ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
༈ ཡང་བཀའ་ཤོག་ཕེབས་ལན་དུ་འབུལ་ན།  ༈ དགེ་ལེགས་ཕུན་སུམ་ཚོགས་པའི་དུས་ཀྱི་ཆར་ཡང༌།    མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་ཆོས་ཀྱི་དབྱིངས་དང་མཉམ་པར་རོལ་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་འཕྲུལ་ངོ་མཚར་སྒྱུ་མའི་གཟུགས་སུ་བཞེངས་པའི༧མཚན་དཔེའི་དཀྱིལ་འཁོར་འཛམ་གླིང་ཕན་བདེའི་རྩ་ལག་ཆེན་པོར་འཚོ་ཞིང་བཞེས་ལ།   ལྷུན་གྲུབ་རྒྱུན་མི་འཆད་པའི་འཕྲིན་ལས་དུས་བབས་ཀྱི་མཛད་པ་མཁའ་ཁྱབ་ཏུ་འཇུག་པའི་ཐད་ནས། ཐོག་མཐའ་བར་དུ་དགེ་བའི ༧ བཀའ་ལུང་གསེར་གྱི་ཅོད་པན་སྐྱེས་བཟང་དཔལ་པོའི་དར་དཔྱངས་ཀྱིས་མཚན་པ་སྤྱི་བོའི་རྒྱན་དུ་ཇི་ལྟར་བསྩལ་པ་བཞིན་ཕེབས་པས་མི་ཕྱེད་དད་པའི་ནོར་བུས་སྙིང་གི་ཆུ་མཚོ་ཕྱུར་བུར་གང་བར་གྱུར་ལགས།།
༈ དེང་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པ་གཅིག་ཏུ་རྫོགས་པའི་ཡེ་ཤེས་ཀྱི་མཚོ་ཆེན་དཔག་མེད་གདུལ་བྱའི་བསོད་ནམས་རིན་པོ་ཆེ་བརྩེགས་པའི་རི་བོས་ཉེ་བར་བསྲུབས་པ་ལས་ཐོན་པའི༧སྐུ་མཆོག་རྟ་བདུན་གྱི་རྒྱལ་པོ་འཆད་རྩོད་རྩོམ་པའི་འོད་ཟེར་བྱེ་བ་ཕྲག་བརྒྱ་འབད་མེད་དུ་སྤྲོས་པས།   རྩོད་དུས་གླིང་བཞིའི་མུན་སེལ་འགྲན་ཟླ་དང་བྲལ་བར་བཞུགས་པ་ནས། བརྩེ་བ་ཆེན་པོའི་བདུད་རྩི་ཆལ་ཆིལ་དུ་གཡོ་བའི༧བཀའ་གླེགས་རིན་པོ་ཆེའི་ཟ་མ་ཏོག་གནང་སྐྱེས་ཕུན་སུམ་ཚོགས་པའི་གོས་བཟང་གིས་མཛེས་བར་ཀླུབས་པ་ཕྱག་རྟགས་པདྨ་རཱ་གའི་གཟི་མདངས་མ་ཉམས་པར་བདེ་ཆེན་འཁོར་ལོའི་རྒྱུན་དུ་ཕབས་པས་དད་སྤྲོ་བརྗོད་ལས་འདས་པའི་གོང་འཕེལ་དུ་གྱུར།   ༈ ཉེ་ཆར་ཚོགས་གཉིས་ཀྱི་ཕུང་ཕོ་ཡོངས་སུ་རྫོགས་པའི༧སྐུ་མཆོག་ཡིད་བཞིན་གྱི་ནོར་བུ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང༌།འཇིག་རྟེན་མཐའ་དག་དགེ་ལེགས་སུ་བྱེད་པའི་མཛད་བཟང་དགོས་འདོད་ཀྱི་ཆར་དུ་འབེབས་བཞིན་བཞུགས་པའི་རིང་ནས།    གསུང་དབྱངས་རྣམ་པ་ཐམས་ཅད་པའི་ཆོས་ཀྱི་རང་མདངས་ཡི་གེའི་གཟུགས་སུ་འཕོས་པའི༧བཀའ་རྟགས་ཀྱི་རི་མོ་མ་རྙིང་བར་གཙུག་ཏུ་བྱོན་པས་ཡིད་ཀྱི་འཁྲི་ཤིང་དགའ་དད་སྤྲོ་བའི་སྙེ་མ་འབུམ་གྱིས་དུད་པར་གྱུར།  ༈ དེང་གི་ཆར་ཡང༧གསང་གསུམ་རྡོ་རྗེའི་རང་བཞིན་དུ་བརྟན་ཅིང་རླབས་ཆེན་འཕྲིན་ལས་ཀྱི་འཇུག་པ་དབྱར་མཚོ་ལྟར་འཕེལ་བའི་ཐད་ནས་འཇིགས་མེད་སེངྒེའི་ང་རོའི་རྒྱུད་ལས་དྲངས་པའི༧བཀའ་མཆིད་རྣམ་པར་དགེ་བའི་སྐྱེས་གནང་དང་ལྷན་ཅིག་ཕྱག་རྒྱའི་གཟི་བྱིན་ངོམ་བཞིན་ཡན་ལག་མཆོག་ཏུ་ཕེབས་པས་ཡིད་ཀྱི་གདུང་སེལ་བླ་ན་མེད་པར་གྱུར། ༈ དེང་ས་གསུམ་གྱི་སྒྲོན་མེ་གཅིག་བུའི༧སྐུ་དྲི་མ་མེད་པ་ནམ་མཁའི་ནོར་བུ་དམ་པའི་ཆོས་ཀྱི་གཟི་འོད་ཕྱོགས་བཅུར་འབར་བཞིན་པར་བཞུགས་པ་ནས་གཏན་ཚིགས་ཞིབ་འཁོད་ཀྱི༧བཀའ་ཐམ་རིན་པོ་ཆེའི་མེ་ཏོག་སྤྱི་བོར་ལྷུང་བས་གསེར་ཞལ་དངོས་མཇལ་གྱི་སྐལ་བ་བཟང་པོ་དང་མི་གཉིས་པར་གྱུར། ཞེས་པ་ལྟ་བུ་དང་གཞན་ཡང་གོང་སྨོས་བསྙུན་གསོལ་བའི་སྐོར་གྱི་འཚོ་ཞིང་གཞེས་པ་ནི། ཞེས་དང༌།བཞུགས་པ་ནི་ཞེས་པ་ལྟ་བུའི་ཚིག་ཕྲད་ཀྱི་ནི་དེ་དག་ནས་སུ་བསྒྱུར་ལ་གསུང་ཡིག་གནང་ཚུལ་སྦྱོར་བ་འདི་ལྟར། ༈ འཚོ་ཞིང་གཞེས་པ་ནས་གསལ་བརྗིད་ཆོས་ཀྱི་འབྲུག་སྒྲ་སྙན་པར་ལྡིར་བའི་༧བཀའ་ལུང་བསམ་འཕེལ་ནོར་བུ་དགོས་འདོད་ཀྱི་གྲུ་ཆར་འཇོ་བ་མགོ་པོའི་རྒྱལ་མཚན་ཏུ་བསྟེན་པས་དབུལ་པོ་གཏེར་དང་འཕྲད་པ་ལྟ་བུའི་སྐལ་བ་བཟང་པོ་མངོན་དུ་གྱུར། ༈ བཞུགས་པ་ནས།   བརྩེ་བའི་བཀའ་མཆིད་སྙན་དགུའི་རོལ་མོ་གྱ་ནོམ་པའི་གནང་རྟེན་མུ་ཏིག་གི་དྲ་བས་འཁྱུད་བཞིན་ཐོད་དུ་ཕེབས་པས་རབ་དགའི་ས་ལ་ཡུད་ཀྱིས་འཕོས་འདྲའི་དང་བ་བརྩེ་གཅིག་ཏུ་གནས་པར་གྱུར།   ༈ བཞུགས་པ་ནས་ཚིག་དོན་ཕུན་སུམ་ཚོགས་པའི༧གསུང་མཆིད་ལྷ་རྫས་བཅས་བཙུག་ཏུ་བབས་པས་དད་སྤྲོ་ལྷག་པར་འཕེལ། ༈ བཞུགས་པ་ནས་འཕྲལ་དང་ཡུན་དུ་དགེ་པའི ༧ བཀའ་གནང་ཕྱི་རྟེན་རྨད་དུ་བྱུང་བ་བཅས་བསྩལ་པ་ཡན་ལག་མཆོག་གི་རྒྱན་དུ་འབྱོར་བས་དད་གུས་བླ་ལྷག་ཏུ་འཕེལ།   དེ་བཞིན་དུ་བཀའ་དྲིན་ཕུལ་དུ་ཕྱིན་པར་སྐྱོང་བ་ནས་ཞེས་དང༌། དགའ་སྟོན་འགུག་པར་མཛད་པ་ནས། ཞེས་པའི་འཕྲོར་ཡང་བཤད་མ་ཐག་པ་གང་རིགས་སྦྱར་བའི་འཐུས།
༈ ཡང་གདན་ས་ཆེན་པོར་ཞབས་པད་གསར་དུ་བཀོད་དུས་འབུལ་ན།   ༈ དེང་ངོ་མཚར་བསྐལ་བ་བཟང་པོའི་དུས་ཀྱི་ཆ་ལ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཞལ་སྐྱིན་རྨད་དུ་བྱུང་བའི༧སྐུ་མཆོག་གསེར་རིའི་དབང་པོ་མཁས་མང་གླིང་བཞིའི་དབུས་ན་མངོན་པར་འཕགས་ཤིང༌།   ལུང་རྟོགས་ཉི་ཟླའི་རྣ་ཆ་མཛེས་པར་གཡོ་པ་གང་ཉིད་ལྷར་བཅས་སྐྱེ་དགུའི་གཙུག་གི་ནོར་བུས་བཏུད་པའི་གསེར་གྱི་ཁྲི་འཕངས་མཐོན་པོར་མངའ་བསྒྱུར་པས་འཇིག་རྟེན་མཐའ་དག་ཡང་དག་པའི་མགོན་དང་བཅས་སོ་ཞེས་སྙན་པའི་སྒྲ་དབྱངས་སྲིད་རྩེའི་བར་དུ་ཁྱབ་པར་གྱུར་པ་འདི་ནི། འཁོས་ཆུང་བདག་ལྟའི་ཡིད་ལ་རིང་ནས་བརྣགས་པའི་འདོད་དོན་ཡོངས་སུ་རྫོགས་པ་ལགས།  ༈དེང་ཕུལ་བྱུང་སྒྲོན་མེའི་བསྐལ་པར་གྲགས་པ་དོན་དང་ལྡན་པའི་དུས་ཀྱི་ཆར་ལྷ་མི་དྲེགས་ལྡན་ཆེ་དགུའི་སེངྒེ་རྣམ་པར་འགྱིངས་པའི་སྤྱི་བོས་བཏེགས་ཤིང༌།   མཁས་པའི་སྐྱེ་བོ་མཐའ་དག་གི་ཅོད་པན་གྱིས་གཏུགས་པའི་ཆོས་ཀྱི་ཁྲི་ཆེན་པོར་བཅོས་ལྡན་འདས་ཤཱཀྱའི་རྒྱལ་པོ་བཞིན་དུ་མི་འཇིགས་དམ་བཅའ་རྣམ་བཞིའི་རྩལ་གྱིས་འཛུམ་བཞད་ལྷམ་མེར་བཞུགས་པའི་རྟེན་འབྲེལ་ལེགས་ལམ་ཕུན་སུམ་ཚོགས་པ་ཀུན་ལ་མཐུན་སྣང་དུ་གྲུབ་པའི་གཏམ་སྙན་ཕྱོགས་ལས་རྣམ་པར་རྒྱལ་བའི་འབྲུག་སྒྲས་ས་ཆེན་གཡོ་བཞིན་སྙིང་ལ་དགའ་བའི་བདུད་རྩིས་མྱོས་པ་ཅི་ཡང་སྦྱིན་པར་བྱས་ལགས།  ༈ དེང་དགེ་ལེགས་རྣམ་པར་བཀྲ་བའི་ཤིས་པ་རླབས་པོ་ཆེའི་དུས་འདིར། ཀུན་གཟུགས་ཡེ་ཤེས་ཀྱི་འོ་མའི་མཚོ་ལས་སྙིང་པོ་མངོན་དུ་ཕྱུངས་པ་སྲིད་ཞུའི་མཛེས་སྡུག་གཅིག་ཏུ་རྫོགས་པའི་༧སྐུ་མཆོག་མཐོང་བ་དོན་ལྡན་ཉིད་གསེར་གྱི་མྱུག་གུ་བཀྲམ་པའི་ཁྲི་འཕང་མཐོན་པོར༧ཞབས་སེན་གྱི་ཟླ་ཚེས་གསར་དུ་བཀོད་པའི་དགེ་མཚན་མཁའ་ཁྱབ་ཏུ་མངོན་པར་གསལ་བས་འཇིག་རྟེན་འདི་དག་རྫོགས་ལྡན་གྱི་དགའ་སྟོན་ལ་རིངས་པར་ཆས་པ་ནི། ངོ་མཚར་རྨད་དུ་བྱུང་བའི་བཀའ་དྲིན་གྱིས་ཁྱབ་པར་མཛད་པ་ལགས།   ༈ ཉེ་ལམ་དཔལ་ལྡན་ཆོས་ཀྱི་རྒྱལ་སྲིད་མཐོན་པོ་ལ་རྩིབས་སྟོང་ཡོན་ཏན་གྱི་འཁོར་ལོས་དབང་བསྒྱུར་ཏེ། རྒྱལ་བའི་བསྟན་པ་རབ་འབྱམས་ཚུལ་བཞིན་འདོམས་པ་ལ་འཇིགས་པ་མེད་པ་ཁྱུ་མཆོག་རླབས་པོ་ཆེའི་སྒྲ་དབྱངས་ཕྱོགས་བརྒྱར་སྒྲོག་པར་མཛད་པ་ནི།    བདག་ཅག་རྗེས་འཇུག་པ་རྣམས་ལ་སྔ་ནས་བཀའ་དྲིན་རི་དང་མཉམ་པར་ལྕི་བ་ལས་ཀྱང་ཆེས་ལྕི་བར་གྱུར་པ་ལགས།
༈རིང་མིན་གྱི་ཆར་མཁས་པ་དང་གྲུབ་པའི་འཁོར་ལོས་བསྒྱུར་པ་ཆེན་པོ ༧ ཉིད་མི་འཇིགས་སེངྒེའི་ཁྲི་ལ༧ཞབས་པད་རྟག་བརྟན་རྡོ་རྗེའི་རང་བཞིན་དུ་བཀོད་དེ། སྐལ་བ་དང་ལྡན་པ་མཐའ་དག་ལེགས་པར་བཤད་པའི་བདུད་རྩིའི་དགའ་སྟོན་ལ་མགྲོན་དུ་གཉེར་བར་མཛད་པ་ནི། ངོ་མཚར་རྒྱལ་བའི་འཕྲིན་ལས་རྨད་དུ་བྱུང་བར་མཐོང་བས་དད་པ་དང་གུས་པ་འགྲན་བཞིན་འཕེལ་བའི་སྐབས་ལགས།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号