ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རྐང་མཐིལ་གྱི་ཡི་གེ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ།རི་མགོ་གངས་ཀྱིས་བསྐོར་ཞིང༌། རི་སྐེད་ནགས་ཀྱིས་ཕྱུག་པ། རི་འདབས་སྤང་གིས་བརྒྱན་པ། སྤང་ཐང་རྩྭ་ཡིས་ཁེབས་པ། སྤང་མཐའ་ཆུ་ཡིས་འཁྱུད་པའི་མཛེས་སྡུག་ཡིད་དུ་འོང་བའི་ས་ཆ་ཞིག་ན། སྤྲ་དང་སྤྲེའུས་མྱུར་རྩལ་སྦྱོང་བ་དང་རྟ་དང་རྟེའུས་བང་རྩལ་འགྲན་པ། སེང་གེ་དཀར་མོས་འགྱིང་ཉམས་ངོམ་པ། འདབ་ཆགས་རྒྱལ་པོས་གཤོག་རྩལ་ངོམ་ཞིང་སྲོག་ཆགས་སྣ་ཚོགས་བག་ཕབ་རྒྱུ་བཞིན་འཆམ་མཐུན་བདེ་སྐྱིད་ངང་འཚོ་བཞེས་བྱེད་ཅིང་མཆིས།
      ས་དེའི་སྲོག་ཆགས་རྣམས་ཀྱིས་སེང་གེ་དཀར་མོ་རྒྱལ་པོར་བཀུར་བ་དང་སེང་གེ་དཀར་མོས་ཀྱང་རང་གི་ཟིལ་ཉམས་ལ་བརྟེན་ནས་གཉོམ་ཆུང་གི་རྒྱབ་བརྟེན་དང་བཙན་པོའི་མགོ་གནོན་བྱས་ཏེ་སྲོག་ཆགས་ཀྱི་རྒྱལ་ཁམས་དེ་ལེགས་པོར་བསྐྱངས་ཤིང༌། དོན་དག་ཆེ་ཆུང་ཡོད་དོ་ཅོག་སེང་གེ་རྒྱལ་པོས་ཐག་གཅོད་དགོས།
      སྲོག་ཆགས་ཀྱི་རྒྱལ་ཁམས་དེ་ལ་སྒྲིག་ལམ་ཞིག་ཡོད་པ་ནི། རང་གི་ཕ་ཡུལ་སྤང་ལྗོངས་ཀྱི་ས་བཅུད་སྲུང་བ་དང་དགུན་གསུམ་གྲང་ངར་སྐབས་སུ་དམའ་སའི་སྤང་ཐང་དྲོན་མོ་འདི་རུ་ཁ་ཟས་འདང་ཚིམ་པར་བདེ་བླག་ངང་བརྒལ་ཆེད། ལོ་རེའི་དབྱར་ཟླ་བཞི་པ་ཚེས་ནས་ཁུ་བྱུག་སྔོན་མོ་རྒྱ་གར་ཡུལ་ནས་སྤང་ཐང་ལ་ཕྱིར་སླེབ་དུས་སྲོག་ཆགས་དང་འདབ་ཆགས་ཡོད་དོ་ཅོག་རི་མགོ་དང་རི་སྐེད་ལ་སོང་ནས་འཚོ་བཞེས་བྱེད་དགོས། ན་སོ་རྒས་པའི་རྟ་རྒན་ལོ་ལོན་ཞིག་ཡོད་པ་དེ་ལོ་ན་བགྲེས་པའི་ཁར་ན་ཚ་ཞིག་བྱུང་ནས་དྲག་རུང་ཡིན་པས། ཀུན་གྱི་རྗེས་མི་ཆོད་པ་དང་རྫ་ཁའི་རྫ་དུག་མི་ཐུབ་སྙམ་ནས་སེང་གེ་རྒྱལ་པོས་སྤང་ཐང་ནས་འདུག་ཆོག་པའི་ཆོག་མཆན་བཀོད། སྤྱང་ཁུ་ཞིག་ཡོད་པས་གཏམ་དེ་གོ་ནས་ཤིན་ཏུ་དགའ་སྟེ། སེང་གེ་རྒྱལ་པོ་མེད་ཤུལ་ནས་རྟ་རྒན་ལོ་ལོན་དེ་འཆའ་བསམས་ནས་སྲོག་ཆགས་ཀྱི་དཔུང་དང་མཉམ་དུ་རི་མགོར་མ་སོང་བར་སྤང་ཐང་དུ་ཡིབ་ནས་བསྡད། སྲོག་ཆགས་ཡོད་དོ་ཅོག་རི་མགོར་སོང་རྗེས། སྤྱང་རྒན་གྱིས་ཉིན་རེ་རེར་རྟ་རྒན་གྱི་རྗེས་བསྙེགས་ནས་གོ་སྐབས་ལ་བསྒུགས། རྟ་རྒན་གྱིས་ཀྱང་སྤྱང་རྒན་མཐོང་ནས་གཏེ་བོ་འདི་ཀུན་དང་མཉམ་དུ་རི་མགོར་མ་སོང་བ་དང་ཉིན་རེར་ང་ཡི་རྗེས་བསྙེགས་པར་བལྟས་ན་འདིའི་སེམས་ལ་བཟང་ཞིག་དྲན་མེད། ང་ཡིས་གཟབ་གཟབ་བྱེད་དགོས་སྙམ་ནས་དོགས་ཟོན་ནན་མོ་བྱས་ནས་སྐད་ཅིག་ཙམ་ལའང་ལྷོད་གཡེང་མ་བྱས། སྤྱང་རྒན་གྱིས་ཀྱང་རྟའི་ཕྲ་ལ་འཇིགས་ནས་དེའི་གམ་ལ་བཅར་མ་ཕོད། དེ་ལྟར་ཡུན་རིང་འགོར་སོང༌།
      ཉིན་ཞིག་ལ། རྟ་རྒན་གྱིས་གཙང་ཆུའི་འགྲམ་ནས་ཆུ་འཐུངས་རྗེས་ཆུ་འགྲམ་གྱི་ན་ཐང་བརྒྱུད་ནས་བགྲོད་དུས་སྟབས་མ་ལེགས་པར་ན་འདམ་དུ་ཟུག་སོང༌། རྟ་རྒན་གྱིས་ཤེད་ཤུགས་ཡོད་དགུས་འཐེན་ཡང་སུག་ཏི་འདམ་ཁར་འབུད་མ་ཐུབ་པར་འཕག་ར་བྱས་པ་དང་བསྟུན་ནས་མར་གཏིང་སར་ཟུག རྟ་རྒན་འུ་ཐུག་ནས་ད་ཅི་བྱ་སྙམ་པའི་དུས་དེར། སྤྱང་རྒན་གྱི་གདོང་ལ་འཇིགས་རྔམ་གྱི་འཛུམ་ཞིག་ལངས་ནས་འགྱིང་ནས་འོངས་ཏེ་ན་རེ། ཕུ་བོ་རྟ་རྒན། ཅི་འདྲ་རེད། ཁྱོད་རྟ་རྒན་མཚན་མོ་གཉིད་དུས་ཀྱང་མིག་ཁ་མི་ཟུམ་ཞིང་སར་མི་ཉལ་བར་ང་སྤྱང་རྒན་ལ་དོགས་ཟོན་བྱས་བྱས་ནས། མཐའ་རྔ་མ་ཉིན་དཀར་ཉི་མ་དཀར་དཀར་ལ་འདམ་ལ་ཟུག་ནས་རྐང་ལག་འདམ་གྱིས་སྒྲོག་པ་ཡ་ཆུང་སེམས་ལ་མ་ཤར་མོད། ང་སྤྱང་རྒན་གྱིས་ཉིན་བསྙེགས་མཚན་མྱུལ་བྱས་བྱས་པ་གོ་སྐབས་འདིར་བསྒུགས་པ་མིན་ནམ། ད་ནི་ཁྱོད་ཀྱིས་ཅི་བསམ། ཁ་ནས་ཅི་བཤད། ཧ་ཧ་ཧོ་ཞེས་སྤྱང་ཁུས་རང་གི་ངོ་རིང་པོ་གཤིན་རྗེའི་གདོང་དང་འདྲ་བ་དེ་གནམ་ལ་འཁོར་ནས་ཧབ་ཆ་བརྒྱབ། རྟ་རྒན་གྱི་སེམས་ལ་དེ་རིང་རྟ་རྒན་ང་སྤྱང་ལྟོགས་འདིའི་ཁ་ནས་མི་ཐར་ཁོ་ཐག་རེད། ཅི་བྱས་རུང་འཆི་དགོས་པ་ལ་འཆི་ཁའི་འཕག་འཚག་ཅིག་ཅིས་ཀྱང་བྱེད་དགོས། སྟབས་ལེགས་ན་གསོན་ལམ་ཞིག་རྙེད་ཀྱང་སྲིད་སྙམ། དེ་ནས་རྟ་རྒན་གྱི་སེམས་ལ་གློ་བུར་དུ་བློ་ཞིག་དྲན་ནས་ན་རེ། ཁོ་རེ། ཕུ་བོ་སྤྱང་ཁུ་ལགས། ང་དེ་རིང་འདམ་དུ་ཟུག་པས་ཁྱོད་ཀྱིས་མི་འཆའ་ཡང་འཆི་དགོས་པ་ཁོ་ཐག་རེད། ཡིན་ཡང༌། སྲོག་ཆགས་རྒྱལ་པོ་རི་ལ་བགྲོད་ཁར་སང་ལོ་རྒྱལ་པོར་སུ་བསྐོ་སྐོར་གྱི་གསང་ཡིག་ང་ཡི་སུག་ཏིའི་ཞབས་སུ་བྲིས་ནས་སྟོན་མཇུག་རི་མགོ་ནས་ཕྱིར་ཕེབས་རྗེས་ཁོས་བལྟ་དགོས། དེའི་བར་སུ་ལའང་སྟོན་མི་རུང༌། གཞན་གྱིས་མཐོང་ན་རྒྱལ་པོའི་གོ་ས་འཕྲོག་དེས་ཟེར། ད་ང་ཡིས་སེང་གེ་རྒྱལ་པོ་ཕྱིར་འོང་བར་སྒུག་མི་ཐུབ་པས། ཁྱོད་ཀྱིས་ཅིས་ཀྱང་ང་ལ་རོགས་བྱས་ནས་ང་ཡི་སུག་ཏིའི་ཞབས་ཀྱི་གསང་ཡིག་དེ་བློར་བཟུང་ནས་སེང་གེ་རྒྱལ་པོར་བཤད་དགོས་ཞེས་ཞུ་བ་བྱས། སྤྱང་ཁུས་ཐོས་རྗེས་ཤིན་ཏུ་དགའ་ནས། རྟ་རྒན་འདི་དེ་རིང་ཅི་བྱས་རུང་ང་ཡི་ཁ་ལས་ཐར་ཐབས་མེད། གལ་ཏེ་གསང་ཡིག་དེ་ང་ཡིས་ཤེས་ན་སང་ལོ་ང་སྤྱང་རྒན་སྲོག་ཆགས་རྒྱལ་པོར་བསྡད་ཆོག་པ་མ་ཡིན་ནམ། དེ་དུས་ང་ཡིས་སྲོག་ཆགས་ཡོད་དོ་ཅོག་ལས་གང་ཟ་འདོད་ན་དེ་བཟའ་ཆོག་པ་མིན་ནམ། རྟ་རྒན་འདི་ལྟ་བུའི་ཤ་གྱོང་རུས་གྱོང་ཞིག་ཟ་དགོས་སམ་བསམ་བཞིན་ཁ་ནས་ཁ་ཆུ་ཙ་ར་ར་བཞུར། དེ་ནས་སྤྱང་ཁུས་ཁ་ཤ་ལྡག་གིན་ན་རེ། རྟ་རྒན། གསང་ཡིག་སུག་ཏི་གང་གི་ངོས་ན་ཡོད་ཅེས་དྲིས་པ་ན།རྟ་རྒན་གྱི་སྔུན་སུག་གཡས་པ་བསྟན་ནས་ན་རེ། ཕུ་བོ་སྤྱང་ཁུ། ཁྱོད་ཀྱིས་རྡོ་ལེབ་ཅིག་ང་ཡི་སུག་ཏིའི་ཞབས་སུ་ཞོག་ཅེས་སྨོས། སྤྱང་ཁུས་རྡོ་ལེབ་ཅིག་ཁྱེར་འོངས་ནས་རྟ་རྒན་གྱི་སྔུན་དུ་བཞག་རྗེས་ཤེད་ཤུགས་ཡོད་དགུས་རྟ་རྒན་གྱི་སྔུན་སུག་གཡས་པ་འདམ་ལས་ཡར་འཐེན་ནས་རྡོ་ལེབ་སྟེང་བཞག་སྟེ་བལྟས་པ་ན་ཅི་ཡང་མི་འདུག སྤྱང་ཁུ་ན་རེ། རྟ་རྒན། གསང་ཡིག་གང་ན་ཡོད་ཅེས་དྲིས་པས། རྟ་རྒན་གྱིས་ཡུན་རིང་ལ་འདང་ཞིག་བརྒྱབ་རྗེས། ཨ་ཧོ། ན་སོ་རྒས་ན་ཡིད་འཛིན་ཡང་ཞན་པ་རེད། ཕུ་བོ་སྤྱང་ཁུ། དེས་ན་སུག་ཏི་གཡོན་པ་ཡིན་སྲིད། ཁྱོད་ལ་དཀའ་ལས་གཏད་སོང༌། ཁྱོད་ཀྱིས་ཡང་རྡོ་ལེབ་ཅིག་ཁྱེར་ཤོག་དང་ཟེར། སྤྱང་ཁུས་མི་དགའ་བཞིན་དུ་རྟ་རྒན་གྱི་སུག་ཏི་གཡོན་པ་འདམ་ཁར་བླངས། ཡིན་ཡང༌། ཡིག་འབྲུ་གཅིག་ཀྱང་མཐོང་རྒྱུ་མ་བྱུང༌། སྤྱང་ཁུ་ཁྲོས་ནས་རྟ་རྒན་ཧོན་ལོག་ཅེས་སྡིགས་སྨོད་བྱེད་ཀྱིན་ཡང་རྟ་རྒན་གྱི་རྐང་བ་གཡས་པ་འདམ་ལས་བླངས་ནས་སྐེ་བསྲིངས་ཏེ་གསང་ཡིག་ཅི་བྲིས་ཡོད་པ་ལྟ་དུས་རྟ་རྒན་གྱིས་ཤེད་ཤུགས་ཡོད་དགུས་སྤྱང་རྒན་གྱི་གདོང་ལ་ཕྲ་ཞིག་བརྒྱབ་པ་ན། ཁྲོག་སྒྲ་དང་བཅས་སྤྱང་རྒན་གྱི་མིག་གཉིས་ལས་མེ་སྟག་མཆེད་པ་དང་མཉམ་དུ་འདམ་རྫབ་ཏུ་འགྱེལ་བ་དང༌། རྟ་རྒན་ལ་སྡིགས་སྨོད་ཅིག་བྱེད་བསམ་རུང་ཁ་ཤ་འགུལ་མ་ཐུབ།མ་གའིར་རྟ་རྒན་གྱི་ཕྲ་དེས་སྤྱང་རྒན་གྱི་འགྲམ་ཡས་རྫོགས་འདུག དེ་ནས་རྟ་རྒན་མྱུར་དུ་འདམ་རྫབ་ལས་ཕྱིར་བུད་དེ་ན་རེ། རྡོ་རྒན་ཐང་ནས་འཐུ་བའི་ཤེད་ཆེན་པོ། །རྟ་རྒན་འདམ་ལས་ལེན་པའི་དྲིན་ཆེན་པོ། །གཞན་ལ་ངན་སེམས་བཅངས་པའི་གཡོན་ཅན་པོ། །གནད་སྨིན་རང་ལ་འཁོར་བའི་སྡིག་ཅན་པོ། །རྒྱལ་པོའི་གོ་ས་འཐོབ་འདོང་ཧེབ་རྒན་པོ། །རང་ཚོད་མི་ཟིན་རང་སྡུག་ཉོ་མཁན་པོ། །རྐང་མཐིལ་ཡི་གེ་ཀློག་པའི་མཁས་པ་པོ། །རང་གི་འགྲམ་ཡས་རྫོགས་པའི་ལས་ངན་པོ། །ཕུ་བོ་སྤྱང་རྒན། གསང་ཡིག་ཤེས་འདོད་དམ། ད་ངས་ཁྱོད་ལ་བཤད་ཆོག ཡིད་ལ་ཟུངས་ཨ། ས་ག་ཡ་བཏགས་ཚེག་མེད་ག པ་རྐྱང་ཟ་ལ་ན་རོ་ཅན་ཞེས་ཟེར་ནས་འཚེར་རྒྱངས་ཤིག་བྱས་ཏེ་ཐག་ཏི་རེ་སྤང་ཐང་ནས་ཡལ་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། མི་ཚེ་རིང་མོའི་ཁྲོད། སྐྱིད་དུས་སྡུག་དུས་དང་རྒྱལ་དུས་ཕམ་དུས། གཞོན་དུས་རྒས་དུས་སོགས་བགྲོད་ལམ་མཐོ་དམན་མང་པོ་བརྒྱུད་དགོས། དེ་ཡང༌། སྡུག་དུས་ཕམ་དུས་ཀྱི་དཀའ་ངལ་དང་ཕྲད་པའི་གནད་འགག་གི་སྐབས་སུ། གལ་ཏེ་མི་གཞན་པས་ཁྱོད་ལ་ལག་འཐེན་ཞིག་བྱས་ནས་རོགས་རམ་རེ་བྱས་ན། དེ་ནི་ཤིན་ཏུ་དགའ་འོས་པ་ཞིག་ཡིན་མོད། གལ་ཏེ། སྐབས་དེར་ལྡོག་ཕྱོགས་ཀྱི་རྒྱུ་རྐྱེན་ག་གེ་མོས་ཁྱེད་ལ་ངར་ཞིག་ལྡུད་ཐུབ་ཚེ། དེ་ཡང་རོགས་རམ་ལ་བརྩིས་ཆོག་སྟེ། ལེགས་འགྲུབ་ཀྱི་རྒྱུ་རྐྱེན་ཞིག་ཏུ་བརྩིས་ཆོག་པ་རེད། ཕམ་ཁ་དང་དཀའ་ངལ་ཇི་ལྟ་བུར་ཕྲད་ཀྱང་གཏམ་སྒྲུང་ཁྲོད་ཀྱི་རྟ་རྒན་དང་འདྲ་བར་ཆེས་མཐའ་མའི་སྤོབས་པ་མ་དོར་ཚེ། མཇུག་མཐའི་རྒྱལ་ཁ་འཐོབ་ཐུབ་པར་ཐེ་ཚོམ་མེད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号