ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
ལན་ཅིག་ཆོས་སྡེའི་ཉེ་གནས་དགེ་བཤེས་རྒྱལ་བཟང་བྱ་བས།ཉེ་གནས་སྟོན་པ་ལ་ཞུ་བ་བརྒྱུད་ནས།   སང་རེད་སྐུ་མཚམས་གསེངས་ནས་ཟླ་བ་གསུམ་ཆོས་གསུང་བ་དེ། བདག་གི་ས་ཆར་བྱོན་ནས་གསུང་བར་ཞུ། དཔོན་སློབ་དུ་བྱོན་པའི་ཞབས་ཏོག་དང་འགྲོན་པོ་ཇི་ཙམ་བྱུང་བ་ལ་འདི་ལ་འདི་བྱིན་ཟེར་བ་གང་དགོས་པ་ངེད་རང་གིས་སྒྲུབ།   དྲུང་དུ་ཞུས་ཟེར་ནས་ཞུས་པས།ཁོང་གི་དེ་སེམས་ནན་ཏར་བཟང་བློ་སྟོབས་ཆེ་སྟེ།   རང་རེ་སང་ཕོད་ད་ཙམ་ན་ཁོང་གི་གདན་འདྲེན་པ་དེ་ལས་ཐག་རིང་བ་ཅིག་ཏུ་འགྲོ་ཉེན་འདུག    ལར་གྱིས་ཀྱང་ད་ན་སོ་རྒས་པས་ཟླ་བ་གསུམ་གསུམ་པོའི་མཚམས་གསེང་བ་འདི་ཡང་གཡེང་བ་ཆེས་འདུག་སྙམ་པ་ལ། དེ་ན་ཡར་འགྲོ་བ་ག་ལ་ཡོང༌།ཁྱེད་ལ་ནོར་ཡོད་པར་འདུག་པས་ང་གདན་མ་འདྲོངས་ཀྱང་ཆོས་ཕྱོགས་གཞན་དང་གཞན་དུ་གཏོང་བ་ཞུ། རང་རེ་གཞན་དུ་འགྲོ་བའི་གླེང་མོ་དེ་ཁོང་དང་གཞན་ལ་མ་ལབ།   གྲགས་པ་བརྡེག་པ་ལས་མི་ཡོང་གསུང་ཟེར།  ཡང་དེ་ལོ་གོང་དུ་གདན་འདྲེན་པའི་གསེར་ཡིག་པ་ཡོང་གི་ཡོད་པ་འདུག་ཟེར་བ་ཅིག་ཐོས་ནས་སློབ་དཔོན་ཡོན་ཏན་འོད་ཀྱིས་དྲུང་དུ་ཞུས་པས། ཡོང་དོན་མེད་མཆི། ཕོ་ཚོད་མེད་པར་བྱུང་སྲིད་ནའང༌།དེ་གོང་དུ་གདན་འདྲེན་གཞན་ཅིག་ཡོང་བར་གདའ་ཡི་གསུང༌། དེའི་ལོ་སྐུ་མཚམས་ལ་འཇུག་ཁར་ཕྱག་རྫས་གང་ཡོད་ཐམས་ཅད་དེར་འདུས་པའི་དགེ་འདུན་དང༌།   སྐྱེ་བོའི་ཚོགས་ཆེན་པོ་རྣམས་ལ་འགྱེད་ཆེན་པོ་མཛད།   ཐུབ་པའི་བསྟན་པ་རིན་པོ་ཆེ་ལ་བྱ་བ་རྒྱ་ཆེན་པོ་བསྒྲུབས།བསྟན་པ་དང་སེམས་ཅན་གྱི་དོན་ལ་དམིགས་པའི་གཞན་དོན་ཁོ་ན་མཛད་པའི་ཞར་ལ་རང་དོན་ཐོབ་བྱ་ཐམས་ཅད་ཐོབ། སྤང་བྱ་ཐམས་ཅད་སྤངས་ནས། བཅོམ་ལྡན་འདས་ཐུབ་པའི་དབང་པོ་ཉིད་ཀྱང༌།སྐུ་རྒྱབ་བསྙུན་པ་དང༌། སྨན་པ་འཚོ་བྱེད་ལས་སྨན་བཞེས་པའི་ཚུལ་བསྟན་པ་ལྟར།   ས་མོ་བྱའི་ལོ་ཟླ་བ་གཉིས་པ་ནས་སྙུན་པའི་ཚུལ་བསྟན་ཏེ། ལྷ་རྗེ་ལ་སྟོན་པ་དང༌།   གསོལ་སྨན་བསྟེན་པར་ཞུ་ཞུས་པས།ངའི་བསམ་པ་ལ་སུས་ཀྱང་མ་ཚོར་བར་ཤི་བ་ཅིག་བྱ་བསམ་པ་ཡིན་གསུང་བས།   ཉེ་གནས་ཀྱིས་ཕྱིས་མི་ཐམས་ཅད་ཀྱིས་གསོལ་སྨན་བསྟེན་པ་ལ་སོགས་པའི་ཞུ་བ་གང་ཡང་མ་བྱས་ཟེར་བའི་ཁག་ཡོང་ལགས་ཞུས་པས་དེ་རང་མད་གསུང་ནས། ལྷ་རྗེས་ཕྱག་རྩ་བལྟས་པས།གདན་འདྲེན་པའི་གསེར་ཡིག་པ་ཕེབས་པ་ལ་བལྟ་རྒྱུ་མི་བདོག་གམ་མཆི་གསུང༌།  དེའི་དུས་སུ་ཉིན་གཅིག་སློབ་དཔོན་ནམ་མཁའ་སེངྒེ་ལ་བརྒྱད་སྟོང་པའི་བྱང་ཆུབ་སེམས་དཔའ་ཆོས་འཕགས་དང་རྟག་ཏུ་ངུ་གཉིས་ཀྱི་ལེའུ་སྒྲོགས་གསུང་བ་ལ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐོབ་ཚུལ་གྱི་སྐབས་སུ། ངེད་ཀྱི་ཏིང་ངེ་འཛིན་འདི་དག་གི་ངོ་བོ་ཉིད་དང་རང་བཞིན་ལ་བལྟས་ན།   གང་མཉམ་པར་བཞག་པར་བྱ་བ་འམ། ལྡང་བར་བྱ་བ་འམ། བྱང་ཆུབ་ཏུ་སྤྱད་པ་འམ།   གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང༌། རིགས་ཀྱི་བུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ།   ཞེས་པའི་སྐབས་སུ་དེ་འདྲ་ཞིག་རང་ཡིན་གསུང་ནས་ཡུན་རིང་པོའི་བར་དུ་ཏིང་ངེ་འཛིན་ལ་འབྱམས་སོ། ། དེའི་དུས་དྲུང་རང་དུ་ཉིན་གཅིག་མི་ལྔ་སྨན་བླའི་ཆོ་ག་རྒྱས་པ་ཅིག་སྐད་གསང་མཐོན་པོའི་སྒོ་ནས་བྱས་པ་ཚར་རྟིང་ཡུན་རིང་པོ་ཞིག་ནས་ཁྱེད་རྣམས་ཀྱིས་སྨན་བླ་བྱས་སམ་མ་བྱས་གསུང་བ་ལ་ཚར་ཞུས་པས།  །ཁྱེད་རྣམས་གྲབས་བྱེད་ཀྱི་འདུག་པ་དེ་དྲན་པ་ཡིན་ཏེ།   རྗེས་ལ་མཉམ་གཞག་གཅིག་ལ་ཡེངས་ནསཁྱེད་རྣམས་ཀྱིས་ཆོ་ག་བྱས་པ་མ་ཚོར་འདུག་གསུང༌།   དེའི་དུས་སུ་ས་གཡོ་བ་དང༌། ནམ་ཐོ་རངས་ཁ་གཟིམ་ཁང་གི་ཉེ་སྐོར་འཇའ་འོད་ཀྱིས་ཁེངས་པ་ལ་སོགས་པའི་ལྟས་ཆེན་པོ་རྣམས་བྱུང་བས། ཐམས་ཅད་སེམས་མ་བདེ་བར་སྐུ་རིམ་ལ་འཇད་སྟོད་སྐོར་བསགས་ནས་འགྱེད་བྱེད་པ་དང༌། སྐུ་རིམ་དང་གསོལ་འདེབས་ནར་མར་སྒྲུབས་པ་དང༌། གཞན་ཡང་ཕྱོགས་ཐམས་ཅད་དུ་གསོལ་བ་འདེབས་པ་དང༌།   ཁྱད་པར་དུ་བདག་ཉིད་ཆེན་པོ་ཉིད་ཀྱི་སྲས་ཀྱི་ཐུ་བོ་མཁན་ཆེན་བྱང་ཆུབ་རྩེ་མོ་དང༌།    ཆོས་རྗེ་ཉི་མ་སེང་གེ་གཉིས་ཀྱིས་བཞུགས་སྟན་ཕུལ།   མེ་ཏོག་གཏོར་ནས་བསྟན་པ་དང་སེམས་ཅན་གྱི་དོན་དུ་བཞུགས་པར་གསོལ་བ་བཏབ་པའི་མཐུ་ཆེན་པོ་ལ་བརྟེན་ནས་ཟླ་བ་གསུམ་བཞིའི་བར་དུ་སྙུན་པ་དྭངས་པར་གྱུར་ཏོ། །ཡང་དེའི་དུས་སུ་སེམས་དཔའ་ཆེན་པོས་ཁོང་རྣམ་གཉིས་ལ་ནད་པ་གཞན་དང་མི་འདྲ། དང་ཁ་མེད་ཀྱང་དགེ་སྦྱོར་འཕེལ་དུ་སོང༌།   རིག་པ་དྭངས་པོ་ཡོད་གསུངས།   རྒྱལ་སྲས་འདིས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་གཅིག་ཏུ་བསྡུས་པ་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་དང༌། རྒྱལ་སྲས་ལག་ལེན། འཇུག་པ་སེམས་བསྐྱེད།   སྤྱོད་འཇུག་གི་ཊྰིཀྐ། མདོ་སྡེ་རྒྱན་གྱི་ཊྰིཀྐ།   ཐེག་པ་ཆེན་པོ་རྒྱུད་བླ་མའི་ཊྰིཀྐ།སྨྱུང་གནས་ཀྱི་ཆོ་ག རྟེན་འབྲེལ་གྱི་ཁྲིད་ཡིགབློ་སྦྱོང་བླ་མ་རྒྱུད་པའི་གསོལ་འདེབས་སྨོན་ཚིག་དང་བཅས་པ།    བློ་སྦྱོང་གི་བླ་མའི་རྣལ་འབྱོར་ལམ་གྱི་ལུས་ཡོངས་སུ་རྫོགས་པ།   བླ་མ་རྣམས་དང་སངས་རྒྱས་བྱང་སེམས་ཀྱི་བསྟོད་ཚོགས།    རང་གཞན་ལ་གདམས་པ་སོགས་ཆོས་ཚན་བརྒྱ་དང་བཅོ་ལྔ་མཛད་དོ།    །དེ་ནས་ཟླ་བ་བདུན་པ་ནས་སྙུན་ལོག་པའི་ཚུལ་བསྟན་ནས།སྤྱིར་མི་འགྱུར་རྡོ་རྗེའི་སྐུ་ཐོབ་པས་བསྙུན་མི་མངའ་ཡང༌།   རྒྱུད་བླ་མ་ལས།ཡང་དག་ཇི་བཞིན་མཐོང་བའི་ཕྱིར།   །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང༌། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང༌། །འཆི་བ་དང་ནི་རྒ་བར་སྟོན།   །ཞེས་གསུངས་པ་ལྟར།   སྙུན་པའི་ཚུལ་བསྟན་པ་ལ། ད་རུང་སྨན་དང་ལྷ་རྗེ་བསྟེན་པར་ཞུ་ཞུས་པས།   ན་སོ་མཐར་ཕྱིན་པ་དང༌།     ནད་ཀྱང་བྱིང་ཆེས་པའི་ཕྱིར་ཕན་པར་དཀའ་བས་དགག་སྒྲུབ་མེད་པར་རང་སོར་གློད་ནས་འཇོག་པ་ཡིན།   
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号