ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
༈སྒོ་གསུམ་གུས་པའི་ཕྱག་དང་བཅས་གསོལ་བ་འདེབས་འབྲས། ༈སོར་མོའི་ཡལ་འདབ་སྤྱི་བོར་བཀོད་དེ་ཞུ་བ། ༈གཅིག་ཏུ་མོས་པའི་གདུང་ཡུས་དང་འཇིགས་ཤིང་ཞུམ་པ་ལྷན་ཅིག་པས་ཞུ་བསོལ། ༈དད་གདུང་ཤུགས་དྲག་གིས་གསོལ་བ་འདེབས་འབྲས། ༈གུས་པས་བཏུད་དེ་གསོལ་བ།   ༈གུས་པ་ཆེན་པོས་ཞུ་བ།   ༈གུས་གསོལ།   ༈ཆེད་ཞུ།
༈ངོ་མཚར་དགེ་བའི་དུས་ཀྱི་ཆར་ཡང་རྨད་དུ་བྱུང་བའི་ཡོན་ཏན་གྱི་དཔལ་མཐའ་ཡས་པས་བརྒྱན་པའི༧སྐུ་མཆོག་ཉི་མ་བརྒྱ་ཡི་གཟི་བརྗིད་དང་ལྡན་པས་འཇིག་རྟེན་གསུམ་པོ་རྣམ་པར་གནོན་ཞིང༌། བསྟན་པ་རིན་པོ་ཆེའི་དབུ་འཕངས་དགུང་དུ་འདེགས་པའི་མཛད་པ་་རླབས་པོ་ཆེ་ལྷུན་གྱིས་གྲུབ་པ་ནི་བཀའ་དྲིན་གཞལ་བར་དཀའ་བ་ལགས། ༈དེང་གི་ཆར་ཡང༌། ས་བཅུའི་དབང་ཕྱུག་གི་སེམས་དཔའ་ཆེན་པོ་ཉིད་རྒྱལ་པོ་པཎྚི་ཏའི་རྣམ་པར་རོལ་པའི༧སྐུ་རྡོ་རྗེ་ནོར་བུ་བརྩེགས་པའི་ལྷུན་པོ་སྲིད་པ་གསུམ་གྱི་གཟི་བྱིན་གཅིག་ཏུ་སྤུངས་པ་ལྟར་བརྗིད་ཆགས་ཤིང༌། ཅི་མཛད་ཆོས་དངོ་མཐུན་ལ་ཀུན་ཏུ་དོན་ཡོད་པའི་རྒྱལ་ཐབས་ཆེན་པོའི་ཉི་མ་མཁའ་ཁྱབ་ཏུ་འཆར་བའི་དགེ་ལེགས་ཀྱི་སྣང་བས་སྐྱེ་དགུ་རྫོགས་ལྡན་གྱི་མགྲོན་དུ་གཉེར་བཞིན་བཞུགས་པ་བཀའ་དྲིན་གྱི་དཔལ་དུ་ཆེ། ༈དེང་ཡང༌། ས་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ལྡན་གྱི་རྒྱལ་པོའི་ཚུལ་དུ་འབྱོན་པར་གསུངས་པ་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པའི༧གསང་གསུམ་རྡོ་རྗེའི་རང་ཁམས་སུ་བརྟན་ཅིང༌། སྐྱེ་དགུ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་མཆོག་ཏུ་ཐུགས་བསྐྱེད་མངོན་པར་གྲུབ་པའི་མཛད་པ་ཀུན་ནས་ལྷུན་ཆགས་པར་བཞུགས་པ་ནི།   ངོ་མཚར་རྨད་དུ་བྱུང་བའི་གནས་ལགས། ༈མི་རིང་བའི་ཆར་བསོད་ནམས་བརྒྱ་བའི་མཚན་གྱིས་ལྷམ་མེར་ཀུན་ནས་འཕགས་པའི༧སྐུའི་དཀྱིལ་འཁོར་གསེར་གྱི་རི་བོའི་བ་གམ་ལྟར་བརྟན་ཅིང༌།   གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་ལྷའི་བདེ་སྐྱིད་ལ་འགོད་པའི་མཛད་ཁྱབ་ཀུན་ཏུ་དགེ་བ་དོན་ཡོད་པར་བཞུགས་པ་ནི། ངེས་པར་རྒྱལ་བའི་འཕྲིན་ལས་མིའི་བདག་པོའི་རྣམ་པར་རོལ་པ་ཉིད་ལས་གཞན་དུ་ཅི་ཞིག་སེམས། ༈དེང་གི་དུས་ཉིད་ནའང་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་དགེ་མཚན་རིན་པོ་ཆེ་སྣ་བདུན་སྔོན་དུ་འགྲོ་བའི་མིའི་ཉི་མ་གནམ་ཀ་བ་མེད་པའི་མཐོངས་ནས་ས་ཆེན་པོའི་མངའ་བདག་ཏུ་བྱོན་པས་འཇིགས་་པ་མེད་པ་གདོང་ལྔའི་དབང་བོ་སྲབ་མེད་དུ་རྒྱུ་བའི་རྣམ་པར་ཐར་པ་དང་ལྡན་ཞིང༌། འབངས་ལ་ཉེ་འཁོན་བྲལ་བའི་མཛད་པ་ཉི་ཟླའི་འོད་ལྟར་སྙོམས་ནའང་རང་གི་ལས་ཀྱིས་ནོངས་པའི་ཉིས་སྤྱོད་མཁན་ལ་དུས་ཀྱི་པེ་ཅོན་ལྡར་རྩུབ་པའི་༧བཀའ་ཁྲིམས་བཙན་པོ་མི་དང་མི་མ་ཡིན་སུས་ཀྱང་འདའ་བར་མི་ནུས་པས།    ས་ཆེན་པོའེ་དཀྱིལ་འཁོར་དུ་འཁོད་པ་ཐམས་ཅད་ནག་པོའི་དགྲ་ལས་རྣམ་པར་རྒྱལ་པའི་རུ་མཚོན་སྲིད་རྩེའི་བར་དུ་བསྒྲེང་བར་མཛད་པ་ནི་ངོ་མཚར་རྨད་དུ་བྱུང་བའི་གནས་དཔག་པར་དཀའ་བ་ལགས། ༈དེང་ཉིད་ཕུན་སུམ་ཚོགས་པའི་དཔལ་ཡོན་དུ་མས་མངོན་པར་མཐོ་བའི་མཛེས༧སྐུའི་ལྷུན་པོ་འཁོར་འབངས་རྒྱ་མཚོའི་དབུས་ན་བརྗིད་ཅིང༌། གཙུག་ལག་གཉིས་ལྡན་གྱི་མཛད་འཕྲིན་རླབས་པོ་ཆེའི་གཟི་འོད་སྣ་ཚོགས་མཁའ་ཁྱབ་ཏུ་སྤྲོ་བཞིན་པར་འཚོ་ཞིང་གཞེས་པ་ནི་ཚད་མེད་པའི་བཀའ་དྲིན་གྱི་ཕུལ་དུ་གྱུར། ༈དེང་ཡང་སྲིད་ཞིའི་དགེ་ལེགས་རྒྱ་མཚོ་གཟུགས་སུ་གྲུབ་པ་ལྟ་བུའི༧སྐུའི་དཀྱིལ་འཁོར་ཆེན་པོ་གཟི་བརྗིད་ཀྱི་ཟིལ་ལྷག་པར་རྒྱས་ཤིང༌། དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱལ་ཐབས་ཀྱི་འཁོར་ལོ་ཆོས་བཞིན་བསྒྱུར་པའི་སྙན་པ་མཆོག་ཏུ་དཀར་བར།    དད་གུས་ཡི་རངས་བླ་ལྷག་ཏུ་འཕེལ། ༈རིང་མིན་དགེ་བའི་ཆར་ཡང༌། རྨད་བྱུང་ཚོགས་གཉིས་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པའི་མཛེས༧སྐུ་བཅུ་གཉིས་བདག་པོའི་དཀྱིལ་འཁོར་གསལ་དྭངས་ལྷམ་མེར་འཕགས་ཤིང༌། ཆོས་སྲིད་གཉིས་ལྡན་གྱི༧བཀའ་ཁྲིམས་འོད་བརྒྱའི་སྣང་བ་འགོག་མེད་དུ་སྤྲོ་བས་ཆབ་འབངས་པདྨ་དཀར་པོའི་མཚོ་གླིང་ཅི་དགར་སྐྱོང་བཞིན་འཚོ་བཞེས་གཡོ་བ་མེད་པར་བཞུགས་པ་གོར་མ་ཆག ༈དེང་སྐབས་བསོད་ནམས་ཀྱི་མཐུ་ཆེན་པོ་ལ་མངའ་དབང་འབྱོར་བསཕྱོགས་ལས་རྣམ་པར་རྒྱལ་བའི་མཛའ་འཕྲིན་བཙན་བརྗིད་ཤུགས་ཆེ་བ་མཉམ་ཡངས་ཁྱབ་གདལ་དུ་སྤྱོད་པའི་ལག་རྗེས་ཕན་བདེ་འབའ་ཞིག་ཏུ་འཆར་བཞིན་པར༧སྐུ་འཚོའི་བཀོད་པ་སུ་ལྭརྞའི་ཁམས་ལྟར་བཟང་བ་བཞིར་བཅས། ༈དེང་ཡང༧སྐུ་ཁམས་ཟླ་བ་ནོར་བུའི་དཀྱིལ་འཁོར་མཆོག་ཏུ་གསལ་ཞིང༌།
ཚད་མེད་ཐུགས་རྗེའི་བདུད་རྩིས་མངའ་འབངས་ཕན་བདེའི་ཀུ་མུད་སྤེལ་བཞིན་པར་བཞུགས་ལགས་སམ།
༈བཀའ་ཤོག་བྱུང་བའི་ལན་དུ་འབུལ་ན། ༈ཉེ་ཆར་ཕུན་སུམ་ཚོགས་པའི་དཔལ་ཡོན་གསེར་གྱི་འཁྲི་ཤིང་སྟོང་གིས་ཀུན་ནས་དཀྲིས་པའི༧སྐུའི་དཔག་བསམ་ལྗོན་པ་མངོན་མཐོའི་རིགས་ཀྱི་རྩ་བ་བརྟན་ཅིང༌། ཐུགས་བསྐྱེད་ཀྱི་སྡོང་བོ་རྒྱས་པ།   བསོད་ནམས་ཀྱི་ཡལ་ག་ཡངས་པ། དཔལ་འབྱོར་གྱི་ལོ་འདབ་ཕྱུག་པ།   སྒྱུ་རྩལ་གྱི་མེ་ཏོག་བཞད་པ། ཡོན་ཏན་གྱི་འབྲས་བུ་དུད་པ། གཞན་ཕན་གྱི་གྲིཔ་བསིལ་སྣུམ་པ། དགོས་འདོད་ཀྱི་ཆར་ཆེན་འཇོ་བ། བསྟོད་བསྔགས་ཀྱི་འོས་སུ་མཐོ་བར་བཞུགས་པ་ནས། མཉེས་གཤིན་བྱམས་པའི་ཐུགས་གསང་ཤེལ་གྱི་རྭ་བར་ཕྲན་བུ་རྗེས་སུ་བཏེགས་པའི༧བཀའ་ལུང་ཟབ་ཅིང་བརླིང་བ་གནང་སྐྱེས་རྒྱ་ཆེན་པོ་དང་བཅས་གཟུགས་ཅན་དང་གཟུགས་མེད་སུས་ཀྱང་འདའ་བར་དཀའ་བའི་ཕྱག་རྒྱས་ཇི་ལྟར་བཏབ་བཞིན་སྤྱི་བོར་ཕེབས་པས་བསམ་གཏན་དང་པོའི་དགའ་བདེ་ལ་ཡུད་ཀྱི་རེག་པར་གྱུར། ༈དེང་ངོ་མཚར་རྒྱལ་བའི་སྲས་ཀྱི་རྣམ་པར་འཕྲུལ་བར་གདོན་མི་ཟ་བའི༧སྐུའི་དཀྱིལ་འཁོར་ལྷུན་པོའི་དོ་ཟླར་འཕགས་ཤིང༌། ཕྱི་ནང་གསང་བའི་མཛད་སྒོ་བསམ་གྱིས་མི་ཁྱབ་བ་ལུས་ཅན་མཐའ་དག་གི་ཕན་བདེའི་རྩི་སྨན་དུ་འབབ་པའི་གཙུག་ལག་ལུགས་བརྒྱའི་མདུན་ས་ཆེན་པོ་ཉིད་ནས། ཕྲན་ཆུང་བརྩེ་བས་མ་པར་བའི་བཀའ་མཆིད་གནང་སྐྱེས་ཕུན་སུམ་ཚོགས་པ་དང་བཅས་ཕྱག་རྟགས་ཀྱི་ལང་ཚོ་མ་རྙིང་བར་ཡན་ལག་མཆོག་ཏུ་ཕེབས་པའི་སྙིང་ལ་དགའ་བའི་གཏེར་ཁ་རྡོལ་བ་བཞིན་དུ་གྱུར།   ༈དིང་སང་སྔོན་བསགས་ལེགས་སྤྱད་ཀྱི་ཆུ་གཏེར་བསྲུབས་པ་ལས་འོངས་པའི་མཛེས༧སྐུའི་ཟླ་ཤེལ་ཉེ་ཞོའི་ཆུ་འཛིན་གྱིས་མི་སྒྲིབ་ཅིང༌།   དུས་བབས་ཀྱི་མཛད་པ་བདུད་རྩིའི་འོད་ཀྱིས་མཛེས་པར་བཞུགས་པ་ནས་ཆབ་ཤོག་ཞིབ་འཁོད་གྱ་ནོམ་པའི་གནང་རྟེན་དང་བཅས་བསྩལ་པ་མ་ཉམས་པར་ཕེབས་པས་དད་སྤྲོ་ལྷག་པར་འཕེལ། ཞེས་དང༌། དེ་བཞིན་གོང་སྨོས་ཀྱི་དཔེར་བརྗོད་སོ་སོའི་གཤམ་དུ་སྦྱོར་ཚུལ་ཡང་ཤེས་པར་བྱ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号