ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ཨ་མ་དྲེད་མོང་དང་ཨ་མ་རི་བོང༌།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ་ཨ་མ་དྲེད་མོང་ཚང་དང་ཨ་མ་རི་བོང་ཚང་གཉིས་མཉམ་དུ་བསྡད་ཡོད། ཨ་མ་དྲེད་མོང་ལ་དྲེད་ཕྲུག་གཅིག་དང་ཨ་མ་རི་བོང་ལའང་རི་ཕྲུག་གཅིག་ཡོད། ཉིན་རེ་རེར་ཨ་མ་དྲེད་མོང་དང་ཨ་མ་རི་བོང་གཉིས་རི་མགོར་གྲོ་མ་རྐོ་རུ་སོང༌། ཤུལ་དུ་དྲེད་ཕྲུག་དང་རི་ཕྲུག་གཉིས་མཉམ་དུ་རྩེས།
      ཉིན་ཞིག་ལ། ཨ་མ་དྲེད་མོང་དང་ཨ་མ་རི་བོང་གཉིས་ཡང་མཉམ་དུ་རི་མགོར་གྲོ་མ་རྐོ་རུ་སོང༌། ཐེངས་རེ་རེར་ཨ་མ་རི་བོང་གིས་སྔོན་ན་རང་གི་སྣོད་ཁ་བཀང་རྗེས། ཨ་མ་དྲེད་མོང་ལ་རོགས་བྱས་ནས་བཏུས་པ་རེད། ཨ་མ་རི་བོང་གིས་གྲོ་མ་གཅིག་རྙེད་ན་གཅིག་རེ་བསོགས་པ་དང༌། གཉིས་རྙེད་ན་གཉིས་ཀ་བསོགས། ཡིན་ནའང༌། ཨ་མ་དྲེད་མོང་གིས་གྲོ་མ་གཅིག་བརྐོས་རྗེས། འདི་གཅིག་པུ་ང་རང་གིས་ཟོས་ནས་རྗེས་མ་བསོག་སྙམ་ཞིང། རྗེས་མ་རྙེད་པ་ན་ཡང་འདི་ཟོས་རྗེས་རྗེས་མ་བསོག་པས་ཆོག་བསམས་ནས་སྔོན་མ་དེ་ཁ་ནང་དུ་བསོགས།
      ཉིན་ཕྱེད་ལ་གྲོ་མ་བརྐོས་བརྐོས་མཐར་ཨ་མ་དྲེད་མོང་ཡར་དགྱེ་དགྱེ་ཞིག་བྱས་ནས་ན་རེ། ཨ་ཡོ་ཤེད། ཅིག་ཆད་གི་ར། ཨ་མ་རི་བོང༌། ཁྱོད་ཀྱིས་ཁ་གསོག་བྱེད་ཀྱིན་ཡོད་དམ། རུམ་གསོག་བྱེད་ཀྱིན་ཡོད་ཅེས་དྲིས། ཨ་མ་རི་བོང་གིས་ང་ཡིས་རུམ་གསོག་བྱེད་ཀྱིན་ཡོད་ཅེས་ལན་བཏབ། ཡུན་རིང་ལ་བརྐོས་ནས་ཨ་མ་རི་བོང་གིས་གྲོ་མ་སྒྱེ་མོ་ཞབས་གོར་ཞིག་བརྐོས། ཨ་མ་དྲེད་མོང་གིས་སྔར་བཞིན་གྲོ་མ་གཅིག་རྙེད་ཚེ་འདི་ཟོས་ནས་རྗེས་མ་བསོག་བསམ་བཞིན་གཅིག་ཀྱང་གསོག་མ་ཐུབ། ཉི་མ་དྲོས་ཇ་ལོན་སོང༌། ཨ་མ་རི་བོང་གིས་གྲོ་མ་སྒྱེ་མོ་ཕྱེད་ཀ་བཏུས། ཡིན་ཡང་ཨ་མ་དྲེད་མོང་གིས་ད་དུང་གྲོ་མ་གཅིག་ཀྱང་མ་བསོགས། དེ་ནས་ཨ་མ་དྲེད་མོང་གིས་མགོ་བོ་དགྱེ་དགྱེ་ཞིག་བྱས་ནས། ཨ་ཡོ་ཤེད། ཆད་ནས་ཤི་ཐལ། ཨ་མ་རི་བོང༌། ཁྱོད་ཀྱིས་གྲོ་མ་ཁ་གསོག་བྱེད་ཀྱིན་ཡོད་དམ་རུམ་གསོག་བྱེད་ཀྱིན་ཡོད་ཅེས་དྲིས། ཨ་མ་རི་བོང་ན་རེ། ང་ཡིས་རུམ་གསོག་བྱེད་ཀྱིན་ཡོད་ཅེས་སྨོས། ཨ་མ་རི་བོང་གིས་ང་ཡི་སྣོད་ཁ་བཀང་རྗེས་ཨ་མ་དྲེད་མོང་ལ་འཐུ་རོགས་བྱེད། ཨ་མ་དྲེད་མོང་སྒྱིད་ལུག་མ་དེས་སྒྱིད་ལུག་བྱས་ནས་སྣོད་ཁ་མི་བཀང་ཁོ་ཐག་རེད་བསམ་གྱིན་མྱུར་མ་མྱུར་དུ་གྲོ་མ་རྐོ་ཚད་ཇེ་མགྱོགས་སུ་བཏང༌། ཨ་མ་དྲེད་མོང་གིས་ཡང་ཨ་ཡོ་ཤེད། ཐང་ཆད་ནས་ཤི་ཐལ། ངལ་གསོ་ཞིག་བྱ་ཟེར་བཞིན་སྤང་ཐང་ཞིག་ཏུ་གན་རྐྱལ་དུ་ཉལ་ཞིང༌། ལག་པ་གཉིས་ཀས་གསུས་པར་ཕུར་ཕུར་བྱས་ནས་སྒྲེགས་པ་ཆིལ་ཆིལ་དུ་སྒྲོག་གིན་ཨ་མ་རི་བོང༌། ཁྱོད་ཀྱིས་ཁ་གསོག་བྱེད་ཀྱིན་ཡོད་དམ་རུམ་གསོག་བྱེད་ཀྱིན་ཡོད་ཅེས་དྲིས། ཨ་མ་རི་བོང་གིས་ཡང་ང་ཡིས་རུམ་གསོག་བྱེད་ཀྱིན་ཡོད་ཅེས་ལན་བཏབ།
      ཉི་མ་ཕྱི་དྲོར་བསླེབས་སོང༌། ཨ་མ་རི་བོང་གིས་གྲོ་མ་སྒྱེ་ཆུང་གང་བཏུས་རྗེས། ཨ་མ་དྲེད་མོང་འཚོལ་དུ་སོང༌། ཨ་མ་དྲེད་མོང་སྤང་ཐང་ན་གཉིད་སྐྱིད་པོ་ལོག་ནས་སྔུར་བ་འཐེན་བཞིན་མཆིས། ཨ་མ་རི་བོང་ན་རེ། ཨ་མ་དྲེད་མོང༌། ཁྱོད་ཀྱི་གྲོ་མ་གང་ན་ཡོད་ཅེས་དྲིས། ཨ་མ་དྲེད་མོང་གིས་སྔར་བཞིན་སྔུར་བ་འཐེན། ཨ་མ་རི་བོང་གིས་ཨ་མ་དྲེད་མོང་གི་རྣ་ལ་གཏད་ནས། ཨ་མ་དྲེད་མོང༌། ཁྱོད་ཀྱི་གྲོ་མ་གང་ན་ཡོད་ཅེས་སྐད་ཆེན་པོས་དྲིས་པས། ཨ་མ་དྲེད་མོང་ད་གཟོད་རྨི་ལམ་གྱི་ཞིང་ཁམས་སྐྱིད་པོ་ནས་ཕྱིར་འོངས། ཨ་མ་དྲེད་མོང༌། ཁྱོད་ཀྱིས་བཏུས་པའི་གྲོ་མ་གང་ན་ཡོད། ཉི་མ་ཕྱི་དྲོ་ལོན་སོང༌། དེད་གཉིས་ཕྱིར་ཡུལ་དུ་འགྲོ་ཨེ། ཨ་མ་རི་བོང་རྐིས་དེ་ལྟར་སྨོས། ཨ་མ་དྲེད་མོང་གིས་ཞེ་སྡང་དང་བཅས་ངས་གྲོ་མ་གཅིག་ཀྱང་མ་བསོགས་ཟེར། ཨ་མ་རི་བོང་ཡ་མཚན་ནས། ཨ་ཙེ། དེས་ན་ཉི་མ་ཕྱི་དྲོའི་བར་ཁྱོད་ཀྱིས་ཅི་བྱས། ད་རེམ་མ་ལོངས་དང་འུ་གཉིས་ཀས་ཁྱོད་ལ་གྲོ་མ་འཐུ་ཡ་ཞེས་བཤད། ཨ་མ་དྲེད་མོང་གིས་དགུང་ཕྱི་དྲོའི་ཉི་མར་ལྟ་བཞིན་ན་རེ། མིན། ད་ཉི་མ་ཕྱི་དྲོ་ལོན་ནས་གདའ། གྲོ་མ་མི་འཐུ། ཁྱོད་ཀྱི་དེ་ང་ལ་བྱིན་ཟེར། ཨ་མ་རི་བོང་དེ་འདྲ་མི་འཐད་ཀྱང་ཨ་མ་དྲེད་མོང་ལ་སྐྲག་ནས་མིན་ཟེར་མ་ཕོད་པར། རང་གི་སྒྱེ་ཆུང་གི་སུམ་ཆའི་གཅིག་ཨ་མ་དྲེད་མོང་གི་སྣོད་དུ་བླུགས། ཨ་མ་དྲེད་མོང་གིས་ད་དུང་དགོས་ཟེར། ཨ་མ་རི་བོང་ཨ་མ་དྲེད་མོང་ལ་འཇིགས་ནས་ལན་ལྡོག་མ་ནུས་པར་མི་དགའ་བཞིན་དུ་རང་གི་གྲོ་མའི་ཕྱེད་ཀ་ཨ་མ་དྲེད་མོང་གི་སྣོད་དུ་བླུགས། ཨ་མ་དྲེད་མོང་ད་དུང་ཡིད་མི་ཚིམ་པར། ཁྱོད་ཀྱི་གྲོ་མ་ཚང་མ་ང་ལ་བྱིན། དེ་མིན་ང་ཡིས་ཁྱོད་འཆའ་རྒྱུ་ཡིན་ཟེར། ད་ཐེངས་ཨ་མ་རི་བོང་གིས་རང་གི་རི་ཕྲུག་སེམས་ལ་དྲན་ནས་དཔའ་ཞིག་བསྐྱེད་དེ་ན་རེ། ཨ་མ་དྲེད་མོང༌། ཁྱོད་ཀྱིས་འཆའ་རྒྱུ་ཡིན་རུང༌། ཚང་མ་སྟེར་མི་ཉན། ང་ཡི་རི་ཕྲུག་གིས་ཀྱང་ཡུལ་ན་ང་ལ་རེ་ལྟོས་བྱས་འདུག་ཟེར་ནས་ཨ་མ་དྲེད་མོང་གི་ཁ་མ་ཉན་པ་རེད། ཨ་མ་དྲེད་མོང་ཁྲོས་ནས་ཨ་མ་རི་བོང་བསད།ཤ་དང་གྲོ་མ་ཁུར་ནས་ཕྱིར་ཁྱིམ་དུ་ལོག་སོང༌།
      རི་ཕྲུག་གིས་ཨ་མ་དྲེད་མོང་ཕྱིར་འོངས་པ་མཐོང་ནས་ཨ་མ་དྲེད་མོང་ལ། ཨ་མ་དྲེད་མོང༌། ང་ཡི་ཨ་མ་འོང་གིན་ཡོད་དམ་ཞེས་དྲིས། དྲེད་མོང་ན་རེ། ཁྱོད་ཀྱི་ཨ་མས་ལ་རིང་འགོ་མ་ན་གྲོ་མ་རྟ་མགོ་འདྲ་འདྲ་རྟེའུ་མགོ་འདྲ་འདྲ་ཁུར་ནས་འོང་གིན་འདུག་ཅེས་ཟེར། རི་ཕྲུག་དགའ་ནས་གནམ་ལྡིང་ས་ལྡིང་ངང་ཕྱིར་རང་ཁྱིམ་དུ་ལོག་སོང༌། ཉི་མ་ནུབ་སོང༌། རི་ཕྲུག་གི་ཨ་མ་ད་དུང་མ་ཐོན། རི་ཕྲུག་ཨ་མ་དྲེད་མོང་ཚང་ལ་སོང་ནས། ཨ་མ་དྲེད་མོང༌། དེད་ཚང་གི་ཨ་མ་འོང་གིན་ཡོད་དམ་ཞེས་དྲིས། ཨ་མ་དྲེད་མོང་ན་རེ། ཁྱོད་ཚང་གི་ཨ་མས་ལ་རིང་བར་མ་ན་གྲོ་མ་རྟ་མགོ་འདྲ་དང་རྟེའུ་མགོ་འདྲ་ཁུར་ནས་འོང་གིན་འདུག་ཅེས་སྨོས།
      རི་ཕྲུག་དགའ་ནས་གནམ་ལྡིང་ས་ལྡིང་ངང་ཕྱིར་ཁྱིམ་དུ་ལོག་སྟེ། ང་ཡི་ཨ་མ་གྲང་ནས་འོང་གིན་ཡོད་ལས་ཆེ་སྙམ་ནས་ཐབ་ལ་མེ་ཆེན་བུས། ལག་པས་འགྲམ་པ་སྐྱོར་བཞིན་བསྒུགས་ནས་བསྡད།
      ས་རུབ་ནས་མུན་ནག་འཐིབས་སོང༌། ཨ་མ་རི་བོང་ད་དུང་མ་ཐོན། རི་ཕྲུག་སེམས་འཚུབ་སྟེ་ཡང་ཨ་མ་དྲེད་མོང་ཚང་ལ་སོང་ནས་ངུ་སྐད་དང་བཅས་ཨ་མ་དྲེད་མོང༌། ང་ཡི་ཨ་མ་འོང་གིན་ཡོད་དམ་ཞེས་དྲིས། ཨ་མ་དྲེད་མོང་ན་རེ། ཁྱོད་ཀྱི་ཨ་མས་ལ་རིང་ཞོལ་མ་ན་གྲོ་མ་རྟ་མགོ་འདྲ་དང་རྟེའུ་མགོ་འདྲ་ཁུར་ནས་འོང་གིན་ཡོད་ཅེས་བརྗོད། རི་ཕྲུག་གིས་ཅི་ཡང་མི་སྨྲ་བར་ཕྱིར་ལོག་སོང༌།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号