ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །གསེར་གཏེར་འབུམ་དང་གསེར་མོ་མཚོ་ཡི་གཏམ་རྒྱུད།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ། ས་ཕྱུག་ས་གཡེར་མོ་ཐང་ན་སྡེ་ཆེན་པོ་གཡང་ཕྱུག་རྫོང་ཟེར་བ་ཞིག་མར་ཁུ་འཁྱིལ་བ་ལྟར་ལྷུན་ནེ་ཆགས་འདུག སྡེ་ཆེན་པོ་དེ་ན་མིང་ལ་གསེར་མོ་མཚོ་ཟེར་བའི་བུ་མོ་ཞིག་ཡོད། བུ་མོ་གསེར་མོ་མཚོ་ནི་ཕྱིའི་མོ་སྒོ་མཛེས་པ་མ་ཟད། ནང་གཤིས་རྒྱུད་འཇམ་ལ་ལག་ལས་ཀར་མཁས་པས་ནང་སྡེ་ཕྱི་སྡེ་ཀུན་ཏུ་གཞོན་གསར་སྟག་ཤར་ཚོས་ཡིད་སྨོན་དི་རིར་བྱེད་ཡུལ་དུ་གྱུར། ཁོ་མོ་ཚང་གི་ཁྱིམ་མཚེས་ན་མིང་ལ་གསེར་གཏེར་འབུམ་ཟེར་བའི་གཞོན་ནུ་ཞིག་ཡོད་པ་དེ་དང་གསེར་མོ་མཚོ་གཉིས་ནི་ན་ཆུང་བྱིས་པའི་རྩེད་གྲོགས་དང་ཆུང་ཆུང་ལུ་གུ་འདེད་གྲོགས་ཡིན་ཞིང༌། མཉམ་དུ་ནར་སོན་ནས་ཀྱང་དགའ་དགའ་དགོད་པའི་དགོད་གྲོགས་དང་སྐྱོ་སྐྱོ་ངུ་བའི་ངུ་གྲོགས་ཡིན་པས། ཕན་ཚུན་ལ་ཤིན་ཏུ་འདྲིས་ནས་མཛའ་བའི་ཕྱག་རྒྱས་བཅངས་འདུག
      བུ་མོ་གསེར་མོ་མཚོ་མོ་ལོ་ལྔ་གསུམ་བཅོ་ལྔར་ལོན་པའི་ལོ་དེར། ཁྱིམ་མཚེས་ཚང་གིས་ཁོ་མོ་བུ་གསེར་གཏེར་འབུམ་ལ་མནའ་མར་བསླངས་མོད། ཡིན་ཡང༌། བུ་མོ་གསེར་མོ་མཚོ་ཚང་ཁྱིམ་ཚང་ཕྱུག་པོ་ཡིན་པ་དང༌། གསེར་གཏེར་འབུམ་ཚང་ཁྱིམ་ཚང་དབུལ་པོ་ཡིན་ཕྱིར། གསེར་མོ་མཚོའི་ཕ་མས་བུ་མོ་གསེར་མོ་མཚོ་གཞན་སྡེའི་ཁྱིམ་ཚང་ཕྱུག་པོ་ཞིག་ལ་བྱིན་སོང༌། དེ་ལྟར་ཆུང་ཆུང་བྱིས་པའི་རྩེད་གྲོགས་དེ་གཉིས་ཀ་བྱིའུ་ཁྲ་ཡིས་བདས་པ་བཞིན་ཁ་ཁར་མི་འབྲལ་ཐབས་མེད་སོང༌།
      བུ་མོ་གསེར་མོ་མཚོ་གནས་ལ་མ་སོང་གོང༌། ཁོ་གཉིས་ཀས་ཟླ་རེའི་ཚེས་བཅོ་ལྔ་ཉིན། ཁྱིམ་གཉིས་ཀའི་ཕྱུགས་འཚོ་བར་སྡེ་བ་གཉིས་ཀའི་དཀྱིལ་ན་ཡོད་པའི་རི་བོ་དར་ལྕོག་སྒང་ནས་ཐུག་རྒྱུའི་དུས་བཅད་བྱས།
      ཟླ་རེའི་ཚེས་བཅོ་ལྔ་ཉིན། གསེར་གཏེར་འབུམ་དང་གསེར་མོ་མཚོ་གཉིས་ཀས་རང་རང་གི་ནོར་ལུག་དེད་ནས་སྡེ་བའི་བར་གྱི་དར་ལྕོག་སྒང་ལ་བརྒྱབ་པ་དང༌། ཁོ་གཉིས་ཀ་རི་འདབས་ནས་ཆུང་དུས་ཇི་བཞིན་མཉམ་དུ་རྩེ་ནས་བསྡད། ཉིན་དེར། ཡང་ཚེས་བཅོ་ལྔར་བསླེབས་བྱུང༌། བུ་མོ་གསེར་མོ་མཚོས་སྔ་མོ་ནས་རང་ཚང་གི་ནོར་ལུག་དེད་ནས་དར་ལྕོག་སྒང་ལ་བརྒྱབ། ཁོ་མོས་ཐེངས་རེ་རེར་གསེར་གཏེར་འབུམ་དང་མཉམ་དུ་རྩེ་སའི་སྤང་ཐང་དུ་གསེར་གཏེར་འབུམ་ལ་བསྒུགས་ནས་བསྡད། གསེར་གཏེར་འབུམ་གྱིས་ཀྱང་མྱུར་དུ་ལུག་ཁྱུ་དེད་ནས་འོངས། གསེར་མོ་མཚོ་ཡིས་རྒྱང་རིང་ནས་མཐོང་བས་དགའ་སྟེ། གསེར་གཏེར་འབུམ། གསེར་གཏེར་འབུམ། ཁ་སང་རྩེས་པའི་རྩེ་སར་ཤོག ཁ་སང་བགད་པའི་བགད་སར་ཤོག གསེར་གཏེར་འབུམ།གསེར་གཏེར་འབུམ། ལུག་དཀར་དཀར་ཉིན་ཁའི་ཉིན་ལ་རྒྱོབ། ལུག་ནག་ནག་སྲིབ་རེ་སྲིབ་ལ་རྒྱོབ། ལུག་ཁྲ་ཁྲ་ཐང་རེ་ཐང་ལ་རྒྱོབ། གསེར་གཏེར་འབུམ། གསེར་གཏེར་འབུམ། ཁ་སང་རྩེས་པའི་རྩེ་སར་ཤོག ཁ་སང་བགད་པའི་བགད་སར་ཤོག་ཅེས་གླུ་གཞས་བླངས། གསེར་གཏེར་འབུམ་གྱིས་གསེར་མོ་མཚོ་ཡི་འབོད་གཞས་ཐོས་ནས། སྦྲང་རྩི་འཐུང་བ་ལྟ་བུའི་སྐྱིད་སྣང་གིས་ཁེངས་ནས་མྱུར་མ་མྱུར་དུ་ནོར་ལུག་རི་མགོར་བརྒྱབ་ནས་ཁོ་གཉིས་རྩེ་སའི་སྤང་ཐང་དེར་བརྒྱུགས་སོང༌། དགོང་ཕྱི་དྲོ་ཉི་མ་ནུབ་དུས། ཁོ་གཉིས་ཀྱིས་ཟླ་རྗེས་མའི་དེ་རིང་གི་ཉི་མར་ཡང་ས་འདི་ནས་འཛོམས་པའི་དུས་བཏབ་སྟེ་རང་རང་གི་ནོར་ལུག་དེད་ནས་ཕྱིར་ལོག
      གསེར་གཏེར་འབུམ་དང་གསེར་མོ་མཚོ་གཉིས་ཟླ་རེའི་ཚེས་བཅོ་ལྔར་མཉམ་དུ་རྩེས་པའི་དོན་དེ་གསེར་མོ་མཚོ་ཡི་སྐྱེས་པས་ཤེས་འཕྲལ་ཁོང་ནས་ཕྲག་དོག་གི་མེ་ལྕེ་འབར། ཟླ་རྗེས་མའི་ཚེས་བཅོ་ལྔའི་ཉིན་གྱི་ནངས་མོ། ཁོས་གསེར་མོ་མཚོ་ཡི་ཝ་ཞྭ་དང་ཐོག་ལྭ་ཁྱེར་ཞིང་ནོར་ལུག་དེད་ནས་རི་མགོར་ཕྱིན་སོང༌། རི་འགོར་བསླེབས་རྗེས། ནོར་ལུག་རི་ལ་བརྒྱབ་པ་དང༌། གསེར་མོ་མཚོ་ཡི་ཝ་ཞྭ་དང་ཐོག་ལྭ་གོན་ནས་བསྡད་ཅིང༌། གསེར་གཏེར་འབུམ་རྟ་རྐྱང་རྐྱང་ཞིག་ལ་ཞོན་ནས་རྒྱང་ནས་ནོར་ལུག་དེད་འོངས་པ་མཐོང་འཕྲལ། གསེར་མོ་མཚོ་ཡི་སྐད་ལ་བརྫུས་ཏེ། གསེར་གཏེར་འབུམ། གསེར་གཏེར་འབུམ། ཁ་སང་རྩེས་པའི་རྩེ་སར་ཤོག ཁ་སང་བགད་པའི་བགད་སར་ཤོག ལུག་དཀར་དཀར་ཉིན་རེ་ཉིན་ལ་རྒྱོབ། ལུག་ནག་ནག་སྲིབ་རེ་སྲིབ་ལ་རྒྱོབ། ལུག་ཁྲ་ཁྲ་ཐང་རེ་ཐང་ལ་རྒྱོབ་ཅེས་གླུ་གཞས་བླངས། གསེར་གཏེར་འབུམ་གྱིས་ཀྱང་མྱུར་དུ་རང་གི་ནོར་ལུག་རི་ལ་བརྒྱབ་རྗེས། རྟ་ཁྲིད་དེ་གསེར་མོ་མཚོ་རྩྭ་གསེང་ན་ཉལ་འདུག་པའི་གམ་དུ་བསྡད། དེ་མ་ཐག་མིག་ལམ་དུ་འོད་ལམ་མེར་སོང་བ་དང་མཉམ་དུ་རང་གི་ཁོང་དུའང་ཚ་དྲོད་མེར་ན་ཟུག་ཅིག་བཟོས་བྱུང༌། ཨ་ཁ། ང་ལ་ཅི་བྱུང་ཨང༌། གསེར་གཏེར་འབུམ་གྱིས་མགོ་བོ་སྒུར་ནས་བལྟས་པ་ན། རང་གི་ཁོང་ནས་ཁྲག་ལྷོག་ལྷོག་ཏུ་བཞུར་བ་དང་གསེར་མོ་མཚོ་ཡི་ཞྭ་མོའི་འོག་ནས་ཞེ་སྡང་གི་མིག་གཉིས་ཀྱིས་ཁོ་ལ་བགྲད་འདུག ཁོས་གཞི་ནས་ཧ་གོ་སོང༌། དེ་ནས་ཁོས་སྐྱེས་ཕོ་རབ་ལས་ལ་འགྱོད་པ་མེད། དེ་རིང་ཉི་མ་ཕན་ཆད་ནས་གསེར་མོ་མཚོ་ཡི་སྐྱིད་སྡུག་ཁྱོད་ལ་རག་ཟེར་ནས་རྨ་ཁ་ལག་པས་བཅད། ཨམ་གཙིགས་བསྡམས་ནས་རང་གི་ཞོན་རྟ་རྐྱང་རྐྱང་དེར་ཞོན་ནས་བཞུད་སོང༌།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号