འཁོན་གྱི་གདུང་རྒྱུད་ཀྱི་སྐྱེ་བོ་རྣམ་ལྔས་ས་སྐྱ་པ་དར་སྤེལ་གཏོང་བའི་ཐད་ལ་མཛད་ཆེན་འཕྲིན་ལས་ཀྱི་དཔལ་བཟང་པོ་བསྐྲུན་གནང་ཡོད་པས་ས་སྐྱ་གོང་མ་རྣམ་ལྔ་ཞེས་འབོད་ཀྱི་ཡོད།གོང་མ་དང་པོ་ནི་ནང་བསྟན་གསང་སྔགས་གསར་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཀུན་དགའ་སྙིང་པོ་དང༌།གཉིས་པ་གསར་སྔགས་དར་སྤེལ་བཏང་ལ་དགེ་ཕྲུག་མང་པོ་བསྐྱངས་མཁན་བསོད་ནམས་རྩེ་མོ། གསུམ་པ་ནི་མདོ་སྔགས་གཉིས་ལ་མཁས་པའི་གྲགས་པ་རྒྱལ་མཚན། གོང་མ་དེ་གསུམ་པོས་གསང་ཡུམ་བཞེས་ཤིང་བུ་ཕྲུག་བསྐྱངས་ལ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་ཡིན་པས་དཀར་པོ་རྣམ་གསུམ་འབོད་པ་དང༌། གཞན་གཉིས་པོ་ནི་རབ་བྱུང་ངུར་སྨྲིག་ཅན་ཡིན་པས་དམར་པོ་རྣམ་གཉིས་ལ་འབོད་པ་སྟེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་ནང་བསྟན་མཁས་པ་དང་ཆབ་སྲིད་བྱ་བྱེད་མཁན་པོ་འགྲོ་ མགོན་འཕགས་པ་གཉིས་པོའོ།ཀུན་དགའ་རྒྱལ་མཚན་དང་འགྲོ་མགོན་འཕགས་པས་རྒྱ་ནག་ཏུ་ཡོན་རྒྱལ་རབས་ཀྱི་གོང་མ་མཇལ་བར་ཐེངས་གཉིས་བྱོན་ནས་བོད་ལྗོངས་མེས་རྒྱལ་གྱི་མངའ་ཁོངས་སུ་དངོས་སུ་བཙུད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་རླབས་པོ་ཆེ་ལེགས་གྲུབ་གནང་བ་རེད། 1260ལོར་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་གོང་མའི་དབུ་བླར་བཀུར་བ་རེད། ཡོན་རྒྱལ་རབས་ཀྱིས་བོད་ཁྲི་སྐོར་བཅུ་གསུམ་བཙུགས་ཏེ་དམག་དཔུང་བཅའ་སྡོད་བྱས་ཐོག་ས་སྐྱ་དཔོན་ཆེན་བསྐོ་གཞག་བྱས་ནས་ཀྲུང་དབྱང་གིས་ཚབ་ཞུས་ཏེ་བོད་ཀྱི་སྲིད་དོན་སྐྱོང་དུ་བཅུག་ནས་ས་སྐྱ་པས་བོད་དབང་སྒྱུར་བྱེད་པའི་གོ་གནས་གཏན་འཁེལ་བྱས་ལ། ཀྲུང་དབྱང་ནས་ཙུང་ཀྲེ་ཡོན་ཞེས་པའི་སྤྱི་ཁྱབ་ལས་ཁུངས་བཙུགས་ནས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་དང་བོད་ཀྱི་སྲིད་འཛིན་ལས་དོན་བདག་སྐྱོང་བྱེད་ཀྱི་ཡོད།

ས་སྐྱ་དགོན་པར་“ཏུན་ཧོང་གཉིས་པ”ཞེས་འབོད་པ་དང༌། དེའི་བསྟན་བཅོས་དང༌། རིག་རྫས།ལྡེབས་རིས་བཅས་རྩ་ཆེ་ལ་ཕུན་སུམ་ཚོགས་པོ་ཡོད་པ་འཛམ་གླིང་དུའང་མཐོང་དཀོན་པར་སྣང༌། དགོན་པའི་ནང་དཔེ་ཆའི་གླེགས་བམ་བཞི་ཁྲི་ཙམ་གཅེས་ཚགས་གནང་ཡོད་པ་དང༌། ལྷ་ཁང་ཆེན་མོའི་རྒྱབ་གྱང་གི་ཤིང་གི་གྲྭ་མིག་གཅིག་ཁོ་ནའི་སྲེད་ལ་སྨི་57.2དང༌།དཔངས་ལ་སྨི་11ཞེང་ལ་སྨི་1.3ཟིན་པའི་ཁྱོན་གྲྭ་མིག་464ཡོད་པའི་ནང་དཔེ་ཆའི་གླེགས་བམ་ཁྲི་ལ་ཉེ་བ་བརྩེགས་འདུག དེའི་ནང་ཚན་ལས་རྩ་ཆེ་ཤོས་ནི་པུ་ཏི་ལྕགས་ལུང་མ་ཡིན། དཔེ་ཆ་དེའི་ནང་བོད་ཀྱི་ཆོས་ལུགས་དང་ལོ་རྒྱུས།ཚད་མ་རིག་པ། རྩོམ་རིག ཞིང་ལས་དང་འབྲོག་ལས་ལ་སོགས་པའི་སྐོར་རྒྱས་པར་གླེང་ཡོད། དགོན་པའི་ནང་ཏ་ལའི་ལོ་མའི་དཔེ་ཆ་པུ་ཏི་21(སྔར་པུ་ཏི་100ཡོད་)གཅེས་ཚགས་བྱས་ཡོད།དགོན་པའི་ནང་རྒྱ་ནག་གོང་མ་རིམ་བྱོན་གྱིས་ས་སྐྱའི་ཆོས་རྒྱལ་ལ་ཕུལ་བའི་དཀར་ཡོལ་དང་གུ་ཤ། གསེར་སྐུ། ཁྲབ་རྨོག དཔའ་དམ། མཆོད་ཆས།དུང་དཀར། ཐམ་ག ཐང་ག་ལ་སོགས་པའི་མཆོད་པའི་བྱེ་བྲག་བསམ་གྱི་མི་ཁྱབ་པ་ཉར་ཚགས་བྱས་ཡོད། ས་སྐྱ་དགོན་གྱི་ལྡེབས་རིས་ཧ་ཅང་སྤུས་དག་པས་བོད་ཀྱི་ལྡེབས་རིས་ཀྱི་རྩེར་ཕུད་གཅིག་ཏུ་འདུས་པ་འདྲ། དེའི་ནང་ནས་ནང་བསྟན་གྱི་ལྷ་སྒྲུང་དང་ས་སྐྱའི་ཆོས་རྒྱལ་རིམ་བྱོན་གྱི་སྐུ་བརྙན།འཕགས་པ་དང་སེ་ཆེན་རྒྱལ་པོ་ཞལ་མཇལ་བ། ས་སྐྱ་དགོན་པ་ཕྱག་བཏབ་ཚུལ་ལ་སོགས་པ་རྩ་ཆེ་ཤོས་ཡིན།
 2/2 མདུན་ངོས། 上一页 1 2 |