ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རི་བོང་དང་ཝ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་བསྐལ་བ་ཞིག་ལ། རྩྭ་དང་ནགས་ཀྱིས་ཕྱུག་ས། གཙང་ཆུ་གྱ་གྱུར་བཞུར་སའི་ས་ཆ་སྐྱིད་པོ་ཞིག་ན། གླང་བོ་ཆེ་དང༌། གཙོད་དང༌། རྒང་དང༌། རི་བོང་དང༌། སྤྲེའུ་དང༌། རྐྱང་དང་དགོ་བ་དང༌། རྣ་བ་སོགས་རི་དྭགས་སྣ་ཚོགས་དང་བྱིའུ་འཇོལ་མོ་དང་སྲེག་པ། གོང་མོ་སོགས་འདབ་ཆགས་རིགས་ཀྱིས་མཉམ་དུ་འཚོ་བ་རོལ་བཞིན་མཆིས། རི་དྭགས་དང་འདབ་ཆགས་དེ་དག་འཆམ་ཞིང་མཐུན།
      དུས་ནམ་ཞིག་ན་ཝ་ཞིག་ཐག་རིང་ཡུལ་ནས་གནས་འདིར་འོངས་ནས་རི་དྭགས་དེ་དག་གི་ཁྱིམ་མཚེས་སུ་གྱུར། དེ་ནས་བཟུང་ས་དེའི་ལྷིང་འཇགས་འཆམ་མཐུན་གྱི་འཚོ་བ་རྩ་བ་ནས་གཏོར། མ་གཞིར། །ཝ་འོངས་པ་ནས་བཟུང༌། ཉིན་དང་པོར་དགོ་བའི་ཕྲུ་གུ་བོར། ཉིན་གསུམ་པར་འཇོལ་མོའི་བྱིའུ་ཕྲུག་བོར། ཉིན་བདུན་པར་རྣ་བའི་ཕྲུ་གུ་གར་སོང་མ་ཤེས། དེ་ལྟར་ས་དེའི་རི་དྭགས་དང་འདབ་ཆགས་སྣ་ཚོགས་ཀྱི་ཕྲུ་གུ་ལ་བདེ་འཇགས་ཀྱི་ཉིན་མོ་ཞིག་མ་ཡོད་པས། ཉིན་ཞིག་ལ་རི་དྭགས་དང་འདབ་ཆགས་ཡོད་དོ་ཅོག་མཉམ་དུ་ཚོགས་ནས། གལ་ཏེ་ང་ཚོས་ཝ་གཏེ་ངན་དེ་གསོད་ཐབས་མ་བྱས་ཚེ། དུས་ནམ་ཞིག་ན་ང་ཚོའི་ཕྲུ་གུ་རྣམས་གཏེ་ངན་དེས་ཟོས་ནས་ཚར་དེས་ཟེར་ནས་གྲོས་གླེང་བྱས་བྱས་མཐར་ཀུན་གྱིས་ལས་འགན་དེ་བློ་ལྡན་རི་བོང་ལ་སྤྲད།
ཕྱི་ཉིན། རི་བོང་གིས་ཝ་ཉིན་རྒྱུན་བརྒྱུད་སའི་ཉིན་ཁ་ཞིག་ནས་མིག་ཡ་གཅིག་ཟུམ་ནས་གྲོ་སྐམ་ཟ་བཞིན་བསྡད། ཝ་ས་དེ་བརྒྱུད་སྐབས་རི་བོང་གིས་ཁ་མུར་མུར་ངང་ཅི་ཞིག་ཟ་བཞིན་པ་མཐོང་འཕྲལ་རི་བོང་གམ་དུ་འོངས་ནས་ན་རེ། རི་བོང༌། རི་བོང༌། ཁྱོད་ཀྱིས་ཁ་མུར་མུར་བྱེད་ཀྱིན་ཅི་ཞིག་ཟ་བཞིན་འདུག་ཅེས་དྲིས། རི་བོང་གིས་སྔར་བཞིན་མིག་ཡ་གཅིག་ཟུམ་ནས། ང་ཡིས་རང་གི་མིག་རིལ་ཟ་བཞིན་འདུག་ཅེས་ལན་བཏབ། ཝ་མོ་ན་རེ། ཨ་ལ། རི་བོང་ཁ་ཤོ། ཁྱོད་ཀྱིས་རྫུན་མ་ལབ། ཅི་ཟོས་ཀྱང་ཆོག་སྟེ་རང་གི་མིག་རིལ་ཟ་ཆོག་ཟེར་བ་ཐེངས་དང་པོར་ཐོས། ང་ཝ་མོ་ཞེས་པའང་རྒྱལ་ཁམས་འགྲིམས་ནས་མིང་ཡོད་པ་ཞིག་ཡིན། རྒྱལ་ཁམས་ཀྱི་ཟས་རིགས་གང་ཞིམ་ཞིམ་ཚང་མ་མ་ཟོས་པ་ཞིག་མེད་མོད། རང་གི་མིག་རིལ་ཟ་བ་ཞིག་ཐོས་མ་མྱོང༌། མིག་རིལ་ཟོས་རྗེས་ལོང་བར་གྱུར་བ་མ་ཡིན་ནམ། དེ་ཟོས་ན་དགེ་མཚན་ཅི་ཡོད་དམ་ཞེས་དྲིས། རི་བོང་གིས་ཁ་གདངས་ནས་བཤད་རྩིས་ཤིག་བྱས་རྗེས། སྐད་ཆ་ཕྱིར་མིད་དེ་མགོ་བོ་གཡུག་གྱིན་བཤད་མི་འདོད་པའི་རྣམ་འགྱུར་ཞིག་བསྟན། ཝ་མོས་རི་བོང་གི་བཟོ་ལྟ་དེ་མཐོང་ནས་དེ་ན་གསང་བ་ཞིག་ཡོད་ཁོ་ཐག་རེད་སྙམ་ནས་ལྷག་པར་སེམས་ལ་བྲེལ་བ་ལངས་ཏེ་ན་རེ། རི་བོང་རི་བོང༌། སྐུ་ཞབས་རི་བོང༌། ཁྱོད་དང་ང་གཉིས་སྲོག་ཆགས་ཁྲོད་ཀྱི་བློ་རིག་ཅན་ཡིན་པ་ཀུན་གྱིས་ཤེས། ངེད་གཉིས་གྲོགས་པོ་བློས་ཐུབ་ཡིན་ཟེར་ན་ཡང་མི་ཆོག་རྒྱུ་མེད། ཁྱོད་ལ་གཏམ་བཟང་རེ་ཡོད་ན་ང་གྲོགས་པོར་གསང་རྒྱུ་མི་ཟེར་མོད་ཅེས་བཤད། རི་བོང་གིས་སྐེ་འཁྱོགས་ནས་ཡུག་ཙམ་ལ་བསམ་བློ་ཞིག་བཏང་རྗེས། མིག་ཡ་གཅིག་པོས་ཡར་ལྟ་མར་ལྟ་ཞིག་བྱས་ནས་ན་རེ།འཇིག་རྟེན་ན་མིག་རིལ་ལས་ཞིམ་པའི་ཟས་ཤིག་ག་ལ་ཡོད། མིག་རིལ་གྱི་བྲོ་བ་མཆོག་ཏུ་གྱུར་བ་མ་ཟད། དེ་ཟོས་རྗེས་ཉིན་བདུན་གསུམ་ཉེར་གཅིག་ལ་ཟས་ཟ་མི་དགོས་ཞེས་བརྗོད། ཝ་མོ་ན་རེ། འོ་ན། མིག་རྡོ་བླངས་རྗེས་ལོང་བར་གྱུར་ན་ཅི་བྱེད་ཅེས་དྲིས། རི་བོང་ན་རེ། གླེན་པ། སྐྲ་དང་སེན་མོ་ལ་སོགས་ཀྱང་ལུས་ཀྱི་ཆ་ཤས་སུ་གྱུར་བ་མ་ཡིན་ནམ། དེ་དག་བཅད་རྗེས་སླར་ཡང་སྐྱེས་རྒྱུ་ཡོད་པ་ལ། མིག་རིལ་ཡང་སླར་ཡང་སྐྱེ་རྒྱུ་ལོས་ཡོད། གནད་འགག་ནི་སེམས་ཅན་གྱིས་དེའི་མན་ངག་མི་ཤེས་པར་ལན་ཟེར། ཝ་མོས་འགྲམ་ཆུ་ལྡང་བཞིན་ན་རེ། ཁྱོད་ཀྱིས་དེའི་མན་ངག་ཤེས་སམ་ཞེས་དྲིས། རི་བོང་གིས་སྐད་མགོ་ཇེ་དམའ་རུ་བཏང་སྟེ། ཟླ་འགའི་སྔོན་ལ་ང་རང་དྲང་སྲོང་ཞིག་དང་ཕྲད། ཁོས་ང་ལ་དེའི་སྐོར་གྱི་གདམས་པ་གནང༌། ཡིན་ཡང་གཞན་ལ་བཤད་མི་ཉན་ཟེར་ཞེས་སྨོས། ཝ་མོས་སེམས་ལ་རི་བོང་འདི་ལ་ཀུན་གྱིས་བློ་ལྡན་ཞེས་འབོད་པ་ཡིན་པས། འདི་ལ་བློ་དང་གདམས་ངག་ཁྱད་པར་ཅན་ཡོད་ལོས་ཆེ། མིག་རིལ་སྐོར་གྱི་མན་ངག་ཅིག་ཀྱང་ཡོད་ཁོ་ཐག་རེད་སྙམ་ནས་མན་ངག་དེ་ང་ལ་བཤད་རོགས་ཞེས་ཞུ་བ་བྱས་མཐར། རི་བོང་གིས་འཐད་མི་འཐད་ངང་ན་རེ། ང་ཡིས་ཁྱོད་བུ་རྒོད་ཅིག་ཡིན་པར་བལྟས་ནས་ཁྱོད་ལ་བཤད་ཡ། ཡིན་ཡང་སྔོན་ན་མིག་རིལ་ཟོས་རྗེས། ཕྱིར་ཁྱོད་ཚང་ལ་སོང་ནས་ཆོ་ག་ཐུང་ཐུང་ཞིག་བསྒྲུབས་ནས། ད་གཟོད་མན་ངག་བཤད་ཆོག་ཟེར། ཝ་མོ་དགའ་ནས། ཡོང་ཚད་རི་བོང་ཁྱོད་ཀྱི་ཁ་ཐོག་ལ་འཇོག་ཡ། སྔོན་ན་ང་ཡི་མིག་རིལ་ངའི་ཁ་ནང་དུ་ཞོག་ཟེར། རི་བོང་གིས་ཝ་མོའི་མིག་རིལ་དྲུས་ནས་པར་ལ་གཡུགས་ཤིང༌། རུམ་ནས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་གྲོ་མ་སྐམ་པོ་སྦྲང་རྩིས་སྦངས་པ་ཞིག་ཝ་ཡི་ཁ་ནང་དུ་བཞག ཝ་རྒན་གྱིས་ཟོས་རྗེས་ན་རེ། ཨ་ལ་ལ། ཟས་འདི་འདྲའི་ཞིམ་པོ་ཞིག་ང་ཡིས་གཏན་ནས་ཟོས་མ་མྱོང༌།རི་བོང་རི་བོང༌། མིག་རིལ་ཡ་གཅིག་པོ་དེ་ཡང་ང་ཡི་ཁ་ནང་དུ་ཞོག་ཟེར། རི་བོང་ན་རེ། ཁོ་རེ། གྲོགས་པོ། མིག་རིལ་འདི་ཟས་རང་ག་བ་ཞིག་མིན་པར། ཡ་གཅིག་ཟོས་ཚེ་ཉིན་ཉེར་གཅིག་ལ་ཟས་ཟ་མི་དགོས། ད་དུང་གཞན་པ་དེ་ཡང་ཟའམ་ཞེས་དྲིས་ཝ་ཡི་སེམས་ལ་མིག་རིལ་འདྲུ་དུས་ཅུང་ན་ཟུག་ཡོད་མོད། སླར་ཡང་སྐྱེས་རྒྱུ་ཡོང་ན་ཟས་འདི་འདྲ་ཞིམ་པོ་ཞིག་ཅི་ལ་མི་ཟ་སྙམ་ནས་མིག་རིལ་གཞན་དེ་ཡང་ཟ་རྒྱུ་ཞེས་བརྗོད། རི་བོང་གིས་ཝ་ཡི་མིག་རིལ་གཞན་པ་དེ་ཡང་དྲུས་ནས་དེའི་ཁ་ནང་དུ་བཞག ཝ་ན་རེ། རི་བོང༌། རི་བོང༌། ང་ཐེངས་ཀྱི་འདི་བཅའ་རེ་བཅིར་རེ་ཞིག་ཡིན་དོན་ཅི་ཞེས་དྲིས། རི་བོང་ན་རེ། ཟོས་ཟོས་རྔ་མ་བཅིར་བཅིར་ཟེར་བ་རེད་ཅེས་སྨོས།
      དེ་ནས་རི་བོང་གིས་ཕྱིར་ཡུལ་དུ་སོང་ནས་མིག་རིལ་སྐྱེས་སུ་འཇུག་པའི་མན་ངག་བཤད་ཟེར་ནས་ཝ་མོ་ཁྲིད་དེ་ལམ་ལ་ཆས། བྲག་ཐེམ་གཟར་མོ་འདབས་ན་གཙང་ཆུ་ཆེན་པོ་བཞུར་བཞིན་པ་ཞིག་གི་སྟེང་ནས་རི་བོང་ན་རེ། ཨ་ཁུ་ཝ། དེད་གཉིས་ཀྱིས་འདི་ནས་ངལ་གསོ་ཞིག་བྱ་ཨེ་ཟེར་ནས་མེ་སྒོང་ཆེན་པོ་ཞིག་བརྒྱབ་ཅིང༌། ཝ་ཐེམ་གའི་ཁ་རུ་སྡོད་དུ་བཅུག
      རེ་ཞིག་ནས་རི་བོང་ན་རེ། ཨ་ཁུ་ཝ། ཨ་ཁུ་ཝ། ཕྱིར་ལ་བཀྱེད་དང་གྱ་ཁ་ཡག་པོ་མེས་འཚིག་ཐལ་ཞེས་བཤད། ཝ་ཕྱིར་བསྣུར་ཞིག་བྱས། རི་བོང་གིས་མེ་ཆེར་བུས་ནས་ཝ་མོའི་ངོ་གདོང་ཚ་ལམ་ལམ་བྱས།རི་བོང་ན་རེ། ཨ་ཁུ་ཝ། ཨ་ཁུ་ཝ། ཕྱིར་ལ་བཀྱེད་དང༌། གྱ་ཁ་ཡག་པོ་མེ་ཡིས་འཚིག་ཐལ་ཟེར། ཝ་ཡང་ཕྱིར་བསྣུར་ཞིག་བྱས། རི་བོང་གིས་མུ་མཐུད་དུ་མེ་སྒོང་སྟེང་བུད་ཤིང་མང་པོ་བསྣན་ཏེ་སླར་ཡང་སྐད་ཆེན་་པོས་ན་རེ། ཨ་ཁུ་ཝ། ཨ་ཁུ་ཝ། ཕྱིར་བཀྱེད་དང་གྱ་ཁ་ཡག་པོ་མེ་ཡིས་འཚིག་ཐལ་ཞེས་སྨོས། ཐེངས་འདིར་ཝ་ཕྱིར་བསྣུར་བྱས་པ་ཙམ་གྱིས་ཅལ་སྒྲ་དང་བཅས་ཐེམ་ག་ལས་དྲག་ཏུ་བཞུར་བའི་གཙང་ཆུར་ལྷུང་ཞིང་སྐྲག་མ་དངངས་ཀྱིས་གཙང་འགྲམ་གྱི་ལྕང་སྡོང་ཞིག་ལ་སོ་བཏབ་ནས་བསྡད།
      རི་བོང་གིས་མཐོང་ནས་ན་རེ། ཨ་ཁུ་ཝ། ཨ་ཁུ་ཝ། ཁྱོད་ཕ་བཟང་གི་བུ་ཡིན་ཚེ་ཨ་ཞེས་བརྗོད་དང་ཟེར་བས། ཝ་མོའི་སེམས་ལ་ང་ཕ་བཟང་གི་བུ་ལོས་ཡིན་སྙམ་ནས་ཨ་ཞེས་བརྗོད་ནས་ཁ་གདངས་མ་ཐག་ལྕང་མ་ཁ་ནང་ནས་ཤོར་ཏེ་ཝ་ཡང་གཙང་ཆུས་ཁྱེར་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། ང་ཚོ་འཚོ་བཞེས་བྱེད་པའི་སྤྱི་ཚོགས་འདི་ནི་མི་སྣ་ཚོགས་མཉམ་དུ་འཚོ་བའི་སྤྱི་ཚོགས་ཤིག་རེད། མི་དང་མིའི་བར་གྱི་འབྲེལ་བ་སྣ་ཚོགས་ཀྱིས་ང་ཚོའི་སྤྱི་ཚོགས་ཀྱི་ཁོར་ཡུག་འདི་གྲུབ་པ་ཡིན་པས་མི་སུ་དང་སུ་ཡིན་ཡང་སྤྱི་ཚོགས་འདི་དང་ཁོར་ཡུག་འདིའི་མི་རྣམས་དང་ཡོངས་སུ་འབྲེལ་འདྲིས་མི་བྱེད་པ་ཡེ་མི་སྲིད། དེ་བས། ཁོར་ཡུག་དང་ཁོར་ཡུག་གི་མི་སྣ་ཚོགས་བར་གྱི་འབྲེལ་བ་ཡང་དག་པར་ཐག་གཅོད་རྒྱུ་ནི། ཁྱོད་ཀྱི་མི་ཚེའི་འཚོ་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ངེས་པར་དུ་སྦྱང་དགོས་པའི་མི་ཚེ་ཡི་ཤེས་བྱ་ཟབ་མོ་ཞིག་ཀྱང་རེད། དེས་ན། ང་ཚོའི་འཚོ་བའི་ཁྲོད་མི་གཞན་ལ་གནོད་སེམས་ཡོད་མི་རུང༌། གལ་ཏེ་ཁྱོད་ཀྱིས་གཞན་ལ་གནོད་སེམས་བཅངས་ན། མཐའ་མར་ཁྱོད་རང་གྲོགས་མེད་ཁེར་རྐྱང་དུ་ལུས་དེས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号