ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
༈འདི་ཕྱོགས་སུའང་གནམ་བསྐོས༧བཀའ་རྟགས་ཟླ་བའི་ཅོད་པན་སྐྱེ་དགུའི་བླ་ན་མངོན་པར་གསལ་བའི་ཐུགས་རྗེའི་འོད་རླབས་དཀར་པོས་རྫོགས་ལྡན་ཕན་བདེའི་ཀུནྡ་འཇོ་སྒེག་རྒྱས་པའི་སྐབས་སུ་མཆིས། ༈གུས་ཞབས་པའང་ཐུགས་རྗེའི་བདག་ཉིད་མཆོག་གི་བཀའ་དྲིན་གྱིས་ཡུན་དུ་བདེ་བར་རློམས་པའི་སྐབས་སུ་བདོག  ༈འདི་ཕྱོགས་སུའང་མིའི་བདག་པོ་ཆེན་པོའི་བསོད་ནམས་ཀྱི་དཔུང་པ་བཙན་པོའི་་མཐུས་དམན་པ་བདག་ཀྱང་ཉེར་འཚེའི་དོགས་པ་མེད་པར་སྐྱིད་པའི་ཚོར་བ་ཉམས་སུ་མྱོང་སྐབས་ལགས།   ༈འདིར་ཡང༌། གསེར་གྱི༧བཀའ་ལུང་བཙན་པོའི་གཟི་བརྗིད་ཀྱིས་འབངས་རྣམས་ལེ་ལོ་དང་རྩོད་པའི་གོ་སྐབས་ཕྲོགས་བཞིན་བག་ཕེབས་པར་གནས། ༈འདི་ན༧ལྷའི་ཁྲིམས་སྲོལ་བཟང་པོས་རང་ནུས་དང་བསྟུན་པའི་བག་ཡོད་ཚུལ་མཐུན་གྱི་སྤྱོད་པར་མིག་ཡར་བལྟའི་འདུན་པ་ཆེ་བར་བདོག ༈གང་གི་ཐུགས་རྗེས་བདེ་དགའ་ལ་ལོངས་སྤྱོད་པ་བདག་ཀྱང༧ལྷའི་བཀའ་དྲིན་གསེར་སྤྲམ་ལྟར་ལྕི་བ་སྙིང་ལ་འགོད་བཞིན་གནས། ༈ཕྲན་སྙོམས་ལས་པའང་གང་གི་ཐུགས་རྗེ་ཚད་མེད་པའི་བཀའ་དྲིན་གྱིས་བདེ་བ་ལ་རེག་པར་གནས། ༈ཕྲན་ཡང་གང་གི་ཐུགས་རྗེའི་སྣང་བས་བདེ་བར་འཚོ་ཞིང་གནས། ༈འདིར་ཡང༧མིའི་དབང་པོའི་ཐུགས་རྗེ་ཁོ་ནས་སྔར་རྒྱུན་བཞིན་བདེ་བར་གནས། ༈འདི་ནའང༧མིའི་བདག་པོ་ཆེན་པོ༧སྐུ་ཚེ་བརྟན་ཅིང་ཆབ་སྲིད་རྒྱས་ཕྱིར། དཀོན་མཆོག་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་ལ་བརྩོན་པར་ཡོད།
༈མཚམས་འདིར་སྐབས་དོན་ཞུ། ༈སླད་མའི་ཆར་ཡང༌། རྒྱལ་ཐབས་གསེར་གྱི་འཁོར་ལོ་མཐའ་བཞི་ལས་རྣམ་པར་རྒྱལ་བའི་ཚུལ་ལུགས་རྨད་དུ་བྱུང་བའི་དགོངས་ཟབ་ལྷུར་བཞེས་མུ་ནས། ངོ་མཚར་ཀུན་ཏུ་དགེ་བའི༧ཕེབས་ཚོགས་ཀྱང་སྲིད་པའི་སྒྲོན་མེ་ཟུང་གི་དཀྱིལ་འཁོར་བཞིན་ཁོར་མོ་ཡུག་ཏུ་སྩོལ་བ་མཁྱེན་མཁྱེན། ༈སླད་ནས་ཀྱང་ཕན་བདེའི་འབྱུང་གནས་དམ་པ་ཐུབ་བསྟན་མི་ནུབ་པའི་རྒྱལ་མཚན་སྟོབས་ཀྱི་ཕྲག་པར་བླངས་ཤིང་མངའ་འབངས་བྱམས་བརྩེའི་སྤྱན་གྱིས་འཚོ་བ་སོགས་སྡོན་རབས་ཆོས་རྒྱལ་བཟང་པོའེ་རྣམ་པར་ཐར་བ་ལས་སྐད་ཅིག་ཀྱང་གཡོ་བ་མེད་པ་སྔར་མུ་བཞིན་དང༌།   ཕྲན་ལྟོས་བཅས་ཀྱང་རྣམ་ཀུན་ཐུགས་རྗེའི་གཟིགས་པ་རླབས་པོ་ཆེ་ནས་མི་འདོར་བའི་བཀའ་དྲིན་གྱིས་རྗེས་སུ་སྐྱོང་བ་མཁྱེན་མཁྱེན། ༈སླད་མར་ཡང་བསྟན་འགྲོའི་དཔལ་མགོན་ཆེན་པོར༧ཞབས་ཟུང་འགྱུར་མེད་རྡོ་རྗེའི་རང་བཞིན་དུ་བརྟན་བརྗིད་ལྷུན་ཆགས་པ་ནས། རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ཤིང་རྟ་ཆེན་པོའི་རིགས་ལམ་ནས་དྲངས་པའི་བྱི་དོར་ཆེ་ཞིང༌། ཀུན་སྤྱོད་རྣམ་ཐར་པདྨའི་སྦུབས་བཞིན་གཙང་བ་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་དྲི་མ་མེད་པའི་ཁང་བཟང་དཔུང་པ་རྡོ་རྗེའི་ཀ་བ་བརྟན་པོས་བཏེགས་བཞིན་པ་ལས་སྐད་ཅིག་ཀྱང་མི་གཡེལ་བ་ཞུ་ཞིང༌།    གང་ཅིའི་སར་སྨན་ཡོན་དུ་འགྱུར་བའི༧བཀའ་མཆིད་ཀྱང་ཉིད་མོར་བྱེད་པའི་སྣང་བ་བཞིན་སྩོལ་བ་མཁྱེན་མཁྱེན། ༈སླད་ཀྱི་ཆར་ཡང༌།    ཉིན་བྱེད་ལ་མེ་ཁྱེར་གྱིས་གསལ་འདེབས་མི་འཚལ་རུང༌། ལྷག་པའི་བསམ་པར་རྗེས་སུ་དགོངས་ནས།རྒྱལ་ཐབས་ཀྱི་འཕྲིན་ལས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཐུགས་བསྐྱེད་ཟབ་ཅིང་རྒྱ་ཆེ་བས།  ལེགས་པ་གཟེངས་བསྟོད་ལ་དགྱེས་ཤིང་ཉམས་པ་ཚར་གཅོད་ལ་སྐྱེན་པ་སོགས་སྔོན་གྱི་ལྷ་བཙན་པོ་དག་གི་རྣམ་པར་ཐར་བ་བསྲེ་བསླད་མེད་པར་བསྐྱངས་ཏེ། ཐུབ་པའི་བསྟན་པ་རིན་པོ་ཆེ་དང་སྐྱེ་དགུ་མཐའ་དག་ཡུན་རིང་དུ་བསྲུང་བར་བསྐུལ་ཞིང་གསོལ་བ་འདེབས་པ་རྒྱ་མཚོ་ལྟར་ཟབ་པའི་དབྱིངས་སུ་བཅགས་པ་དང་༧བཀའ་བསྩལ་བསླབ་སྟོན་ཀྱང་ཛམྦུའི་གསེར་གྱི་སྙེ་མ་བཞིན་འཕྲལ་ཡུན་དུ་སྤྱི་བོར་སྨིན་པ་མཁྱེན་མཁྱེན།   ༈སླད་དུའང༧སྐུ་རིན་པོ་ཆེ་གཞིག་བྲལ་རྡོ་རྗེའི་རང་བཞིན་ངོས་སངས་རྒྱས་ཀྱི་བསྟན་པའི་ཞབས་ཏོག་མངའ་འབངས་ཀྱི་བདེ་སྐྱིད། ཆབ་སྲིད་ཀྱི་འཕེལ་རྒྱས་སོགས་གང་ཅིར་མཁྱེན་རབ་ནམ་མཁའ་ལྟར་ཡངས་ཤིང་ཆུ་གཏེར་བཞིན་ཟབ་པའི་དགོངས་གཏད་གཡེལ་བ་མེད་པ་ཉིད་ནས། བརྩེ་བས་དྲངས་པའི༧བཀའ་མཆིད་ཀྱང་འཆི་མེད་དལ་འབབ་ཀྱི་བགྲོད་པ་བཞིན་འཕྲལ་ཡུན་ཏུ་སྩོལ་བ་མཁྱེན་མཁྱེན། ༈སླད་དུའང༌། བསྟན་འགྲོའི་ཕན་བདེ་རབ་འབྱམས་ཀྱི་བྱེད་པོར༧སྐུའི་དཀྱིལ་འཁོར་འཚོ་གཞེས་བརྟན་ཅིང༌། ཀུན་ཏུ་བཟང་པོའི་འཕྲིན་ལས་ཀྱི་འཇུག་པ་ནམ་ཡང་མི་ལྷོད་པའི་ཐུགས་སྟོབས་ཡར་ཟླ་ལྟར་འཕེལ་བ་ནས༧ཕེབས་ཚོགས་ཀྱང་འཆི་བ་མེད་པའི་ཀླུང་རྒྱུན་བཞིན་སྩོལ་བ་མཁྱེན་མཁྱེན། ༈སླད་ནས་ཀྱང་རྗེ་འབངས་མཐའ་དག་གི་བདེ་སྐྱིད་ཐུན་མོང་ཉིད་དུ་མཁྱེན་པའི་མེ་ལོང་དཀྱིལ་ན་གསལ་བ་ལྟར་ལགས་པས། ཇི་ལྟར་ཁྲི་གདུགས་ཉི་མ་དགུང་ལ་འཕགས་ཀྱང་འོད་ཟེར་ས་གཞི་ཀུན་ལ་སྙོམས་པ་ལྟར་མངའ་འབངས་སྐྱེ་དགུ་ཡོངས་ལ་ཐུགས་རྗེ་མཆོག་ཏུ་སྙོམས་པའི་དགོངས་པ་ལྷུར་བཞེས་ངོས༧ཕེབས་ཚོགས་ཀྱི་རིམ་པའང་རྒྱ་མཚོའི་རླབས་ལྟར་ཡོད་པ་ཞུ། ༈སླར་ཡང་དགེ་བཅུའི༧བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ཉི་འོག་སྐྱེ་དགུའི་ལྟག་པར་ལྗི་བའི་ཆབ་སྲིད་ཚན་ཇུས་དགུང་ལ་རེག་པ་འདི་བཞིན་བསྐལ་པའི་མཐར་ཡང་བརྟན་ཅིང་བརླེང་བའི་ཐབས་ཚུལ་མཐའ་དག་བདག་གིར་བཞེས་པ་ནས་བཀའ་བསྩལ་ཕེབས་འོས་ཀྱི་རིམ་པའང་འཕྲལ་ཡུན་ལྷུར་སྩོལ་གནང་བ་མཁྱེན་མཁྱེན།   ༈སླད་མའི་ཆར་ཡང་རིན་ཆེན་རི་བོའི་དབུས་ན་ལྷུན་པོ་མངོན་པར་མཐོ་བ་དེ་སྲིད་དུ་ས་འདིར། རྒྱལ་ཕྲན་མང་པོས་བཀུར་བའི་གཙུག་ན་འཕྲོག་བྱེད་སྡེར་ལྔས་བཏེགས་པའི་ཁྲི་ལ། ༧ཁྱོད་ཞབས་གཡོ་བ་མེད་པར་བཀོད་ནས་དཔུང་པ་གཏུམ་པོ་དམ་བཅའ་བཞི་ལྡན་གྱི་འཁོར་ལོས་དཔལ་ལྡན་ཐུབ་པའི་བསྟན་པ་བསྲུང་ཞིང་ཡངས་པའི་རྒྱལ་ཁམས་བདེ་ལ་སྦྱོར་བའི་དགོངས་ཟབ་ལྷུར་བཞེས་གནང་བ་ཅིས་ཀྱང་ཐུགས་རྗེས་གཟིགས་པར་ཞུ།  ༈སླད་མ་ཉིད་ནའང་མཚུངས་མེད་ཆོས་ཀྱི་རྒྱལ་པོའི་ཐུགས་རྗེ་རིས་མེད་ཀུན་ལ་སྙོམས་བར་བརྡལ་བས་སྡེ་བཞིའི་ཕུན་ཚོགས་ཐམས་ཅད་དཔྱིད་དུས་ཀྱི་དཔལ་ལ་འགྲན་པར་སྤེལ་བའི་མཛད་པ་འབྱམས་སུ་ཀླས་པ་ནས། འདིར་ཡང་འཕྲལ་ཡུན་གྱི་བགྱི་བ་ཐམས་ཅད་ལྷུགས་པར་འདོམས་པ་ཞིག་ཅིས་ཀྱང་ཐུགས་རྗེ་མི་ཆུང་བ་མཁྱེན་མཁྱེན།
༈ལོ་གསར་གྱི་ཚེ། ༈ད་ཆ་ཕུན་སུམ༌ཚོགས་པ་ཐམས་ཅད་ལྷུན་གྱི་གྲུབ་པ་འཛམ་བུའི་རྒྱལ་མཚན་ཅན་གྱི་གླིང་འདིར་གནམ་ལོ་དགེ་བའི་རང་ཞལ་གསར་དུ་ངོམ་པས་དཔལ་ལྡན༧འཁོར་ལོས་བསྒྱུར་པ་ཆེན་པོ་དགྱེས་བཞད་ཟླ་བའི་འཛུམ་རླབས་འབུམ་ཕྲག་བརྩེགས་པའི་མདུན་སར་ཆོས་དང་སྲིད་ཀྱི་འབྱོར་བ་མཐའ་དག་གཟུགས་སུ་གྲུབ་པའི་དུས་སྟོན་ངོ་མཚར་གྱི་བཀོད་པ་འབྱམས་སུ་ཀླས་པ་དང་ལྷན་ཅིག་པར།མི་ཆུང་གུས་པ་མཚོན་བྱེད་ལགས་ལམ་རྟེན་འབྱུང་གི་མཆོད་སྤྲིན་ཅུང་
ཟད་སྤྲོས་པར་ཟབ་ཡངས་མཁྱེན་བརྩེའི་གཟིགས་པ་ཡུད་ཙམ་རོལ་པ་ནས། སྐྱེ་དགུའི་བསོད་ནམས་རྡོ་རྗེ་བརྩེགས་པའི་ཁྲི་འཕང་མཐོན་པོར༧ཞབས་པད་གཡོ་མེད་བསྐལ་བརྒྱར་བརྟན་པའི་གསོལ་བ་སྙིང་ཁོང་ནས་འདེབས་པར༧བཀའ་བཞེས་གཡས་སུ་འཁྱིལ་བའི་དུང་སྒྲ་སྙན་པོ་འབྲུག་ལྷར་ལྡིར་བ་ཞིག་ཐུགས་རྗེས་བཟུང་དུ་གསོལ། ༈ད་ལམ་ས་གསུམ་ཀུན་ཏུ་དགེ་བའི་གནམ་ལོ་གསར་ཚེས་ཀྱི་རང་ཞལ་ཐོག་མར་ངོམ་པའི་དགྱེས་སྟོན་ཕུན་སུམ་ཚོགས་པ་དང་ཆབས་གཅིག་འབངས་ཆུང་འཁོས་བསྟུན་གྱི་ལེགས་འབུལ་མཚོན་བྱེད་སྤྱན་སྔར་བསྟར་ཏེ།རླབས་ཆེན་ཐུགས་རྗེའི་འཇུག་པ་ནམ་ཡང་མི་ལྷོད་པའི་བཀའ་དྲིན་ཆེ་བ་མཁྱེན་མཁྱེན་ཞུ། ༈དེང་སྐབས་གནམ་ལོ་གསར་བའི་རྫོགས་ལྡན་གྱི་དགའ་སྟོན་མཚོན་བྱེད་ཙམ་ཞིག་སྐུ་མདུན་དུ་ཕུལ་བ་ལགས་ཤིང་དགྱེས་པའི་ཐུགས་ཀྱིས་བྱམས་སྐྱོང་ཚད་མེད་པའི་བཀའ་དྲིན་སྔར་བཞིན་ཐུགས་རྗེ་གཟིགས་པ་མཁྱེན་མཁྱེན།
༈ཞུ་ཡིག་གཟིགས་པར་གསོལ་བའི་རྟེན་བཀྲ་ཤིས་པའི་ཁ་ཐགས་རྡོ་རྗེའི་གོ་ཁྲབ། མགྱོགས་འགྲོ་རླུང་གི་སྤུན་ཟླ་དང་བཅས་རྒྱལ་གྱིས་ཉ་བའི་ཞི་ཕྱོགས་ཀྱི་རྫོགས་པ་གསུམ་པར་བསྟི་གནས་ཀྱི་ཁང་ཆུང་ནས་གུས་འདུད་ཆེན་པོས་ཕུལ་བའི་ཞུ་ཐོ། ༈ཞུ་ཡིག་སྤྱན་ལམ་དུ་འདེགས་བྱེད་མཚོན་ཙམ་བཅས་ཟླ་ཚེས་ལ་ཕུལ། ༈ཞུ་ཆུང་སྤྱན་རས་ཀྱི་གཟིགས་ངོར་འབབ་པ་གསོལ་བའི་རྟེན་མཚོན་བྱེད་ལ་རྟེགས་ཀྱི་ཚོམ་བུས་སྤྲས་ཏེ་ཟླ་ཚེས་དགེ་བར་ཕུལ། ༈ཞུ་འདེགས་གཅེར་མིན་ཙམ་དུ་ལྷ་རྫས་བཅས་ཟླ་ཚེས་ལ་ཕུལ།    ༈ཞུ་འདེགས་མཚོན་བྱེད་ཅེས་སོགས་གང་འོས་སྦྱར་བར་བྱའོ། སྨྲས་པ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号