ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
ས་གསུམ་འགྲོ་བའི་མཆོད་སྡོང་དམ་པར༧ཞབས་པད་རྟག་བརྟན་གཡང་དྲུང་ཆེན་པོའི་གཤིས་སུ་ལྷུན་ཆགས་པ་ནས་ཟབ་རྒྱས་རྣམ་པར་དགེ་བའི་འཕྲིན་ལས་ཀྱི་འཇུག་པ་སྐད་ཅིག་ཀྱང་མི་གཡེལ་བར་གསོལ་བ་འདེབས་ཤིང༌། གུས་ལྡན་པའང་བྱང་ཆུབ་སྙིང་པོའི་བར་དུ་ཐུགས་རྗེའི་གཟིགས་པ་ནས་མི་འདོར་བའི ༧ བཀའ་མཆིད་ཉི་ཟླའི་བགྲོད་པ་བཞིན་འཕྲལ་ཡུན་དུ་སྩོལ་བར་ཅི་གནང༌། ༈སླད་དུའང་རྒྱལ་བ་ཐམས་ཅད་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན༧སྐུའི་དཀྱིལ་འཁོར་གཅིག་ལ་ཡོངས་སུ་རྫོགས་པའི་མཚན་བཟང་གསེར་གྱི་ལྷུན་པོ་འདི་ཉིད་ཛམྦུའི་རྐང་འཐུང་གི་རྒྱལ་མཚན་དམ་པས་མཛེས་པའི་ཞིང་ཁམས་སྤྱི་དང༌། ཁྱད་པར་བྱང་ཕྱོགས་ཀཻ་ལ་ཤའི་རྭ་བས་བསྐོར་བའི་རྒྱལ་ཁམས་ཆེན་པོའི་བསྟན་སྲིད་ཟུང་དུ་འབྲེལ་བའི་ལེགས་ཚོགས་མཐའ་དག་གི་གཞི་རྟེན་གཅིག་པུར་རྟག་བརྟན་རྡོ་རྗེའི་དངོས་པོར་བྱིན་གྱིས་བརླབས་ཏེ། ཕྱི་ལུས་ཀྱི་ཆ་ལུགས། ནང་སེམས་ཀྱི་འཁྱེར་སོ།   བར་ངག་གི་སྐད་རིགས་ཐ་དད་པའི་གདུལ་བྱ་ཉིན་རེ་བཞིན་ཡང་སྤྲིན་ལྟར་འདུས་པ་ལ།   སྡེ་བཞིའི་སྒོ་འཕར་ཡངས་པོར་ཕྱེ་ནས་རང་རང་ཇི་ལྟི་མོས་པའི་འདོད་པ་ཐམས་ཅད་བདེ་བླག་ཏུ་འཇོ་བའི་མཛད་པ་རླབས་པོ་ཆེས་སོ་སོའི་རེ་འདོད་རྫོགས་པར་སྐོང་བའི་བཀའ་དྲིན་ཆེན་པོས་རྗེས་སུ་སྐྱོང་བ་དང༌། གུས་འབངས་ལྟོས་བཅས་ཚད་མེད་ཐུགས་རྗེའི་འཇུག་པ་མཁའ་ཁྱབ་ཆེན་པོའི་རོལ་པས་ནམ་ཡང་མི་འདོར་བའི་ངོས༧བཀའ་བསྩལ་བདུད་རྩིའི་ཕྲེང་བའང་གངྒྰའི་ཀླུང་རྒྱུན་བཞིན་སྦྱི་བོར་སྣོལ་བ་མཁྱེན་མཁྱེན་མཁྱེན། ༈སླད་ནས་ཀྱང་ཚོགས་གཉིས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་མཁྱེན་བརྩེ་ནུས་པའི་འོད་རྣོན་ཕྱོགས་བརྒྱར་ཁྱབ་པ་སྨྲ་བའི་ཉི་མ་ཆེན་པོ་དག་ནི་འཇིག་རྟེན་གྱི་མུན་པ་སེལ་བ་དང༌། བཤད་སྒྲུབ་ཀྱི་པད་ཚལ་སྐྱོང་བ་ཉིད་ལགས་པས་མོས་གུས་ཀྱི་ཉེར་ལེན་ཡོད་བཞིན་ཆེད་དུ་ཞུག་ལ་འཚལ་རུང༌། གང་གི་ཚད་མེད་པའི་ཐུགས་རྗེའི་ཆུ་འཛིན་ཁོ་ནར་རེ་བའི་སྐྱར་མོ་རང་ཡང་འཕྲལ་དང་ཡུན་དུ་དགེ་བའི༧བཀའ་སློབ་བདུད་རྩིའི་ཆར་གྱི་རྗེས་སུ་འཛིན་པར་སྙིང་ནས་གསོལ་བ་འདེབས་ལགས། ༧སླད་དུའང་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གདུང་འཚོབ་ཆེན་པོར༧ཞབས་པད་མི་འཇིགས་སེངྒེའི་ཁྲི་ལ་བརྟན་པར་བཞུགས་ཤིང༌། རྒྱལ་བསྟན་གསེར་གྱི་ཡང་ཞུན་མདོ་སྔགས་བཤད་སྒྲུབ་ཡོངས་སུ་རྫོགས་པའི་རིང་ལུགས་སྲིད་པའི་མཐར་ཡང་མཉམ་པ་མེད་པར་བསྐྱངས་ནས་འགྲོ་བ་དག་སྨིེན་གྲོལ་གྱི་ལམ་བཟང་པོ་ལ་འགོད་པའི་ཐུགས་བསྐྱེད་རླབས་པོ་ཆེ་སྐད་ཅིག་ཀྱང་གཡེབ་བ་མེད་པ་དང༌། ཕྲན་ཡང་བརྩེ་ཆེན་ཐུགས་རྗེའི་གཟིགས་པ་ནས་མ་བོར་བའི༧བཀའ་བསྩལ་མེས་པོའི་རལ་ཀླུང་གི་རྒྱུན་བཞིན་གནང་བ་མཁྱེན་མཁྱེན། ༈སླད་དུའང་བསྟན་འགྲོའི་དཔལ་མགོན་དམ་པར༧ཞབས་ཟུང་གཡོ་མེད་བརྟན་བརྗིད་ལྷུན་ཆགས་པ་ནས།   ཟབ་ཡངས་ཆོས་ཀྱི་འཁོར་ལོས་རིས་མེད་གདུལ་བྱའི་ཚོགས་རྣམས་སྨིན་གྲོལ་ལ་འགོད་པར་མཛད་པ་དང༌། ཕྲན་ལྟོས་བཅས་རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས་གསང་ནས་མི་འདོར་བའི༧ཕེབས་སློབ་ཟབ་མོའང་རིམ་པར་སྩོལ་བ་མཁྱེན་མཁྱེན་ཞུ།   ༈སླད་མར་ཡང་རིས་བྲལ་གདུལ་བྱའི་ཉེར་འཚོར་གསང་གསུམ་རྡོ་རྗེའི་རང་བཞིན་ཅན་དུ་བརྟན་ཅིང་ཐུགས་བསྐྱེད་དུས་བབས་ཀྱི་མཛད་པ་ཕུན་སུམ་ཚོགས་པའི་དགོངས་པ་གཞར་ཡང་མི་གཡོ་བ་ནས། ཕྲན་ཆུང་བྱམས་བརྩེའི་མཐིལ་ནས་མ་བོར་བའི༧ བཀའ་ལུང་སྐལ་ལྡན་ཤིང་རྟའི་ཀླུང་རྒྱུན་བཞིན་ཡོད་པ་མཁྱེན། ༈སླད་ཆར་ཡང༌། ༧ཞབས་པད་རྡོ་རྗེའི་གཤིས་སུ་བརྟན་ཅིང༌། ཕྲན་ཆུང་བརྩེ་བས་མི་བསྐྱུར་བའི༧བཀའ་ཕེབས་རིན་པོ་ཆེའི་ཕྲེང་བའང་རིམ་པར་གཙུག་རྒྱན་དུ་སྩོལ་བ་མཁྱེན་མཁྱེན།    ༈སླད་མའི་ཆར་ཡང་བྱམས་བརྩེའི་གཟིགས་པ་ཆེན་པོ་ནས་མི་འདོར་ཞིང༌།   རྣམ་པར་དགེ་བའི་ཕེབས་འོས་འཆི་མེད་འབབ་ལྡན་གྱི་རྒྱུན་བཞིན་སྩོལ་བ་མཁྱེན་མཁྱེན། ༈སླད་ཀྱང་བསྟན་འགྲོའི་སྨན་ཡོན་ཆེན་པོར༧ཞབས་ཟུང་གཞིགས་བྲལ་རྡོ་རྗེའི་ཆོས་བདུན་དུ་བྱིན་གྱིས་བརླབས་ནས་ལུས་ཅན་མཐའ་དག་གི་འདོད་པའི་འབྲས་བུས་ཡོངས་སུ་གང་བའི་བཀའ་དྲིན་གྱིས་སྐྱོང་བ་དང་ཞབས་འབངས་ཀྱི་ན་བའང་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ལམ་བཟང་པོར་དབུགས་དབྱུངས་པའི༧བཀའ་ཡིག་བདུད་རྩིའི་ཟེར་གྱིས་རིམ་པར་རྗེས་སུ་འཛིན་པ་མཁྱེན་མཁྱེན་ཞུ།   །ཞེས་དང༌།
༈ལོ་གསར་གྱི་དགའ་སྟོན་ལ། ༈ད་ལམ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་རྣམ་པར་དཀར་བ་གནམ་ལོའི་རྒྱལ་པོ་གསར་ཚེས་ཀྱི་རང་ཞལ་མངོན་པར་འཛུམ་པའི་དུས་དགེ་བར་སྲིད་ཞིའི་ལེགས་ཚོགས་གཅིག་ཏུ་སྤུངས་པའི་རྟེན་འབྱུང་གི་དགའ་སྟོན་མཚོན་ཙམ་ཕུལ་བར་དགྱེས་པའི་སྤྱན་རས་ཨུཏྤལ་སྔོན་པོའི་རྩེ་དགས་རོལ་པ་དང༌།   སླད་ཀྱང་ཁམས་གསུམ་སྐྱེ་དགུའི་མགོན་དུ༧ཞབས་ཟུང་གཡོ་མེད་རྡོ་རྗེའི་ཁྲི་ལ་བརྟན་ཅིང༌།   ཀུན་ཕན་རླབས་པོ་ཆེའི་མཛད་པ་རྒྱུན་ཆགས་པ་ནས།   ཕྲན་ལ་རྟག་པར་བརྩེ་བའི་སྤྱན་སྐྱང་མི་ལྷོད་པ་མཁྱེན་མཁྱེན་ཞུ།   ༈ཉེ་ལམ་བཟང་པོའི་བསྐལ་པ་འདི་ལ་འཇིག་རྟེན་ཀུན་ཏུ་དགེ་བའི་གནམ་ལོ་རང་བྱུང་གི་འཛུམ་དཀར་གསར་དུ་བཞད་པའི་ཐོག་སྡེ་བཞིའི་སྒོ་འཕར་ཡོངས་སུ་ཕྱེ་བའི་དུས་སྟོན་ཕུན་སུམ་ཚོགས་པ་མཚོན་བྱེད་སྤྱན་ལམ་དུ་བསྟར་བ་བརྩེ་བའི་གཟིགས་སྟངས་བདུད་རྩིའི་འོད་ཀྱི་འབབ་སྟེགས་སུ་ཚུད་པ་དང༌།   སླན་ཆད་ཀྱང་རྒྱལ་བསྟན་ཡོངས་སུ་རྫོགས་པའི་རྩ་ལག་ཆེན་པོར༧ཞབས་པད་བརྟན་བརྗིད་ལྷུན་ཆགས་པ་ནས་ཕྲན་ཆུང་རྣམ་པ་ཐམས་ཅད་གཟིགས་པའི་བརྩེ་ཆེན་རྡོ་རྗེའི་ཡེ་ཤེས་ཀྱི་སྐྱབས་འོག་ནས་གཞར་ཡང་མི་འདོར་པའི་བཀའ་ལུང་ཟབ་རྒྱས་སྦྱིར་བོར་སྩོལ་བ་མཁྱེན་མཁྱེན།   ༈ད་ཆ་གནམ་ལོ་ཐོག་མར་བཞད་པའི་དགེ་ལེགས་གདུགས་དཀར་གཡས་སུ་འཁོར་པའི་ལེགས་ཚོགས་ཀྱི་སྒོ་རྟེན་འབྱུང་མཚོན་བྱེད་ཕྲན་ཙམ་འབུམ་ལམ་ཞུས་པར་ཚད་མེད་པའི་ཐུགས་རྗེའི་དགོངས་ཡུལ་ནས་སྐད་ཅིག་ཀྱང་མི་འདོར་བའི་བཀའ་དྲིན་ཟབ་མོས་རྗེས་སུ་སྐྱོང་བ་མཁྱེན་མཁྱེན།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号