ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རྒྱལ་སྲས་ཙན་དན་བུའི་གཏམ་རྒྱུད།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ཉིན་འགའི་རྗེས་སུ། མིང་སྲིང་གཉིས་ག་རང་ཡུལ་དུ་ཨ་ཕ་ལ་སྐོར་རྒྱག་ཏུ་ཕྱིན་པ་ན། ཨ་ཕ་ནི་བདུད་མོས་ཁག་འཇིབ་འཇིབ་མཐར་ཤ་ཟད་དེ་རུས་པར་ཐུག་ནས་ཀེང་རུས་གསོན་པོ་ཞིག་དང་མཚུངས། མིང་སྲིང་གཉིས་སླེབ་དུས་བདུད་མོ་ཕྱི་རུ་སོང་ནས་མེད་པ་དང༌། ཨ་ཕས་ཤི་མ་གསོན་གྱིས་ཁྱིམ་ན་བུད་ཤིང་གསིལ་བཞིན་མཆིས། མིང་སྲིང་གཉིས་མཐོང་བས་ཨ་ཕ་ཤིན་ཏུ་དགའ། ཡིན་ཡང་བདུད་མོས་རང་གི་བུ་བུ་མོར་གནོད་པར་སྐྲག་ནས་ཨ་ཕ་ན་རེ། ད་ཨ་ཕ་ང་ནི་དབུགས་རྟ་རྔ་འདྲ་བོ་མ་ཆད་ཙམ་ཡིན་པས་སེམས་འཁྲེང་མི་དགོས། འདི་ཡང་ང་ཡིས་ཁྱོད་གཉིས་ཀྱི་ཨ་མའི་ཁ་ཆེམས་མ་བརྩིས་པའི་གནད་སྨིན་རེད། རང་གི་གཅེས་ཕྲུག་གཉིས་ཀ་མཐོང་བས་ངའི་ཡིད་ཚིམ་པ་ཡིན། རེམ། རེམ། བདུད་མོ་ཐོན་ལད་ཡོད། ཁྱོད་གཉིས་མྱུར་དུ་ཕྱིར་སོང་ཟེར་ནས་བསམ་དབང་འདུག་དབང་མེད་པར་བྱིས་པ་གཉིས་སྒོར་དེད། དེ་ནས་མིང་ཆུང་ན་རེ། དེ་རིང་འུ་གཉིས་ལ་ཐབས་མེད། ཕྱིར་སོང་ནས་བདུད་མོ་འདུལ་བའི་ཐབས་ལེགས་པོ་འཐེན་རྗེས་ཕ་རྒན་སྐྱོབ་ཏུ་འོང་ཟེར་ནས། སྒོ་ཁར་ཁབ་གསུམ་མཛེར་རྗེས་ཨ་ཆེ་ཁྲིད་དེ་ཕྱིར་ཕོ་བྲང་དུ་ལོག་སོང༌།
      ཉིན་བདུན་གྱི་རྗེས་སུ། མིང་ཆུང་གིས་གསེར་གྱི་དཀར་ཡོལ་གསུམ་གྱི་ནང་འོ་མ་བླུགས་པ་དང་དངུལ་གྱི་དཀར་ཡོལ་གསུམ་གྱི་ནང་ཁྲག་བླུགས་ནས་ཨ་ཆེ་ལ། གལ་ཏེ་དངུལ་གྱི་དཀར་ཡོལ་ནང་གི་ཁྲག་གསེར་གྱི་དཀར་ཡོལ་ནང་གི་འོ་མར་འདྲེས་པ་དང་དཀར་ཡོལ་གཉིས་ལ་འདྲེས་ཚར་ནས་གསེར་གྱི་དཀར་ཡོལ་ཐ་མའི་ནང་འདྲེས་མགོ་བརྩམས་དུས་ཁྱོད་ཀྱིས་ང་ཡི་སེང་ཁྱི་སྟག་ཁྱི་གཉིས་ཀ་ངའི་སར་ཐོངས་ཞེས་བཅོལ་གདམས་བྱས་རྗེས་ལྕགས་ཀྱི་མཛེར་མ་ཐོ་གསུམ་ཅན་ཞིག་དང་ལྕགས་ཀྱི་སྟ་རེ་ཞིག་བཟུང་ནས་ཨ་ཕ་སྐྱོབ་ཏུ་ཕྱིན་སོང༌།
      མིང་ཆུང་ཨ་ཕ་ཚང་གི་སྒོ་ཁར་སླེབ་པ་ན། ཐེངས་སྔོན་མར་ཁོས་སྒོ་ཁར་མཛེར་བའི་ཁབ་གསུམ་པོ་དེ་ལྕགས་ཀྱི་སྡོང་བོ་ཆེན་པོ་གསུམ་དུ་གྱུར་འདུག ཁོ་རང་ལྕགས་ཀྱི་སྡོང་བོ་དེའི་སྟེང་འགོས་ནས་བསྡད།
      ས་རུབ་ཁར་རླུང་ནག་འཚུབ་མ་ཞིག་དང་མཉམ་དུ་བདུད་མོ་ཕྱི་ནས་ཕྱིར་ལོག་འོངས། ལྕགས་ཀྱི་སྡོང་བོ་སྟེང་གི་མིང་ཆུང་མཐོང་མ་ཐག་ཁ་ནས་ཞེ་སྡང་གི་མེ་ལྕེ་འབར་བཞིན། སྣ་ནས་དུག་གི་རླངས་པ་འཕྱུར་བཞིན་ང་ལ་དགོས་དགོས་ཁྱོད་རང་དགོས་ཟེར་ནས་ལྕགས་ཀྱི་སྡོང་བོ་འཆོས། ལྕགས་ཀྱི་སྡོང་བོ་དང་པོ་འཆོས་ནས་ཆད་ལ་ཉེ་དུས་མིང་ཆུང་ལྕགས་ཀྱི་སྡོང་པོ་གཉིས་པའི་སྟེང་ལྡིང༌། བདུད་མོས་ཡང་ལྕགས་ཀྱི་སྡོང་བོ་གཉིས་པ་འཆོས་ནས་ཆད་ལ་ཉེ་དུས་མིང་ཆུང་ལྕགས་ཀྱི་སྡོང་བོ་གསུམ་པའི་སྟེང་མཆོངས། བདུད་མོས་ཡང་ལྕགས་ཀྱི་སྡོང་བོ་གསུམ་པ་འཆའ་མགོ་བརྩམས།
      རང་གི་མིང་ཆུང་སོང་བ་ནས་བཟུང་ཨ་ཆེ་ཡིས་མིག་ཀྱང་མི་རྡེབ་པར་འོ་མ་དང་ཁྲག་བླུགས་པའི་གསེར་དངུལ་གྱི་དཀར་ཡོལ་ནང་བལྟས་ནས་བསྡད། ཡུན་རིང་འགོར་རྗེས་དངུལ་གྱི་དཀར་ཡོལ་ནང་གི་ཁྲག་གསེར་གྱི་དཀར་ཡོལ་ནང་གི་འོ་མར་འདྲེས་མགོ་བརྩམས་ཤིང༌། དཀར་ཡོལ་གཉིས་ལ་འདྲེས་ནས་གསེར་གྱི་དཀར་ཡོལ་ཐ་མར་འདྲེས་དུས་ཁོ་མོས་སེང་ཁྱི་སྟག་ཁྱི་གཉིས་ཀའི་སྐེ་ཐག་གྲོལ་ནས་འགྲན་ཟླ་བྲལ་བའི་སེང་ཁྱི་སྟག་ཁྱི་ལགས། སེང་གེ་དཀར་མོ་གངས་ལ་འགྱིང་བའི་སྤོབས་པ་དང་རྒྱ་སྟག་དམར་པོ་ནགས་ལ་མཆོངས་པའི་དཔའ་རྩལ་ངོམ་པའི་དུས་ལ་བབས་གདའ། རང་གི་བདག་པོའི་གྲོགས་ལ་རྒྱུག་རན།དཔའ་ཞིག་ཡོད་ན་བཀོལ་རན་རེད། རྩལ་ཞིག་ཡོད་ན་སྟོན་རན་རེད་ཟེར་ནས་བཏང་སོང༌།
      བདུད་མོས་ལྕགས་ཀྱི་སྡོང་པོ་གསུམ་པའང་འཆོས་ནས་ཆད་ལད་ཆད་ལ་ཡོད་དུས་སེང་ཁྱི་སྟག་ཁྱི་གཉིས་ཀ་སྐོ་ཁར་བསླེབས་བྱུང༌། རང་གི་བདག་པོ་ཉེན་ཁར་ཐུག་པ་མཐོང་ནས་སེང་ཁྱི་སྟག་ཁྱི་གཉིས་ཀས་བདུད་མོའི་སྐྱི་གཡའ་བར་བྱེད་པའི་ངར་སྐད་ཅིག་སྒྲོག་གིན་སྲོག་ལ་མ་འཛེམས་པར་བདུད་མོའི་སྟེང་མཆོངས་སོང༌། བདུད་མོས་ལྕགས་ཀྱི་སྡོང་བོ་གསུམ་པོ་འཆོས་ནས་ཤིན་ཏུ་ཐང་ཆད་ཡོད་པའི་ཁར་གློ་བུར་་དུ་སེང་ཁྱི་སྟག་ཁྱི་གཉིས་ཀའི་ངར་སྐད་ཐོས་ནས་བླ་འཁྱམས་པ་ལྟ་བུའི་དངངས་སྐྲག་ཅིག་སྐྱེས། ཁོ་མོ་ཁ་ཕྱིར་འཁོར་ནས་སེང་ཁྱི་སྟག་ཁྱི་གཉིས་ཀར་འགྲན་ཡ་བྱེད་པའི་དུས་དེར་མིང་ཆུང་སྡོང་མགོ་ནས་མར་འོངས་ཏེ་ལྕགས་ཀྱི་སྟ་རེས་ལྕགས་ཀྱི་མཛེར་མ་ཐོ་གསུམ་ཅན་དེ་བདུད་མོའི་ཀླད་པའི་གཙུག་ལ་གདབ་པས། བདུད་མོ་དེས་སྙིང་ཆེན་གྱིས་ཐོས་ན་སྐྱི་གཡའ་བ་དང་སྙིང་ཆུང་གིས་ཐོས་ན་སྙིང་གས་པའི་ངུ་རྒྱངས་ཤིག་བྱས་རྗེས་ཁ་ནང་སྣ་ནང་ནས་ཁྲག་བཞུར་བཞིན་ཤི་སོང༌།
      མིང་ཆུང་གིས་རང་གི་ཨ་ཕ་ཕོ་བྲང་དུ་ཁུར་ནས་བདག་སྐྱོང་གང་བཟང་བྱས་པ་དང་བློན་ཆེན་དག་ལ་བཀའ་ཕབ་ནས་གསེར་ཆེན་སྒང་ནས་རྒྱལ་ཁམས་བདེ་ལ་འགོད་པ་དང་འབངས་མི་སྐྱིད་ལ་འགོད་པའི་མཆོད་རྟེན་དཀར་པོ་བཞེངས་པ་དང༌། བདུད་མོའི་རོ་ལ་སྤྱི་གཙུག་གི་མཛེར་མ་མ་བལ་བའི་སྟེང་ད་དུང་སྙིང་ཁ་དང་རྐང་ལག་བཞི་་བོར་ལྕགས་ཀྱི་མཛེར་མ་རེ་རེ་གདབ་ནས་གསེར་མོ་ནགས་ནས་སྦས་ཤིང་སྟེང་དུ་གདོན་འདྲེའི་ཁ་གནོན་གྱི་མཆོད་རྟེན་ནག་པོ་ཞིག་བཞེངས་པ་རེད།
      དེ་ནས་མིང་ཆུང་གིས་རྒྱལ་ཁམས་ཆོས་བཞིན་སྐྱོང་ཞིང་འཁོར་འབངས་བྱམས་ཀྱིས་བསྐྱངས་ནས་ཨ་ཕ་དང་ཨ་ཆེ་དང་མཉམ་དུ་འཚོ་བ་སྐྱིད་པོར་རོལ་བ་མ་ཟད། ས་དེའི་འབངས་ལའང་དེ་ནས་བཟུང་གདོན་འདྲེའི་གནོད་པ་མེད་པར་གྱུར།
      གྲོགས་པོ་ཆུང་ཆུང་ཚོ། ང་ཆུང་དུས་ངའི་ཨ་མས་ཀྱང་མཚན་མོ་རེ་རེར་ང་ལ་གནའ་སྒྲུང་བཤད་པ་དང་ལག་པས་ང་ཡི་ལུས་ལ་ཡང་མོར་རྡུང་བཞིན་གཅེས་ཕྲུག་ལོ་ལོ་གཉིད་ཅིག་ལོག གཉིད་ཅིག་ལོག་དང་རྟ་གཅིག་སྟེར་ཟེར་ནས་རྨི་ལམ་གྱི་ཞིང་ཁམས་སུ་བསྐྱལ་བ་ཡིན། རྣམ་པ་དེ་ནི་ཁ་སང་བྱུང་བ་ཇི་བཞིན་གསལ་ལེར་ང་ཡི་དྲན་པའི་ངོས་སུ་ནམ་ཡང་ཡལ་དཀའ་ལ། རྣམ་པ་དེ་ཡིད་ལ་ཤར་ཐེངས་རེར་ང་ལ་རྟག་པར་རང་དབང་མེད་པར་མིག་ཆུ་ལྷུང་འོངས། མི་ཚེ་ཧྲིལ་པོའི་ཁྲོད། དོན་དག་མང་པོ་ཞིག་སྔ་ཕྱི་དབྱེ་ནས་བསྒྲུབ་ཆོག་ཅིང༌། དོན་དག་མང་པོ་ཞིག་དེ་རིང་བསྒྲུབ་མ་ཐུབ་ཚེ་སང་ཉིན་བསྒྲུབ་ཆོག ཡིན་ཡང༌། དོན་དག་མང་པོ་ཞིག་ནི་དེ་རིང་ནས་སང་ཉིན་དང་ད་ལོ་ནས་སང་ལོར་འགོར་འགྱངས་བྱེད་ལོང་མེད། ཕ་མར་གཅེས་བཀུར་བྱ་རྒྱུ་ནི་སྐད་ཅིག་ཙམ་ལའང་བསྒུགས་མི་རུང་བའི་བྱ་བ་གལ་ཆེན་ཡིན། ལོ་ན་ཆུང་བའི་བསམ་མེད་དུས་སུ་དྲིན་ཆེན་ཨ་མའི་དྲིན་ལན་མ་ཤེས་པར་རྟག་པར་ཚིག་ལོག་བརྒྱབ་ཅིང་སེམས་ཁ་དཀྲུག ད་ལྟ་ཆེར་སྐྱེས་ནས་ཨ་མའི་དྲིན་ལན་ཤེས་དུས་དྲིན་ཆེན་ཨ་མ་བོས་རུང་གང་ན་ཡོད། དེ་བས། བྱིས་པ་ཚོ། ཨ་མའི་སེམས་ཁ་མ་དཀྲུག་ཅིག མི་ཚེ་ལ་ཕྱིར་ལྡོག་མེད་དོ།།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号