ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རྒྱལ་སྲས་ཙན་དན་བུའི་གཏམ་རྒྱུད།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ། ས་ཆ་ཞིག་ན་ཁྱིམ་ཚང་ཕྱུག་པོ་ཞིག་ཡོད་ལ། ཁྱིམ་ཚང་དེའི་བཟའ་ཟླ་གཉིས་ཀར་བུ་མོ་གཅིག་དང་བུ་གཅིག་ཡོད་ཅིང༌། བཟའ་ཚང་བཞི་བོ་སྐྱིད་པོ་བདེ་མོར་འཚོ་བ་རོལ་བཞིན་ཡོད།
      དུས་ནམ་ཞིག་གི་ཚེ། ཁྱིམ་ཚང་དེའི་བདག་མོ་ལ་ནད་དྲག་པོ་ཞིག་བྱུང་ནས་ཅི་བྱས་ཀྱང་མ་ཕན། ཚེ་ལས་འདས་ཁར། བདག་མོས་རང་གི་སྐྱེས་པ་ལ་ང་ཤི་རྗེས་ཁྱོད་རང་ལོ་གཅིག་གི་རིང་ལ། གསེར་ཆེན་རི་ལ་མ་འགོ། གསེར་མོ་ནགས་ལ་མ་བལྟ་ཞེས་བཤད་ནས་རང་གི་ལོ་ན་ཕྲ་བའི་བྱིས་པ་གཉིས་ཀར་འབྲལ་མི་ཕོད་པར་སྐྱོ་བའི་མིག་གིས་ཅེ་རེ་ལྟ་བཞིན་ཚེ་ལས་འདས་སོང༌།
གསེར་ཆེན་རི་དང་གསེར་མོ་ནགས་ནི་ས་དེའི་རི་དང་ནགས་ཆེན་པོ་གཉིས་རེད། བདག་མོ་ཚེ་ལས་འདས་རྗེས། སྐྱེས་པས་ཆུང་མས་བཤད་པ་ལྟར་དུས་ཡུན་རིང་པོ་ཞིག་ལ་གསེར་ཆེན་རི་ལ་མ་འགོས་ཤིང༌། གསེར་མོ་ནགས་ལ་མ་བལྟས། ཟླ་བ་བརྒྱད་དགུ་ཞིག་འགོར་རྗེས།
      ཉིན་ཞིག་ལ། སྐྱེས་པར་རང་དབང་མེད་པར་སུན་སྣང་ཞིག་སྐྱེས་པ་དང་དེ་མིན་ཆུང་མ་འདས་ཁར་ཁོ་ལ་གསེར་ཆེན་རི་ལ་མ་འགོ། གསེར་མོ་ནགས་ལ་མ་བལྟ་ཟེར་དོན་ཅི་ཡིན་པར་མཚར་སྣང་ཞིག་སྐྱེས་ནས། རང་དབང་མེད་པར་གསེར་ཆེན་རི་ལ་འགོས་ནས་མར་གསེར་མོ་ནགས་ལ་བལྟས་པ་ན། ཨ་ལ། ཡ་མཚན། གསེར་མོ་ནགས་ན་སྔར་མཐོང་མ་མྱོང་བའི་རས་གུར་ལྟ་ན་སྡུག་པ་སྟེང་ན་འཇའ་ཚོན་སྣ་ལྔས་གུར་ཕུབ་པ་ཞིག་ཡོད་ཅིང༌། རས་གུར་གྱི་མདུན་ན་བུ་མོ་མཛེས་མ་ཞིག་གིས་སྐྲ་སླས་བཞིན་པ་མཐོང༌། དེས་ཁོའི་ཡིད་དབང་རབ་ཏུ་བཀུག་ནས་དེ་མ་ཐག་གསེར་མོ་ནགས་ལ་སོང་སྟེ། བུ་མོ་མཛེས་མ་དེ་རང་གི་ཆུང་མར་བླངས།
      དེ་ནས་བཟུང༌། མ་མེད་ཀྱི་བྱིས་པ་དེ་གཉིས་ཀའི་སྐྱིད་ཀྱི་ཉི་མ་ནུབ་སོང༌། མ་གཡར་དེས་ཕའི་ཕག་ནས་ཁོ་གཉིས་ཀར་སྡུག་སྣ་དགུ་བཏང༌། ཉིན་ཞིག་ལ། མ་གཡར་གྱིས་ལྕགས་ཀྱི་མཆུ་ཏོ་རིང་མོ་ཞིག་བསྲིངས་ནས་ནུ་བོའི་ཁྲག་འཇིབ་བཞིན་པ་ཨ་ཆེ་ཡིས་མཐོང་ནས་ཨ་ཕར་བཤད་ཀྱང་ཨ་ཕས་ཡིད་མི་ཆེས་པར་ཁོ་མོར་སྡིགས་མོ་བྱས་བྱུང༌། ཨ་ཆེ་འུ་ཐུག་ནས་མ་གཡར་ཕྱི་རུ་སོང་བའི་གོ་སྐབས་ཤིག་དང་བསྟུན་ནས་ནུ་བོ་ཁྲིད་དེ་ཕྱིར་བྲོས་སོང༌།
      ཨ་ཆེ་ཡིས་རང་གི་མིང་ཆུང་ཁྲིད་དེ་རང་ཡུལ་དང་རིང་དུ་བྲལ་ཞིང༌། སློང་མོ་བྱེད་ཀྱིན་གང་སར་འཁྱམས། ཉིན་ནས་ཉིན་ལ་སོང༌།ཟླ་ནས་ཟླ་ལ་སོང༌། སོང་སོང་མཐར་བཀྲེས་ལྟོགས་ཀྱིས་མནར་བའི་ཁར་ཐང་ཆད་དྲགས། ཉིན་ཞིག་ལ་ཁོ་གཉིས་ནགས་འདབས་ཤིག་ལ་བསླེབས་ནས་དྲོད་འཇམ་ཉི་མ་འཛུམ་དམུལ་ལེར་དགུང་ནས་ཤར་དུས་མིང་ཆུང་དྲན་མེད་དུ་བརྒྱལ་སོང༌། ཨ་ཆེ་ཡིས་མིང་ཆུང་ཙན་དན་གྱི་སྡོང་རྒན་ཁོག་སྟོང་ཞིག་གི་ནང་དུ་བཞག་ལོ་འདབ་དང་ཡལ་ག་མང་པོས་ཁ་བཅད་དེ་སློང་མོ་ལ་ཕྱིན། ཁོ་མོས་རང་གི་མིང་ཆུང་ལ་སེམས་འཁྲེང་བཞིན་ཐག་ཉེའི་སྡེ་བ་ནས་སློང་མོ་རེ་བྱས་ཏེ་རང་གིས་ཁམ་གང་ཡང་ཟ་མ་ཕོད་པར་མྱུར་མ་མྱུར་དུ་ཕྱིར་རང་གི་མིང་ཆུང་ལ་ཁྱེར་འོངས་དུས། མིང་ཆུང་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང༌། མ་གཞིར། ས་དེའི་རྒྱལ་པོར་སྲས་མེད་པ་ལ། གླང་པོ་ཆེས་རྡོ་རྗེ་བཏེགས་ནས་སུ་ལ་གཏད་ན་དེ་ཉིད་རྒྱལ་སྲས་ལ་འོས་པའི་ལུང་བསྟན་ཐོབ་ཕྱིར། ཉིན་དེར་གླང་པོ་ཆེ་ལ་རྡོ་རྗེ་བཏགས་ཏེ་རྒྱལ་པོ་དང་བློན་པོ་མང་པོས་བསྐོར་ནས་རྒྱལ་སྲས་འཚོལ་བར་ཕྱིན། གླང་པོ་ཆེ་ཡིས་རྡོ་རྗེ་བཏེགས་ནས་ནགས་འདབས་དེར་འོངས་ཤིང༌། མིང་ཆུང་ཡོད་སའི་ཙན་དན་གྱི་སྡོང་བོའི་མདུན་ནས་གོམ་མཚམས་བཞག་སྟེ་བགྲོད་མ་འདོད། རྒྱལ་བློན་གྱིས་གླང་པོ་ཆེ་ཙན་དན་སྡོང་བོའི་མདུན་ནས་འགྲོ་མི་འདོད་པ་ཅི་ཡིན་སྙམ་ནས་ཞིབ་ཏུ་བརྟགས་པ་ན། ཡལ་འདབ་སྤུངས་པའི་ཙན་དན་སྡོང་བོའི་ཁོག་སྟོང་ནང་དུ་ཡིད་དུ་འོང་པའི་བུ་ཆུང་ཞིག་ཡོད་པ་མཐོང༌། ཐམས་ཅད་དགའ་དྲགས་འདི་ནི་རྒྱལ་པོའི་བསོད་ནམས་ཀྱི་སྟོབས་དང་དཀོན་མཆོག་གསུམ་པོའི་བྱིན་རླབས་ཀྱི་མཐུས་གནང་བའི་རྒྱལ་སྲས་རེད་སྙམ། མིང་ལའང་རྒྱལ་སྲས་ཙན་དན་བུ་ཞེས་བཏགས་ཏེ་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་མས་ལེགས་པར་བརྒྱན་པའི་གླང་ཆེན་ལ་བསྐྱོན་ནས་རྒྱལ་པོའི་ཕོ་བྲང་དུ་ཁྲིད་སོང༌། ཨ་ཆེ་ཡིས་རང་གི་མིང་ཆུང་གཅན་གཟན་གྱིས་ཟོས་སོང་སྙམ་ནས་སེམས་སྡུག་དྲགས་ངུས་ནས་མིང་ཆུང་གི་མིང་འབོད་ཀྱིན་ཕྱོགས་ཕྱོགས་སུ་སྨྱོ་རྒྱུག་བྱས་ནས་བཙལ།
      དེ་ནས་ལོ་བཅུ་འདས་སོང༌། ཨ་ཆེ་གང་སར་སློང་མོར་ཕྱིན་ནས་ཉིན་དེར་སླར་ཡང་མིང་ཆུང་བོར་སའི་ས་དེར་བསླེབས་འོངས། ས་དེའི་རྒྱལ་པོས་རང་གི་རྒྱལ་སྲས་ཙན་དན་བུ་ཕོ་ལོ་བཅོ་ལྔར་སོན་པ་དང་རྒྱལ་སྲིད་ལ་འགོད་པའི་ཆོ་ག་གཟབ་རྒྱས་ཆེ་བ་བསྡུས་ནས་བློན་འབངས་ཀུན་ལ་སྟོན་མོ་བཤམས་ཤིང༌། རྒྱལ་སྲས་ཀྱིས་ཉིན་རེ་རེར་རྟ་མཆོག་ལ་བཅིབས་ནས་འབངས་མིར་སྦྱིན་པ་གཏོང་གིན་འདུག་པ་ཨ་ཆེ་ཡིས་རྒྱང་ནས་མཐོང་ཞིང༌། རང་གི་མིང་ཆུང་ཡིན་པ་ཤེས་ནས་དགའ་དྲགས་མིང་སྲིང་གཉིས་ཆུང་དུས་མཚན་མོ་གཉིད་ཁར་ཨ་མས་རྒྱུན་དུ་ལེན་པ་དང་རྗེས་སུ་ཁོ་མོས་མིང་ཆུང་གཉིད་ཁར་རྟག་པར་བླངས་པའི་གླུ་ཆུང་སྟེ། གཅེས་ཕྲུག་ལོ་ལོ་གཉིད་ཅིག་ལོག གཉིད་ཅིག་ལོག་དང་རྟ་ཞིག་སྟེར། རྟ་གཞིར་སྒ་གཞི་བསྟོད་ལ་སྟེར། གནམ་གྱི་སྐར་མ་འཛིན་ན་སྟེར། ས་ཁའི་མེ་ཏོག་འབལ་ལ་སྟེར། གཅེས་ཕྲུག་ལོ་ལོ་གཉིད་ཅིག་ལོག་ཅེས་པ་བླངས། མིང་ཆུང་གིས་ཐོས་ནས། ཨ་ལ། འདི་ནི་ཅི་འདྲའི་གོ་མྱོང་ཞིག་རེད་ཨང་སྙམ། དེ་མ་ཐག་ཁོས་ཨ་མ་དང་ཨ་ཆེ་གཉིས་ཏུར་རེར་དྲན་ནས་གླུ་སྐད་ལ་བསྙེགས་ནས་ཨ་ཆེའི་གམ་དུ་འོངས་ཤིང༌། ངོ་ཤེས་ནས་ཨ་ཆེ་ཨ་ཆེ་ཟེར་བཞིན་མིང་སྲིང་ཕན་ཚུན་འཐམ་ནས་ངུས། དེ་ནས་རྒྱལ་སྲས་ཀྱིས་རང་གི་ཨ་ཆེ་ཕོ་བྲང་དུ་ཁྲིད་སོང༌།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号