་ཧར་བཅུ་ཁ་ཞིག་གར་འོང་འདི་འོང་མེད་པར་མཆོང་འོངས་ནས་ཅུང་མིན་ཚེ་དྲེད་མོ་ང་གསོན་པོར་ཤུན་ལྤགས་དམར་བཤུས་བྱས་སོང༌། ཨ་ཁ་ཁ། སྐྲག་འཇིགས་དམར་བོ་ཟེར་བ་དེ་རེད། ང་དྲེད་མོའི་ཁོག་གི་སྙིང་རིལ་ལི་བོ་ད་ལྟ་ད་དུང་གྲུ་གུ་ཞིག་དང་འདྲ་བར་ལྟིག་ལྟིག་ལྟིག་ལྡིང་བཞིན་ཡོད་ཟེར། དེ་ནས་སྤྱང་ཁུ་ན་རེ། དེ་ན་རི་བོང་ཁ་ཤོ། ཁྱོད་ཅི་འདྲ་རེད། ལག་ཡོང་འདྲ་ཡོད་དམ་ཞེས་དྲིས། རི་བོང་གིས་བསྣབས་འཇིབ་ཅིག་བྱས་ནས་ན་རེ། ཨ་ཙེ་ཨ་ཙེ། ད་འུ་ཅག་ཚང་མ་འདྲ་འདྲ་རེད། དེ་རིང་ཉི་མ་སྐར་མ་མི་བཟང་བ་འདྲ། ང་དེ་རིང་ཉིན་གང་བོར་སོང་སོང་ཡང་ཁ་ཟས་ཞིམ་པོ་ཞིག་ཕར་ཞོག་རྩྭ་འཇམ་པོ་ཞིག་ཀྱང་མ་རྙེད་པ་མ་ཟད། ཉི་མ་ནི་མི་དྲོ། རླུང་ནི་ཆེ། ནམ་ཟླ་ནི་འཁྱགས། གྲང་ངར་ནི་ཆེ་བས། གྲང་ལྟོགས་གཉིས་ཀས་མནར་ནས་ཁ་ཆུ་སྣ་ཆུ་ཙ་ར་ར་བཞུར། དེའི་ཁར་ལམ་ཁ་ཞིག་ནས་མཚམས་པ་ཞིག་གིས་ཟ་ཟླ་ལོགས་སུ་བཞག་ནས་གཉིད་འདུག་པ་དང་ཕྲད་པས་དེའི་ཟ་ཟླའི་ནང་གི་ཁ་ཟས་རྐུས་ནས་ཟ་བསམས་མོད། ཡིན་ཡང༌། མཚམས་པ་གཏེ་ངན་དེ་གཉིད་ཁུལ་བྱས་པ་ང་འཛིན་པའི་གཡོ་སྒྱུ་ཡིན་ཕྱིར། ང་རང་ཁོའི་གམ་དུ་ཐོན་མ་ཐག་ལངས་ནས་བདས་བྱུང༌། གལ་ཏེ་ང་རང་ཆུ་རྐ་ཞིག་གི་ནང་ལྷུང་བ་མིན་ཚེ། མཚམས་པའི་ཟ་ཟླའི་ནང་གི་ཁ་ཟས་ང་ཡི་ཁ་ནང་དུ་འོང་བ་ཕར་ཞོག ཅུང་མིན་ཚེ་ང་རང་མཚམས་པའི་ཟ་ཟླའི་ནང་གི་ཞིམ་ཟས་ཀྱི་ཁ་སྣོན་དུ་གྱུར་སོང་ཟེར། དེ་ནས་དྲེད་མོ་ན་རེ། ཨ་རོག་སྤུན་ཟླ་གཉིས་དེ་རིང་ནང་དུ་ཉལ་ལམ། ཕྱི་ནས་ཉལ་ཞེས་དྲིས་པ་ན། སྤྱང་ཁུས་ཞེ་སྡང་དང་བཅས་ན་རེ། དྲེད་མོ་དྲེད་རྒན་མ། ཁྱོད་སྨྱོས་པ་ཡིན་ནམ། ནམ་ཟླ་འདི་འདྲ་འཁྱགས་པས། རི་བོང་ཁ་ཤོའི་མ་མགལ་ཡང་ཤོ་ལད་ཡོད་པ་མ་མཐོང་ངམ། གྲང་རྒྱུར་མི་སྐྲག་ན་ཁྱོད་རང་ཕྱི་ནས་ཉོལ། ང་དང་རི་བོང་གཉིས་ནང་དུ་སོང་ནས་རྩྭ་འཇམ་སྟེང་ནས་ཉལ་ལེ་ཡིན་ཟེར། དྲེད་མོས་སྤྱང་ཁུ་ལ་ཁ་ཡའང་མི་བྱེད་པར་ན་རེ། ཨ་རོག་སྤུན་ཟླ་གཉིས་ཀ་འུ་ཅག་གི་ཕུག་པ་འདིའི་ནང་མི་དྲི་ཞིག་འཐུལ་འདུག་པ་ཚོར་རམ་ཞེས་དྲིས། སྤྱང་ཁུའི་ཞེ་སྡང་ཇེ་ཆེར་སོང་ནས་ན་རེ། དྲེད་རྒན་ཁ་ངན་མ། ཐེངས་སྔོན་མ་ཁྱོད་ཀྱིས་ཁ་ངན་དེ་ཡིས་བཤད་རྒྱུ་མང་བས་རང་ཅག་གེ་གསེར་རྫ་མ་གང་བོ་ཡང་གཞན་གྱིས་བརྐུས་སོང་བ་མིན་ནམ་ཞེས་སྡིགས་མོ་བྱས། རི་བོང་གིས་ཀྱང་དེར་མཐུད་ནས་ན་རེ། རེད་ཡ། རེད་ཡ། དེ་མིན་འུ་ཅག་གིས་མ་གཏོགས་མི་ཤེས་པའི་རྒྱལ་པོའི་ཕོ་བྲང་གི་མདུན་རིའི་འོག་གི་སྨན་ཆུ་ཡང་གཞན་གྱིས་ཤེས་ནས་ཕྱིར་དྲངས་སོང་ཟེར། དྲེད་མོས་སྔར་བཞིན་ཞི་ལྷོད་ངང་བཤད་རྒྱུར། འུ་ཅག་གི་གསེར་རྫ་མ་གང་བོ་རྐུན་ལ་ཤོར་བ་བདེན་མོད། དེ་ཡང་འུ་ཅག་གི་ཁ་ཟས་མི་ཉན་པས་གྱོང་ཅང་མེད། སྨན་ཆུ་ཕྱིར་དྲངས་པ་དེར་སྐྱོན་ཅི་ཡོད། ནམ་ཉི་མ་འུ་ཅག་ལ་ན་ཚ་རེ་བྱུང་ཡང་དེར་ཁྲུས་བྱས་ན་མི་བཟང་ངམ། ཡང་གཅིག་བཤད་ན་གོ་ཐོས་ལྟར་ན་དོན་དེའི་རྐྱེན་གྱིས་རྒྱལ་པོས་བཀའ་རྒྱ་བསྒྲགས་ནས་མི་རྣམས་ལ་རང་ཅག་སྲོག་ཆགས་འདུས་པའི་རྩྭ་ཆུ་ནགས་གསུམ་སོགས་རང་བྱུང་ཁོར་ཡུག་ལ་གནོད་སྐྱེལ་མི་ཆོག་ཟེར་བ་མིན་ནམ། དེས་ན་དེ་དོན་དག་དགའ་ཞིག་མིན་ནམ་ཞེས་སྨོས་པ་ན། སྤྱང་ཁུ་ཤིན་ཏུ་ཁྲོས་ནས་ན་རེ། དྲེད་རྒན་རོ་རླུགས་མ། ཁྱོད་མི་ཟེར་བ་ལ་དེ་འདྲའི་ཡིད་ཆེས་པ་ཡིན་ནམ། མིའི་ཡན་གྱི་སྤྱང་བོ་ཞིག་གང་ན་ཡོད། འུ་ཅག་མི་དང་མ་ཕྲད་པ་དེ་ལས་དྲང་པ་རེད། གལ་ཏེ་མི་དང་ཕྲད་ཚེ། ང་སྤྱང་ཁུའི་སྤྱང་ལྤགས་ཉལ་སྟན་ལ་བཟང་ཟེར་ནས་གསོད་པ་དང༌། རི་བོང་ཁ་ཤོའི་ཤ་བསྲེགས་ནས་ཟོས་ན་ཞིམ་ཟེར་ནས་སྙིང་རྗེ་མི་བསྒོམས་ཤིང༌། ཁྱོད་དྲེད་རྒན་གྱི་མཁྲིས་པ་སྨན་མཆོག་རེད་ཟེར་ནས་མི་གསོད་མཁན་གཅིག་ཀྱང་མེད་པ་རེད་ཟེར་བཞིན་ཕུག་པའི་ནང་དུ་སོང༌། དྲེད་མོས་ད་དུང་མི་དྲི་ཞིག་འཐུལ་དོན་ཅི་ཡིན་ནམ་ཞེས་ཁེར་བཤད་བྱེད་ཀྱིན་སྤྱང་ཁུའི་རྗེས་དེད་དེ་ཕུག་པའི་ནང་དུ་སོང་པ་ན། བཀྲ་ཤིས་དང་བརྩོན་འགྲུས་གཉིས་སྐྲག་མ་དངངས་ཀྱིས་དེ་ཚོའི་མདུན་དུ་གྲིལ་འོངས།
      གྲོགས་པོ་ཆུང་ཆུང་ཚོ། གནའ་སྒྲུང་འདིའི་ནང་ང་ཚོས་རྟོགས་དགོས་པ་ནི་མི་ཞིག་ཡིན་པའི་ཆ་ནས་ཆེས་མ་མཐའི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་དང་གུས་ལུགས་ལྡན་ཞིང་བྱམས་སྙིང་རྗེ་དང་ལྡན་པའི་མི་གཤིས་ཤིག་དེས་པར་དུ་ཡོད་དགོས་པ་དེ་རེད། རྒན་བཀུར་ཆུང་བྱམས་དང་སྲོག་ཆགས་འདུས་པའི་ཚེ་སྲོག་ཐམས་ཅད་ལ་གཅེས་སྤྲས། སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་བཅས་ནི་རང་རེའི་མི་རིགས་འདིའི་སྲོལ་རྒྱུན་བཟང་པོ་ཡིན་ལ། མིའི་རིགས་ཡོངས་ཀྱིས་བསྒྲུབ་དགོས་ཤིང་ཡོད་འོས་པའི་འོས་འགན་འདོར་དུ་མེད་པ་ཞིག་ཀྱང་རེད། ཁྱོད་ཚོས་བལྟས་ན་དེ་འདྲ་ཨེ་རེད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号