ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །གསེར་གཏེར་འབུམ་དང་གསེར་མོ་མཚོ་ཡི་གཏམ་རྒྱུད།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ཉི་མ་དྲོས་ཇ་མ་ལོན་པར། གསེར་མོ་མཚོའི་སྐྱེས་པའི་ངོ་ནག་འཐིབས་འཐིབས་ངང་ཕྱིར་འོངས། ཁྱོད་ཀྱི་མི་དེ་ལ་སྟེར་རྒྱུ་ཞིག་བྱིན་ཡོད་ཟེར་བཞིན་ཁྲག་གིས་བརྫིས་པའི་གློ་གྲི་ཞིག་གསེར་མོ་མཚོ་ཡི་མདུན་དུ་གཡུགས་བྱུང༌། གསེར་མོ་མཚོའི་སེམས་ལ་བཟོད་གླགས་བྲལ་བའི་ན་ཟུག་ཅིག་གིས་མནར། ཁོ་མོས་རང་ཉིད་གནས་ལ་འོང་དུས་ཕ་མས་རྫོངས་སྐལ་དུ་གནང་བའི་གོས་ཚྭ་རུ་ཐོག་ལྭ་དང་ཝ་ཞྭ་དང་བཅས་པ་གོན་ནས་ཕྱིར་མིག་ཙམ་ཡང་མི་ལྟ་བར་ཡུལ་ཕྱོགས་སུ་བརྒྱུགས་སོང༌། ལམ་ནས་རྟ་རྫི་ཞིག་དང་ཕྲད། ཁོ་མོ་ན་རེ། རྟ་རྫི་རྟ་རྫི་ཚུར་ལ་ཉོན། །ད་ནངས་ཉི་མ་སྔ་དྲོ་ལ། །རྟ་རྐྱང་རྐྱང་ཞོན་པའི་གཞོན་ནུ་ཞིག །ལམ་འདི་ནས་འགྲོ་བ་མཐོང་ལགས་སམ། །མི་རྟ་ལམ་ནས་བདེ་ལགས་སམ། །ཞེས་དྲིས། རྟ་རྫི་ན་རེ། བུ་མོ་བུ་མོ་ཚུར་ལ་ཉོན། །ད་ནངས་ཉི་མ་སྔ་དྲོ་ལ། །རྟ་རྐྱང་རྐྱང་ཞོན་པའི་གཞོན་ནུ་ཞིག །རྨ་ཁ་ལག་པའི་གཅོད་མི་ཞིག །ཁྲག་གི་ལམ་ཐིག་འཐེན་མཁན་ཞིག། ལམ་འདི་བརྒྱུད་ནས་སོང་བ་མཐོང༌། །ཞེས་ལན་བཏབ། དེ་ནས་གསེར་མོ་མཚོ་ཡིས་ཁྲག་རྗེས་དེད་དེ་མདུན་དུ་སོང༌། ལམ་བར་ནས་ལུག་རྫི་ཞིག་དང་ཕྲད། ཁོ་མོ་ན་རེ། ལུག་རྫི་ལུག་རྫི་ང་ལ་ཉོན། །ད་ནངས་ཉི་མ་སྔ་དྲོ་ལ། །རྟ་རྐྱང་རྐྱང་ཞོན་པའི་གཞོན་ནུ་ཞིག །ལམ་འདི་ནས་སོང་བ་མཐོང་ལགས་སམ། །མི་རྟ་བདེ་མོར་ཡོད་ལགས་སམ། །ཞེས་དྲིས། ལུག་རྫི་ན་རེ། བུ་མོ་བུ་མོ་ཚུར་ལ་ཉོན། །དེ་རིང་ཉི་མ་སྔ་དྲོ་ལ། །རྟ་རྐྱང་རྐྱང་ཞོན་པའི་གཞོན་ནུ་ཞིག །རྒྱུ་དཀར་ལག་མགོར་དཀྲི་མི་ཞིག །རྒྱུ་ནག་ས་ལ་འདྲུད་མི་ཞིག །ལམ་འདི་བརྒྱུད་ནས་སོང་བ་མཐོང༌། །རྟ་བདེ་ཡང་མི་ནི་བདེ་རེ་སྐན། །ཞེས་ལན་བཏབ།
        བུ་མོ་གསེར་མོ་མཚོ་ངུ་ཞོར་དུ་མདུན་དུ་སོང༌། དེ་ནས་ཡང་ནོར་རྫི་ཞིག་དང་ཕྲད། ཁོ་མོ་ན་རེ། ནོར་རྫི་ནོར་རྫི་ང་ལ་ཉོན། །དེ་རིང་ཉི་མ་སྔ་དྲོ་ལ། །རྟ་རྐྱང་རྐྱང་ཞོན་པའི་གཞོན་ནུ་ཞིག །ལམ་འདི་ནས་སོང་བ་མཐོང་ལགས་སམ། །མི་རྟ་བདེ་མོར་གདའ་ལགས་སམ། །ཞེས་དྲིས། ནོར་རྫི་ན་རེ། བུ་མོ་བུ་མོ་ང་ལ་ཉོན། །དེ་རིང་ཉི་མ་སྔ་དྲོ་ལ། །རྟ་རྐྱང་རྐྱང་ཞོན་པའི་གཞོན་ནུ་ཞིག །རྒྱུ་མ་ཐང་ལ་འདྲུད་མཁན་ཞིག །ལམ་འདི་བརྒྱུད་ནས་སོང་བ་མཐོང༌། །མི་མགོ་མི་མཐོ་རྟ་མགོ་མཐོ། །རྟ་བདེ་ཡང་མི་ནི་བདེ་རེ་སྐན། །ཞེས་ལན་བཏབ།
      བུ་མོ་གསེར་མོ་མཚོ་ངུ་བཞིན་མདུན་དུ་སོང༌། ཉི་མ་ནུབ་ནས་སྨག་རིམ་འཐིབས་དུས་ཁོ་མོ་རང་སྡེ་ལ་བསླེབས་ཤིང༌། ཁྱིམ་ལ་སླེབ་མ་ཐག་གསེར་གཏེར་འབུམ་མ་འཚམས་པའི་གཏམ་ཐོས་པས། ཁོ་མོ་སྡུག་བསྔལ་གྱིས་མནར་ནས་དྲན་མེད་དུ་བརྒྱལ་སོང༌། གསེར་མོ་མཚོ་དྲན་པ་སངས་དུས། གསེར་གཏེར་འབུམ་གདུང་སྲེག་བྱེད་ཀྱིན་ཡོད་ལ།འཚིག་མ་འདོད་ནས་ཀུན་ཅི་བྱ་བཏོལ་མེད་དུ་གྱུར། གསེར་མོ་མཚོ་ཡིས་རང་གི་མགོ་ཡི་ཝ་ཞྭ་དང་སྐེ་ཡི་སྐེ་རྒྱན་བླངས་ནས། ངའི་མགོ་ཡི་ཝ་དམར་ཞྭ་མོ་འདི། །ང་ཕ་མས་བརྫངས་པའི་ནོར་སྐལ་ཡིན། ངའི་སྐེ་ཡི་གཡུ་བྱུར་སྐེ་རྒྱན་འདི། །ང་ཆུང་དུས་བརྒྱན་པའི་རྒྱན་ཆ་ཡིན། །འདི་ང་ལ་མི་དགོས་ཁྱོད་ལ་སྟེར། །འདི་བུ་མོ་ང་དང་འདྲ་བ་ཡིན། །ཟེར་ནས་མེ་ནང་དུ་འཕངས་སོང་བ་དང་སིར་སྒྲ་དང་བཅས་ཝ་ཞྭ་དང་སྐེ་རྒྱན་དེ་མ་ཐག་འབར་མོད། གསེར་གཏེར་འབུམ་གྱི་བེམ་པོ་ཅུང་ཙམ་ལས་འཚིག་མ་འདོད། དེ་ནས་བུ་མོ་གསེར་མོ་མཚོ་ཡིས་བར་གྱི་ཚ་རུ་ཕུད་དེ་ན་རེ། ངའི་རྒྱབ་ཀྱི་ཚ་རུ་ཨ་འཇམ་མ། །འདི་གོན་ཚེ་དགུན་གསུམ་གྲང་ངར་མེད། །ང་ཕ་མས་གནང་བའི་རྫོངས་སྐལ་ཡིན། །འདི་ང་ལ་མི་དགོས་ཁྱོད་ལ་སྟེར། །འདི་བུ་མོ་ང་དང་འདྲ་བ་ཡིན། །ཟེར་ནས་མེ་ནང་དུ་གཡུགས་སོང༌། སིར་སྒྲ་དང་བཅས་ཚ་རུ་འབར་བ་དང་མཉམ་དུ་གསེར་གཏེར་འབུམ་གྱི་བེམ་པོ་ཅུང་ཙམ་ལས་འཚིག་མ་འདོད།
      གསེར་མོ་མཚོ་ཡིས་སླར་ཡང་གོས་ཀྱི་ཐོག་ལྭ་སྲམ་ཁ་མ་ཕུད་དེ་ན་རེ། ངའི་རྒྱབ་ཀྱི་གོས་ལྭ་སྲམ་ཁ་མ། །འདི་རྒྱ་ནག་དར་གྱིས་བཟོས་པ་ཡིན། །གོས་རིན་ཐང་ལུག་བརྒྱའི་རྩ་བ་ཡིན། །ང་ཕ་མས་གནང་བའི་རྫོངས་སྐལ་ཡིན། །འདི་ང་ལ་མི་དགོས་ཁྱོད་ལ་སྟེར། །འདི་བུ་མོ་ང་དང་འདྲ་བ་ཡིན། །ཟེར་ནས་ཐོག་ལྭ་སྲམ་ཁ་མ་དེ་ཡང་མེ་ནང་དུ་གཡུགས་སོང༌། སིར་སྒྲ་དང་བཅས་ཐོག་ལྭ་སྐད་ཅིག་ཉིད་ལ་འཚིག་མོད། ཡིན་ཡང༌། གསེར་གཏེར་འབུམ་གྱི་གདུང་ཅུང་ཙམ་ལས་འཚིག་མ་འདོད།
      དེ་ནས་བུ་མོ་གསེར་མོ་མཚོའི་སེམས་ཤིན་ཏུ་སྡུག་སྟེ་འདིས་ང་བློས་མི་ཐོངས་པར་འདུག་སྙམ་ནས་སྐྱོ་བའི་མིག་ཆུའི་རྡོག་པོ་ཁོ་མོའི་འགྲམ་ཁུག་བརྒྱུད་དེ་མུ་ཏིག་འཐོར་བ་བཞིན་ལྷུང་འོངས། དེ་ནས་ཁོ་མོས་མཆོད་དོ། ། གསོལ་ལོ། །དཀོན་མཆོག་གསུམ་པོར་སྐྱབས་སུ་མཆི།བུ་མོའི་བསམ་པ་འགྲུབ་པར་སྨོན། ཤར་རླུང་ཤར་ནས་གཡུག་ཤོག ནུབ་རླུང་ནུབ་ནས་གཡུག་ཤོག གནམ་ས་མུན་ནག་འཐིབ་ཅིག་ཅེས་གསོལ་བ་བཏབ་པ་ན། གློ་བུར་དུ་གར་ཡོང་མི་ཤེས་པའི་རླུང་འཚུབ་དྲག་པོ་ཞིག་འཚུབ་འོངས། ཚང་མས་མིག་འབྱེད་མི་ཐུབ་པར་ལག་པས་ངོ་གདོང་བཀབ་པའི་སྐབས་དེར་བུ་མོ་གསེར་མོ་མཚོ་མེ་ནང་དུ་མཆོངས་པ་དང་མཉམ་དུ་སྐད་ཅིག་ཉིད་ལ་ཞང་སྒྲ་འུར་སྒྲ་དང་བཅས་གསེར་མོ་མཚོ་དང་གསེར་གཏེར་འབུམ་གཉིས་མཉམ་དུ་ཚིག་ནས་ཤུལ་ཙམ་ཡང་མ་ལུས།
      ཉིན་འགའི་རྗེས་སུ། གསེར་མོ་མཚོ་དང་གསེར་གཏེར་འབུམ་གཉིས་ཚིག་ཤུལ་ནས་ལྗོན་ཤིང་ཉིས་འབྱར་དཀྲི་རིས་མ་ཞིག་སྐྱེས་འོངས། སྡེ་བའི་མི་ཀུན་གྱིས་དེ་ནི་གསེར་གཏེར་འབུམ་དང་གསེར་མོ་མཚོ་གཉིས་ཀྱི་རྣམ་ཤེས་ཡིན་པར་ཡིད་ཆེས་ནས་གཅེས་གཅེས་བྱས། ཆེར་སྐྱེས་པ་ན་གསེར་མོ་མཚོའི་སྐྱེས་པས་ཁོ་གཉིས་ཀྱི་རྣམ་ཤེས་ཡིན་པ་ཚོར་ནས་བཅད་དེ་ལྗོན་ཤིང་ཉིས་རིས་མ་དེ་ཁ་ཁར་གཏོར་ནས་ཕྱོགས་གཉིས་ལ་གཡུགས། ཁོས་ལྗོན་ཤིང་གཅོད་དུས་སྡོང་མགོ་ནས་བྱིའུ་གཉིས་འཕུར་སོང༌། བྱིའུ་དེ་གཉིས་ཉིན་རེ་རེར་གསེར་གཏེར་འབུམ་ཚང་གི་བྱ་ཁར་བབས་ནས་འདུག་ཅིང་། གསེར་གཏེར་འབུམ་གྱི་ཕ་མ་གཉིས་ཀ་གར་འགྲོའི་རྗེས་བསྙེགས་པ་དང༌། ཕ་མ་གཉིས་བྱ་འོག་ཏུ་འདུག་དུས་པང་ལ་བབས་ནས་མགོ་བོ་བྲང་ཁར་གླན་ནས་སྡོད་པ་རེད། དེ་བས་ཕ་མ་གཉིས་ཀས་གསེར་གཏེར་འབུམ་དང་གསེར་མོ་མཚོ་ཡི་རྣམ་ཤེས་ཡིན་སྙམ་ཞིང༌། གསེར་མོ་མཆོ་ཡི་སྐྱེས་པས་གསོད་པར་དོགས་ནས། ཉིན་ཞིག་ལ། སྒམ་ཆུང་གྲུ་བཞི་རིན་པོ་ཆེས་བརྒྱན་པ། ཀླད་ན་དཀར་ཁུང་ཡོད་པ་ཞིག་ལས་ཏེ་ན་རེ། རི་བྱིའུ་ཡིན་ན་རི་ལ་སོངས། ཁྱིམ་བྱིའུ་ཡིན་ན་ནང་དུ་ཤོག་ཅེས་བརྗོད་པ་ན། བྱིའུ་གཉིས་སྒམ་ནང་དུ་འཕུར་འོངས།
ཕྱི་ཉིན་ནངས་མོ། གསེར་གཏེར་འབུམ་གྱི་ཕ་མས་སྐམ་ཁ་ཕྱེ་ནས་ལྟ་དུས། བྱིའུ་གཉིས་ཀ་ཡིད་དུ་འོང་བའི་སྐུ་གཉིས་སུ་གྱུར་འདུག དེ་ནས་བཟུང༌། གསེར་གཏེར་འབུམ་དང་གསེར་མོ་མཚོ་གཉིས་དུས་ གཏན་དུ་མཉམ་དུ་འདུག་ཐུབ་པར་གྱུར།
      གྲོགས་པོ་ཆུང་ཆུང་ཚོ། མི་ཡི་བརྩེ་དུང་ཞེས་པ་ལ་ཕ་མའི་བརྩེ་དུང་དང༌། སྤུན་མཆེད་ཀྱི་བརྩེ་དུང༌། གྲོགས་པོའི་བར་གྱི་བརྩེ་དུང༌། བཟའ་ཟླའི་བརྩེ་དུང་སོགས་རྣམ་པ་སྣ་ཚོགས་ཡོད། བརྩེ་དུང་ཅི་ཡང་མེད་པའི་མི་ཞིག་ཡོད་མི་སྲིད། བརྩེ་དུང་ནི་མི་ཚེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བརྩེ་དུང་ནི་ཤེས་བྱ་གཏིང་ཟབ་མོ་ཞིག་ཀྱང་ཡིན། བརྩེ་དུང་དེ་དག་སོ་སོར་འོས་ཤིང་འཚམས་པར་བྱས་ན་ཁྱོད་ཀྱི་མི་ཚེ་དེ་ཡང་ཕུན་སུམ་ཚོགས་པ་ཞིག་བྱུང་བ་རེད་ཅེས་བརྗོད་ཀྱང་མི་ཆོག་རྒྱུ་མེད་དོ།།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号