ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
༈ སྒོ་གསུམ་གུས་པའི་ཕྱག་དང་བཅས་ཞུ་གསོལ།   ཞེས་པའམ་ཡང་ན། ༈ སྒོ་གསུམ་རྩེ་གཅིག་པས་བཏུད་དེ་ཞུ་བ།  ༈ དངོས་པོ་ཐམས་ཅད་ཀྱིས་ལན་བརྒྱར་བཏུད་དེ་ཞུ་བ། ༈མི་ཕྱེད་དད་པ་རྒྱ་མཚོའི་ཀློང་ལས་ཐོན་པའི་ཞུ་མཆིད་ནོར་བུའི་ཕྲེང་བ་ཅུང་ཟད་འབུལ་བ་ནི། ༈ ཤུགས་དྲག་དད་པའི་ཆུ་གཏེར་མངོན་པར་གཡོས་པའི་ཕྱག་གི་རྦ་རླབས་བརྩེགས་བཞིན་གསོལ་བ་འདེབས་འབྲས། ༈ མི་ཕྱེད་དད་པའི་ལག་པད་སྤྱི་བོར་བཀོད་དེ་ཞུ་བ། ༈ སོར་བཅུའི་མེ་ཏོག་སྤྱི་བོར་བཀོད་དེ་ཞུ་བ། སྙིམ་པའི་མེ་ཏོག་སྤྱི་བོར་བཟུང་བའི་ཕྱག་དང་བཅས་ཞུ་བ། ༈སོར་བཅུའི་འདབ་མ་སྙིང་ཁར་ཟུམས་ཏེ་ཞུ་བ། ༈གུས་པ་བླ་ན་མེད་པའི་ཕྱག་འཚལ་སྔོན་དུ་བཏང་ནས་ཞུ་བ།   ༈གུས་པ་ཆེན་པོས་ཞུ་གསོལ། ༈གུས་པས་ཞུ་བ། ༈གུས་ཞུ།  ༈དང་པས་ཞུ་བ།   ༈མངོན་པར་དང་པས་ཞུ་བ། ཞེས་སོགས་གང་འོས་ཀྱིས་མཚམས་སྦྱར་ནས།
༈ བསྙུན་གསོལ་བ་ལ།
༈ ཕུན་ཚོགས་རྒྱ་མཚོའི་དཔལ་གྱིས་མངོན་པར་དགེ་བ་དུས་ཀྱི་ཆར་ཡང་སྟོབས་བཅུ་མངའ་བ་མཐའ་དག་གི་མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱིས་ཕྱུར་བུར་གཏམས་པའི༧ མཚན་བཟང་གསེར་གྱི་ཟ་མ་ཏོག་གང་གཟི་བྱིན་མཆོག་ཏུ་འབར་བའི་འོད་སྣང་ནམ་མཁའི་ཁྱོན་ལས་བརྒལ་བས། བསྟན་པ་དང་འགྲོ་བའི་ལེགསཚོགས་ཀྱི་རི་མོ་གསལ་བར་མཛད་བཞིན་འཚོ་གཞེས་གཡོ་བ་མེད་པ་ནི། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་བསོད་ནམས་གཟུགས་ཅན་བཞིན་དུ་གྲུབ་པའི་སྐལ་བ་བཟང་པོ་ཉིད་ལས་གཞན་དུ་ཅི། ཞེས་པ་དང༌། གཞན་ཡང༌། ༈ གང་གི་ཚེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་གོམས་པ་མཐར་སོན་པས་དགའ་མའི་བདག་པོའི་དཔུང་ཚོགས་བྱེ་བ་བརྒྱ་ཡང་མཚོ་ལ་ཁ་བ་བབས་པ་བཞིན་དུ་རང་ཞིར་སོང་བའི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་བཀོད་པ་རྟག་བརྟན་མི་འགྱུར་རྡོ་རྗེའི་རང་ཁམས་ཆེན་པོར་མི་མཐུན་པའི་ཉེར་འཚེ་ཕྲ་མོ་ཙམ་ཡང་འཇུག་པའི་གོ་སྐབས་ག་ལ་འཚལ། ལྷུན་གྲུབ་རྒྱུན་མི་འཆད་པའི་འཕྲིན་ལས་ཀྱི་ཆ་ཤས་རེས་ཀྱང་ཕྱོགས་ཀྱི་ཐ་གྲུ་འཇལ་པའི་དགེ་མཚན་མངོན་པར་གསལ་བཞིན་བཞུགས་པ་ནི་གཞལ་དུ་མེང་པའི་བཀའ་དྲིན་ལས་ཀྱང་བཀའ་དྲིན་དུ་གྱུར།  ༈ དེང་གི་ཚེ་ནའང་སྲས་བཅས་རྒྱལ་བ་རྒྱ་མཚོའི་འཕྲིན་ལས་དང་མཉམ་པར་འཇུག་པའི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་དབང་ཕྱུག་གི་མཚན་དཔེའི་དཀྱིལ་འཁོར་ཀུན་ནས་རྒྱས་པ༑   ཉི་མ་སྟོང་གི་གཟི་བརྗིད་དང་ལྡན་པས་རྩོད་པའི་དུསཀྱི་དྲི་མ་མཐའ་དག་ཡོངས་སུ་སྦྱངས་ནས།   ལྷ་དང་བཅས་པའི་འཇི་ག་རྟེན་ཐམས་ཅད་ཀྱི་ཕན་བདེའི་འདོད་པ་ཡིད་བཞིན་དུ་འཇོ་བའི་བཀའ་དྲིན་ཕུལ་དུ་ཕྱིན་པར་སྐྱོང་བ་ནི། བསྔགས་བྱ་ཀུན་གྱི་བསྔགས་པའི་གནས་བླ་ན་མ་མཆིས་པ་ལགས། ༈ རིང་མིན་དགེ་བའི་ཆར་ཡང་སྐལ་བཟང་སྐྱེད་དགུའི་བསོད་ནམས་གསེར་གྱི་ཤིང་རྟ་ཆེན་པོས་ཉེ་བར་དྲངས་པའི་༧སྐུ་མཆོག་ཡིད་གཞིན་དབང་གི་རྒྱལ་པོ་བསྟན་སྲིད་ཡོངས་སུ་རྫོགས་པའི་རྒྱལ་མཚན་གྱི་རྩེ་ལ་མངོན་པར་འཕགས་ཏེ། ཡ་མཚན་དུས་བབས་ཀྱི་མཛད་པ་རྒྱ་ཆེན་པོའི་འཕྲིན་ལས་འདོད་དགུའི་ཆར་གྱིས་རྫོགས་ལྡན་གསར་པའི་དགའ་སྟོན་འགུགས་པར་མཛད་པ་ནི།   གསེར་གྱི་མངལ་དང་ཨུ་མའི་བདག་པོས་ཀྱང་ལན་བརྒྱར་སྨོན་པའི་འོས་སུ་ཆེ་ལགས།   ༈རྣམ་པར་དགེ་བའི་དུས་ཀྱི་ཆར་ཡང་མཁའ་མཉམ་འགྲོ་བའི་ལེགས་བྱས་ཀྱི་རྒྱ་མཚོ་ཆེན་པོའི་འཇིང་ན་མངོན་པར་རོལ་ཞིང༌། བསྟན་འཛིན་གསེར་རིའི་ཚོགས་ཀྱི་དབུས་ན་ལྷག་པར་མཐོ་བའི་ཡོན་ཏན་རིན་པོ་ཆེའི་བ་གམ་ཡོངས་སུ་རྫོགས་པ་དབང་ཕྱུག་བརྒྱད་ལྡན་གྱི ༧ སྐུའི་རི་རབ་ལྷུན་པོ་སྐལ་བཟང་གླིང་བཞིའི་སྤྱི་དཔལ་དུ་བརྟན་བརྗིད་ལྷམ་མེར་བཞུགས་པ་ནི་སྲིད་པ་གསུམ་གྱི་རྒྱན་དུ་ཆེ་བ་ལགས། ༈ རིང་མིན་གྱི་ཆར་ཡང་མཚན་དཔེའི་དཀྱིལ་འཁོར་ཀུན་ནས་གསལ་བའི་མཛེས ༧   སྐུ་ཟླ་བ་ནོར་བུའི་མེ་ལོང་རྣམ་འཚེའི་ཆུ་འཛིན་དང་བྲལ་ཞིང༌།   གཞན་དྲིང་མི་འཇོག་པའི་ཆོས་ཀྱི་སྣང་བ་དཀར་པོས་བསྟན་འགྲོ་ཡོངས་ལ་ཁྱབ་པར་བཞུགས་པ་ནི་བཀའ་དྲིན་མཆོག་ཏུ་ཆེ་ལགས། ༈ དེང་གི་ཆར་ཡང་ཕྱོགས་ལས་རྣམ་པར་རྒྱལ་བའི ༧ སྐུ་མཆོག་ཉིད་མོར་བྱེད་པའི་དབང་ཕྱུག་དྲི་མེད་མཚན་གྱི་དཀྱིལ་འཁོར་མངོན་པར་གསལ་ཞིང་། ཀུན་ཏུ་དགེ་པའི་མཛད་པ་དོན་ཡོད་མཁའ་ཁྱབ་ཏུ་འཆར་བའི་འོད་རླབས་ཡངས་པོ་རྒྱལ་བསྟན་པདྨོའི་རྩ་ལག་ཏུ་ལྷུན་གྱིས་གྲུབ་པར་བཞུགས་པ་ནི་བཀའ་དྲིན་གྱི་ཕུལ་དུ་གྱུར། ༈ དེང་དུས། གསང་གསུམ་རྡོ་རྗེའི་རང་བཞིན་དུ་བརྟན་ཅིང་ཟབ་རྒྱས་ཀྱི་འཕྲིན་ལས་ཕྱོགས་བཅུའི་རྒྱལ་བ་ཀུན་དང་སྤྱོད་ཡུལ་མཚུངས་པར་བཞུགས་པ་ནི་རྨད་དུ་བྱུང་བའི་བཀའ་དྲིན་དམ་པ་ལགས། ༈ དེང་ཡང་མཚན་དཔེའི་རང་བཞིན་མངོན་པར་གསལ་བའིོ ༧ སྐུ་མཆོག་ཡོངས་འདུའི་དབང་པོ་སྐལ་བཟང་ལེགས་བྲིས་ཡོངས་ཀྱི་ཕན་བདེའི་རྩ་ལག་ཆེན་པོར་འཚོ་ཞིང་གཞེས་པ་ནི༑བཀའ་དྲིན་བླ་ན་མ་མཆིས་པར་གྱུར། ༈ ཉེ་ཆར་ཡང༌། ཚོགས་གཉིས་རྒྱ་མཚོའི་དཔལ་ལས་འཁྲུངས་པའི་མཛེས ༧ སྐུ་ནོར་བུ་ཆུ་ཤེལ་གྱི་དཀྱིལ་འཁོར་མཁྱེན་བརྩེའི་ཆ་ཤས་ཡོངས་སུ་གང་ཞིང༌།   ཀུན་དུ་དོན་ཡོད་པའི་མཛད་ཁྱབ་བདུད་རྩིའི་ཟེར་ཕྲེང་རྣམ་པར་གཡོ་བས་ལུས་ཅན་ཕན་བདེའི་ཀུ་མུད་འདབ་བརྒྱ་ལྷུག་པར་གྲོལ་བཞིན་བཞུགས་པ་ནི༑སྲས་བཅས་རྒྱལ་བ་དགྱེས་པའི་བསྟོད་དབྱངས་ཀྱི་རོལ་མོས་མཆོད་པའི་གནས་སུ་གྱུར་བ་ལགས། ༈ དེང་ལྷར་བཅས་སྐྱེ་དགུའི་ལེགས་བྱས་སྐྱ་རེངས་དཀར་པོས་ཉེ་བར་དྲངས་པའི་མཛེས ༧ སྐུ་ཉི་མའི་དཀྱིལ་འཁོར་མཆོག་ཏུ་གསའ་ཞིང༌། ལུང་རིགས་ལེགས་བཤད་ཀྱི་འོད་སྟོང་ཕྱོགས་བརྒྱར་འཁྱུགས་པས།   ཐུབ་བསྟན་པདྨའི་མཚོ་གླིང་རྒྱས་པར་མཛད་བཞིན་བཞུགས་པ་ནི་བཀའ་དྲིན་ཕུལ་དུ་བྱུང་ལགས།ཞེས་པ་གང་འཚམས་སྦྱོར།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号