ཙམ་ཤོར་བས་ལམ་ཐུང་འདི་འདྲའི་ནང་དུ་ཚ་གྲང་ཁུལ་གཉིས་ཀྱི་རང་བྱུང་ཁོར་ཡུག་དང་སྐྱེ་དངོས༌ཀྱི་རིགས་མཆིས་རྐྱེན། སྲོག་ཆགས་དང་སྐྱེ་དངོས་གནས་ཡུལ་གྱི་ནོར་མཛོད༌ཞིག་གྲུབ་པ་རེད། སྲུང་སྐྱོབ་ཁུལ་དུ་སྐྱེས་བུ་སྡོད་མཁན་མེད། འདི་གའི་མང་ཚོགས་རྣམས་ལ་རྔོན་རྒྱག་རྒྱུའི་གོམས་གཤིས་ཡོད་རུང༌། སྲུང་སྐྱོབ་ཁུལ༌ནི་རི་མཐོ་གཡང་གཟར་དང་ལམ་ཕྲང་ཀྱག་ཀྱོག་ཡིན་པས་སྐྱེས་བུ་འཛུལ་དཀའ༌ཞིང་ལྷག་དོན་དུ་སྲུང་སྐྱོབ་ཁུལ་གྱི་མཐའ་མཚམས་སུ་ཆེད་མངགས་ཀྱི་གསོ་ལྟ་བྱེད་མཁན་ཡོད་པས་གདོད་མའི་རྣམ་པར་ཆ་ལག་ཚང་བའི་སྲུང་སྐྱོབ་ཐུབ་ཡོད།གཉན་ལྷ་གཙང་པོ་རྒྱུག་ཁུལ་ནི་མེ་ཏོག་གི་རང་བྱུང་སྲུང་ཁུལ་གཙོ་བོ་ཡིན། དེ་གར་སྐྱེ་དངོས་རིགས་མང་འིང་དམིགས་བསལ་གྱི་ས་ཆའི་གྲུབ་ཆ་དང་གནའ་བོའི་འཁྱགས་རོམ་མཆིས་ཁར། ཆ་ལག་ཚང་བའི་གདོད་མའི་རང་བྱུང་གི་ཤིང་རིགས་དང་རྙོག་འཛིང་ཆེ་བའི་རང་བྱུང་གི་ཆ་རྐྱེན་འོག་འདི་གའི་རྩི་ཤིང་ཕུན་སུམ་ཚོགས་ལ་ཚང་ཚིང་སྟུག་པ་དང༌།ཉེ་བའི་ལོ་ཤས་ནང་གསོན་རྩ་གསར་པ་དང་གནས་ཁུལ་གསར་པ་བཙལ་རྙེད་བྱུང་བ། ད་ལྟ་བར་རྩི་ཤིང་སྤུས་དག་ རིགས་3000ཙམ་བཙལ་རྙེད་བྱུང་བ་ དེས་བོད་ལྗོངས་རྩི་ཤིང་གི་ཕྱེད་ཀ་ཡན་ཟིན། རྒྱལ་ཁབ་ཀྱི་དམིགས་སུ་བཀར་ནས་སྲུང་བྱའི་རྩི་ཤིང་རིགས་21དང་མིང་དུ་མེ་ཏོག་བཏགས་པའི་རྩི་ཤིང་རིགས་40ཡོད། ལྷོ་ངོས་ཚ་ཁུལ་ནས་བྱང་ངོས་གྲང་ཁུལ་བར་རི་དྭགས་དང་གཅན་གཟན་སྣ༌ཚོགས་ཡོད་པ་དེ་དག་ལས་འགའ་ཞིག་ས་ཁུལ་དེ་རང་གི་རི་དྭགས་དང་གཅན་གཟན་དཀོན་གྲས་ཡིན། ཚོད་དཔག་རགས་ཙམ་བྱས་ན་རྒྱལ་ཁབ་ཀྱི་གཙོ་གནད་དུ་སྲུང་བྱའི་རི་དྭགས་དང་གཅན་གཟན་དཀོན་རིགས་40ལྷག་ཙམ་ཡོད།

བུ་ཆུ་རང་བྱུང་སྲུང་ཁུལ་ནི་གཉན་ལྷ་གཙང་པོ་འབབ་རྐྱུད་ཀྱི་རང་བྱུང་སྲུང་ཁུལ་ལྷོ་ངོས་ཀྱི་སྤྱི་ལེ་30ནང་ཡོད་དེ།རྒྱ་ཁྱོན་ལ་སྤྱི་ཆིང་l00ཡོད། མཐའ་བཞི་རི་བོས་བསྐོར་ལེ་ནགས་ཚལ་སྟུག་པོའི་དཀྱིལ་ན་གནས་པའི་རིན་ཆེན་གཡུ་མདངས་རྒྱས་ལྟར་གྱི་མཚེའུས་ཀུན་ཡིད་རབ་ཏུ་འཕྲོག དེ་ཁུལ་དུ་བཞའ་ཚན་ཆེ་བས་རི་ཁུལ་གྱི་ཤིང་ནགས་མང་ལ་ཆེས་ཚ་ཁུལ་གྱི་རྩི་ཤིང་དང་སྲོག་ཆགས་རྒྱུ་བའང་མང༌། མངོན་གསལ་དོད་ཤོས་ནི་རྒྱལ་ཁབ་ཀྱི་སྲུང་རིམ་དང་པོའི་ཚ་ཁུལ་གྱི་བྱ་བསེ་རུ་ཡིན།
|