ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ཨ་མ་དྲེད་མོང་དང་ཨ་མ་རི་བོང༌།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      རི་ཕྲུག་གིས་རང་ཁྱིམ་ནས་རང་གི་ཨ་མར་བསྒུགས་བསྒུགས་ཀྱང་ཨ་མའི་གྲིབ་མའང་མཐོང་རྒྱུ་མ་བྱུང༌། དེ་བས། ཁོའི་སེམས་ལ། ཉིན་རྒྱུན་ང་ཡི་ཨ་མ་དང་དྲེད་ཕྲུག་རྒྱ་ལིའི་ཨ་མ་གཉིས་མཉམ་དུ་ཕྱིར་འོང་མོད། དེ་རིང་ཨ་མ་དྲེད་མོང་བསླེབས་ཀྱང་ང་ཡི་ཨ་མ་འོང་རྒྱུ་མེད་པས། ལས་མ་བཟང་ན་ཨ་མ་དྲེད་མོང་འདིས་ང་ཡི་ཨ་མར་གནག་ཀྱང་སྲིད། ང་ཡིས་བརྟག་དགོས་བསམས་ནས། རྐང་འཇབ་ལག་འཇབ་ངང་ཨ་མ་དྲེད་མོང་ཚང་གི་ཁང་ཀླད་དུ་འགོས། དཀར་ཁུང་ལས་མར་བལྟས་ཙ་ན། ཨ་ཧོ་ཧོ། ཨེན་ཙམ་གྱིས་རི་ཕྲུག་དཀར་ཁུང་ལས་མར་ལྷུང་སོང༌། ཨ་ཙ་མ། དྲེད་མོང་བདུད་རྒན་མ་དེས་དྲེད་ཕྲུག་རྒྱ་ལི་ལ་འདི་ནི་ཨ་མ་རི་བོང་གི་མགོ་ཏི་ཡིན། འདི་ནི་ཨ་མ་རི་བོང་གི་རྐང་ཡས་ཡིན། འདི་ནི་ཨ་མ་རི་བོང་གི་ལག་ཡས་ཡིན་ཞེས་རང་གི་ཨ་མའི་བེམ་པོ་དུམ་བུར་གསིལ་ནས་སྟོན་གྱིན་འདུག་པ་མཐོང༌། རི་ཕྲུག་གིས་ང་ཡི་ཨ་མ་དྲེད་རྒན་མ་འདིས་བསད་དེ། ད་ཕྱིར་ཡོང་ཞིག་གང་ནས་ཡོད་སྙམ་ནས། སེམས་སྡུག་པ་ལ་ཚད་མེད་པར་ངུ་བཞིན་ཕྱིར་སོང་བ་དང་རང་གི་ཨ་མ་དྲན་དྲགས་ཞག་གང་བོར་ངུས་ནས་གཉིད་མ་ཐུབ། ངུ་བཞིན་ངུ་བཞིན་དྲེད་རྒན་མ་དེར་ཞེ་འཁོན་གཏིང་ནས་ལངས་ཏེ་ཤ་འཁོན་ཞིག་ཅིས་ཀྱང་རྩོད་དགོས་མོད། ཨ་མ་དྲེད་མོང་དེ་འདྲའི་སྟོབས་ཆེ་བ་ལ། ང་ནི་འདི་འདྲའི་ཉམ་ཐག་པ་ལ། དགྲ་ཤ་ཇི་ལྟར་ལེན་ཞེསེ་འདང་རྒྱག་ནང་ལ་ལྷུང༌།
      ཕྱི་ཉིན་ནངས་མོ། ཨ་མ་དྲེད་མོང་ཉིན་རྒྱུན་དང་འདྲ་བར་ཕྱི་རུ་གྲོ་མ་འཐུ་བར་སོང༌། རི་ཕྲུག་ཀྱང་ནམ་རྒྱུན་དང་འདྲ་བར་ཨ་མ་དྲེད་མོང་ཚང་ལ་སོང་ནས། དྲེད་ཕྲུག་རྒྱ་ལི། འུ་གཉིས་མཉམ་དུ་རྩེ་ཨེ་ཟེར། དྲེད་ཕྲུག་རྒྱ་ལི་ན་རེ། ང་ལ་ཨ་མས་ཁྱོད་དང་མཉམ་དུ་མ་རྩེ་ཟེར་ཞེས་ལན་བཏབ། ཡུད་ཙམ་ནས་རི་ཕྲུག་གིས་རང་གི་རྩེད་ཆས་སྣ་ཚོགས་དང༌། དེ་མིན། ཡིད་དུ་འོང་བའི་གློ་གྲི་དང་མདའ་གཞུ། མདུང་སོགས་ངོམ་བཞིན་ཡང་དྲེད་ཕྲུག་རྒྱ་ལི། ལྟོས་དང༌། ཁྱོད་ལ་འདི་ལྟ་བུའི་རྩེད་ཆས་མེད་ལ། གལ་ཏེ། ཁྱོད་ཀྱིས་ང་ལ་རྩེ་རོགས་བྱེད་ན། ང་ཡིས་རྩེད་ཆས་འདི་དག་ཁྱོད་ལ་སྦྱིན་ཞེས་བཤད། དྲེད་ཕྲུག་རྒྱ་ལི་རི་ཕྲུག་གི་རྩེད་ཆས་དེ་དག་ལ་ཧེབ་ལངས་ནས་ན་རེ། དེས་ན་ཆོག་གི །འུ་གཉིས་ཀྱིས་ཅི་རྩེ་ཞེས་དྲིས། གྲི་རྩེད་བྱ་ཨེ། རི་ཕྲུག་གིས་ཡིད་དུ་འོང་ཞིང་གྲི་ཁ་རྣོ་བའི་གློ་གྲི་དེ་བླངས་ནས་དེ་ལྟར་སྨོས། དྲེད་ཕྲུག་རྒྱ་ལིས་མགོ་བོ་འཕྲེད་དུ་གཡུག་གིན་ན་རེ། མིན། ང་ཡི་ཨ་མས་ང་ལ་ཁྱོད་དང་གྲི་རྩེད་མ་བྱེད་ཟེར་ཞེས་ལན་བཏབ། འོ་ན། མདུང་རྩེད་བྱའམ། རི་ཕྲུག་གིས་ཡང་དེ་ལྟར་དྲིས། དྲེད་ཕྲུག་ན་རེ། མིན། ང་ཡི་ཨ་མས་ཁྱོད་དང་མདུང་རྩེད་མ་བྱེད་ཟེར་ཞེས་བརྗོད། དེ་ན་འུ་གཉིས་ཀྱིས་རྡོ་རིལ་བསྐོར་ལ་རྩེ་ཨེ། རི་ཕྲུག་གིས་ཡང་དེ་ལྟར་དྲིས། དྲེད་ཕྲུག་རྒྱ་ལིས་མིག་ཟུང་གནམ་ལ་འཁོར་ནས་འདང་ཞིག་བརྒྱབ་རྗེས་ན་རེ། དེ་ངའི་ཨ་མས་མ་རྩེ་མི་ཟེར་ཞེས་སྨོས་ནས་འཐད་པ་བྱུང༌། རི་ཕྲུག་ན་རེ། དྲེད་ཕྲུག་རྒྱ་ལི། སྔོན་ན་ཁྱོད་ཀྱིས་ངའི་སྟེང་ལ་རྡོ་རིལ་བསྐོར། དེའི་རྗེས་ང་ཡིས་ཁྱོད་ཀྱི་སྟེང་ལ་རྡོ་རིལ་བསྐོར་ཟེར། དྲེད་ཕྲུག་རྒྱ་ལིས་འོ་ཡ། དེ་ལྟར་བྱ་ཟེར། རི་ཕྲུག་དམའ་ས་ནས་བསྡད་ཅིང་དྲེད་ཕྲུག་རྒྱ་ལིས་རྡོ་རིལ་མཐོ་སར་ཁྱེར་ནས་རི་ཕྲུག་རི་ཕྲུག་རེམ་མ་ཕྲོས་ཞེས་གི་ཞིག་བཏབ་ནས་མར་རི་ཕྲུག་སྟེང་ལ་བསྐོར། རྡོ་རིལ་མར་རྦབ་ཏུ་ཤོར་འོང་བ་ན། རི་ཕྲུག་བདེ་མྱུར་ངང་མཆོང་ཐེངས་གཅིག་གིས་ལོགས་སུ་བྱོལ། དེ་ནས་རི་ཕྲུག་ན་རེ། དྲེད་ཕྲུག་རྒྱ་ལི། ད་རེབ་ངའི་བསྐོར་རེས་རེད་ལ་ཞེས་དྲིས། དྲེད་ཕྲུག་རྒྱ་ལིས་རེད་ལགས་ཟེར་བཞིན་དམའ་ས་ནས་བསྡད།རི་ཕྲུག་གིས་མཐོ་ས་ནས་ཤེང་ཡོད་དགུས་རྡོ་རིལ་མར་དྲེད་ཕྲུག་རྒྱ་ལིའི་་སྟེང་བསྐོར་རྗེས། དྲེད་ཕྲུག་རྒྱ་ལི། ཕྲོས་ཡ་ཞེས་སྐད་བརྒྱབ། རྡོ་རིལ་མགྱོགས་པོར་མར་རྦབ་ལ་འགྲིལ་བྱུང་བ་ངང༌། དྲེད་ཕྲུག་རྒྱ་ལིའི་ལུས་བོངས་ཆེ་ཞིང་འཁོབ་ཏོ་ཡིན་ལ་བདེ་མྱུར་མི་ལྡན་པས། བསམ་དབང་འབྲོ་དབང་མ་བྱིན་པར་རྦབ་ལ་གྲིལ་བའི་རྡོ་རིལ་འོག་ཏུ་ཤོར་ནས། དེ་མ་ཐག་ཁ་ཁྲག་ཁ་ནས་ཐོན་ཞིང་སྣ་ཁྲག་སྣ་ནས་བཞུར་ཏེ་ཤི་སོང༌།
      ཨ་མ་དྲེད་མོས་ཤེས་རྗེས་ངུ་རིང་ཞིག་བྱས་ཏེ་རི་ཕྲུག་གསོད་པར་བརྩམས། རི་ཕྲུག་སྲོག་བསྡོས་ནས་བྲོས། ལ་རིང་ལ་ཐུང་བརྒྱུད་ནས་བྲོས། ལ་ཆེན་ལ་འགོས་ཏེ་བྲོས། ལ་ཆུང་ལས་མཆོངས་ཏེ་བྲོས།བྲོས་བྲོས་མཐར་ལུག་རྫི་ཞིག་དང་ཕྲད། རི་ཕྲུག་ན་རེ། ཨ་ཁུ་ལུག་རྫི་ལུག་རྫི་ང་ལ་ཉོན། ང་ལ་ཕ་ཞིག་ཡོད་པ་ཝ་ཡིས་བསད། མ་ཞིག་ཡོད་པ་དྲེད་ཀྱིས་བསད། དྲེད་ཕྲུག་རྒྱ་ལི་ང་ཡིས་བསད། སྦ་ས་སྐུང་ས་རེ་ཡོད་དམ། ཨ་མ་དྲེད་མོང་ཐོན་ལད་ཡོད་ཟེར། ལུག་རྫི་ན་རེ། ང་ཡི་ལུག་མང་གསེབ་ཏུ་སྦོས་ཤིག་ཅེས་བཤད།
      རེ་ཞིག་ནས་ཨ་མ་དྲེད་མོང་དབུགས་ཀ་ལྷེབ་ལྷེབ་ཏུ་བརྒྱུགས་འོངས་ནས་ན་རེ། ལུག་རྫི་ཉན་ཡག་བྱོས། སུག་ཏི་ཐུང་ཐུང་ཅན་རྣ་བ་ཀྱོར་ཀྱོར་ཅན་ཞིག་མ་མཐོང་ངམ། མ་རིག་མ་མཐོང་ཟེར་ན་འཆའ་རྒྱུ་ཡིན་ཞེས་འཇིགས་བསྐུལ། ལུག་རྫིས་ལུག་ཁྱུས་དྲེད་མོང་གི་སྔུན་བཀག་ནས། རི་བོང་ཁ་ཤོ། ཕྲོས་ཤིག་ཅེས་སྐད་བརྒྱབ།
      རི་ཕྲུག་སྲོག་བསྡོས་ནས་བྲོས་སོང༌། ཨ་མ་དྲེད་མོང་གིས་ཤེད་ཤུགས་ཡོད་རྒུས་ལུག་ཁྱུའི་དཀྱིལ་ནས་ཐོན་ཏེ་བདས། རི་ཕྲུག་གིས་ཐང་ཆེན་ཐང་ཆུང་བརྒྱུད་ནས་བྲོས། ཐང་ཆེན་ནས་བརྒྱུགས་ཏེ་བྲོས། ཐང་ཆུང་ལས་མཆོངས་ཏེ་བྲོས། བྲོས་བྲོས་མཐར་རྟ་རྫི་ཞིག་དང་ཕྲད། རི་ ཕྲུག་ན་རེ། ཨ་ཁུ་རྟ་རྫི་རྟ་རྫི་ང་ལ་ཉོན། ང་ལ་ཕ་ཞིག་ཡོད་པ་ཝ་ཡིས་བསད། མ་ཞིག་ཡོད་པ་དྲེད་ཀྱིས་བསད། དྲེད་ཕྲུག་རྒྱ་ལི་ང་ཡིས་བསད། སྦེད་ས་སྐུང་ས་རེ་མེད་ལ། ཨ་མ་དྲེད་མོང་ཐོན་ལད་ཡོད་ཅེས་ཞུ་བ་བྱས། རྟ་རྫིས་རི་ཕྲུག་ལ་སྙིང་རྗེ་ནས་རྟའི་རྔོག་མའི་ནང་སྦོས་ཤིག་ཅེས་སྨོས།
རེ་ཞིག་ནས་ཨ་མ་དྲེད་མོང་དབུགས་ཀ་འཚུབ་ཀྱིན་བསླེབས་བྱུང་སྟེ་ན་རེ། ཁོ་རེ་རྟ་རྫི་ཞིབ་མོར་ཉོན། སུག་ཐུང་ཐུང་ཅན་གྱི་རྣ་ཀྱོར་ཀྱོར་ཅན་ཞིག་མ་མཐོང་ངམ། མ་རིག་མ་མཐོང་ཟེར་ན་འཆའ་རྒྱུ་ཡིན་ཟེར་ནས་འཇིགས་བསྐུལ། ཨ་ཁུ་རྟ་རྫིས་རི་བོང་ཁ་ཤོ། ཕྲོས་ཤིག་ཅེས་སྐད་བརྒྱབ་ནས་རྟ་ཁྱུས་ཨ་མ་དྲེད་མོང་གི་སྔུན་བཀག རི་ཕྲུག་སྲོག་བསྡོས་ནས་བྲོས་སོང༌། ཨ་མ་དྲེད་མོང་གིས་རྟ་ཁྱུ་བསྐོར་ནས་བདས་འོངས། རི་ཕྲུག་གིས་ནགས་ཆེན་ནགས་ཆུང་བརྒྱུད་ནས་བྲོས། ནགས་ཆེན་བསྐོར་ནས་བྲོས། ནགས་ཆུང་བཤགས་ནས་བྲོས། བྲོས་བྲོས་མཐར་ཨ་ཁུ་འབྲོང་ཞིག་དང་ཕྲད། རི་ཕྲུག་ན་རེ། ཨ་ཁུ་འབྲོང༌། ཨ་ཁུ་འབྲོང༌། ང་ལ་ཕ་ཞིག་ཡོད་པ་ཝ་ཡིས་བསད། མ་ཞིག་ཡོད་པ་དྲེད་ཀྱིས་བསད། དྲེད་ཕྲུག་རྒྱ་ལི་ང་ཡིས་བསད། སྦེད་ས་སྐུང་ས་རེ་མེད་ལ། ཨ་མ་དྲེད་མོང་ཐོན་ལད་ཡོད་ཟེར། འབྲོང་ན་རེ། ང་ཡི་སྣ་ཁུང་ནང་དུ་འཛུལ་ཞེས་སྨོས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号