ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
ཆེ་མཆོག་པདྨ་དཀར་པོའི་དགའ་ཚལ་ནི། །
ཡོན་ཏན་དྲི་བསུང་མངར་པོའི་ཁྱད་ཆོས་ཀྱིས། །གཞན་ཡིད་བུང་བ་བཀུགས་པའི་ཡ་མཚན་གླུ། །
པི་ཝང་འདབ་མར་བསྐྱོད་པའི་རྗེས་སུ་དཔོགས།   ། ༈གཉིས་པ། མཆོག་གི་ནང་ཕན་ཚུན་ལ་འབུལ་བའི་དཔེར་བརྗོད་ནི༑ ༈རབ་འབྱམས་རྒྱལ་བའི་འཕྲིན་ལས་ཀྱི་བྱེད་པོ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེའི་དྲུང་དུ།   ༈བསྟན་འགྲོའི་དཔལ་མགོན་དམ་པ་མཆོག་གི་སྤྲུལ་པའིསྐུ།   ༈རྣམ་འདྲེན་སྤྲུལ་བའི་སྐྱེས་མཆོག་གང་གི     ༈རྒྱལ་སྲས་མཁྱེན་བརྩེའི་བདག་ཉིད་མཆོག་གི ༈རྒྱ་ཆེན་ཤེས་བྱ་ཀུན་གཟིགས་པཎྚི་ཏ་ཆེན་པོའི། ༈ཟབ་གསང་ཆོས་ཀྱི་གཏེར་མཛོད་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཆོག་གི ༈ཐུབ་བསྟན་གསལ་བའི་སྒྲོན་མེ་མཆོག་གི ༈མཚུངས་མེད་བསྟན་པའི་རྩ་ལག་ཆེན་པོའི།   ༈ལུང་རྟོགས་ཡོན་ཏན་གྱི་དབང་ཕྱུག་དམ་པའི། ༈རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་མཆོག་གི   ༈ཟབ་ཡངས་མཁྱེན་རབ་ཀྱི་དབང་ཕྱུག་དམ་པའི། ༈ལུང་དང་རིག་པའི་དབང་ཕྱུག་མཆོག་གི ༈སྐྱེ་དགུའི་འདྲེན་པ་མཆོག་གི ༈ཐར་བའི་ས་མཁན་ཆོས་ཀྱི་རྗེ་རིན་པོ་ཆེའི། ༈བརྟན་མཁས་ཡོན་ཏན་གྱི་མངའ་བདག་འདུལ་པ་འཛིན་པ་ཆེན་པོའི། ༈མཁས་བཙུན་གྲུབ་པའི་དབང་ཕྱུག་མཆོག་གི  ༈བསླབ་གསུམ་སྡེ་སྣོད་འཛིན་པ་མཆོག་གི༈སྒྲུབ་རྒྱུད་བསྟན་པའི་མངའ་བདག་ཆེན་པོ་གང་གི    ༈སྒྲུབ་པའི་རྒྱལ་མཚན་འཛིན་པ་ཡོངས་ཀྱི་ཅོད་པན་གཅིག་བུ་གང་དེའི།   ༈རྨད་བྱུང་ཐུགས་རྗེའི་བདག་ཉིད་མཆོག་གི ༈ཁམས་གསུམ་སྐྱེ་དགུའི་གཉེན་གཅིག་སེམས་དཔའ་ཆེན་པོའི།   ༈བྱང་ཆུབ་ཐུགས་ཀྱི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོའི།   ༈རྟེན་འབྲེལ་ཟབ་མོའི་གནས་ལུགས་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་བདག་ཉིད་མཆོག་གི ༈ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ཆུའི་ཟླ་བ་ལྟར་གཟིགས་ནས་རྒྱལ་སྲས་སྤྱོད་པ་སྒྱུ་མའི་གར་གྱིས་རྣམ་པར་རོལ་པ་གང་དེའི། ༈གསང་ཆེན་བསྟན་པའི་མངའ་བདག་རྡོ་རྗེའི་སློབ་དཔོན་མཆོག་གི  ༈མདོ་རྒྱུད་རྒྱ་མཚོའི་མངའ་བདག་གྲུབ་པའི་སློབ་དཔོན་ཆེན་པོའི། ༈མཉམ་མེད་རྣལ་འབྱོར་གྱི་དབང་ཕྱུག་མཆོག་གི ༈སྣང་སྲིད་ཟིལ་གནོན་གྱི་རྟོགས་ལྡན་རྡོ་རྗེ་འཛིན་པ་ཆེན་པོའི་སྐུ་དྲུང་དུ།
༈གུས་པས་ཞུ་བ།  ༈ཞུ་འབྲས། ༈འབུལ་འབྲས།
༈རྣམ་པར་དགེ་བའི་དུས་ཀྱི་ཆར་ཡང་ཚོགས་གཉིས་རྒྱ་མཚོའི་དཔལ་ལས་འཁྲུངས་པའི་སྐུ་མཆོག་གསེར་གྱི་རི་དབང་འོད་ཟེར་འབར་བཞིན་བརྟན་བརྗིད་ལྷམ་མེར་འཚོ་ཞིང་གཞེས་ངོས་ནས་སྡེབས་ལེགས་སྙན་ཚིག་གི་ཕྲེང་བ་ཡི་གེར་སྤེལ་བའི་གསུང་ཤོག་བཟང་པོའི་སྐྱེས་བཅས་ ཕྱག་རྒྱའི་རི་མོ་མ་ཉམས་པར་ཕེབས་པ་ཡིད་ཀྱི་གསོས་སྨན་དམ་པར་གྱུར། ༈རིང་མིན་གྱི་ཆར། སྐུ་རིན་པོ་ཆེ་འཚོ་གཞེས་མཆོག་ཏུ་པརྟན་ཅིང་རླབས་ཆེན་འཕྲིན་ལས་ཀྱི་འཇུག་པ་ཕན་བདེའི་སྙིང་པོ་ཅན་དུ་འཆར་བ་ནས་རྒྱུ་མཚན་ཞིབ་འཁོད་ཀྱི་གསུང་བྲིས་རྟེན་ལྡན་བསྩལ་བ་བཀའ་དྲིན་མཆོག་ཏུ་ཆེ།   ༈དེང་ཡང་རླབས་ཆེན་འཕྲིན་ལས་ཀྱི་འོད་སྣང་འགོག་པ་མེད་པའི་སྐུ་འཚོའི་ཉིད་བྱེད་མངོན་པར་གསལ་བཞིན་པ་ནས། གསུང་རིས་ཡིད་ཀྱི་འདོད་འཇོར་སྨིན་པས་ཆེས་མཆོག་ཏུ་སྤྲོ་པར་གྱུར། ༈དེང་དགེ་ལེགས་རྒྱ་མཚོའི་སྙིང་པོ་སྐུའི་དཔག་བསམ་ལྗོན་པ་ཟབ་རྒྱས་ཆོས་ཀྱི་གྲིབ་བསིལ་སྣུམ་པོར་འབབ་བཞིན་བརྟན་ལྡན་དུ་བཞུགས་པ་ནས། གསུང་མཆིད་ཕུལ་དུ་བྱུང་བའི་སྐྱེས་ཀྱིས་སྤུད་པ་ཇི་བཞིན་ཕེབས་པས་ཡིད་གསོས་ཀྱི་བདུད་རྩིར་གྱུར། ༈ཉེ་ཆར་སྐུའི་ཉིན་བྱེད་མཆོག་དུ་གསལ་ཞིང༌།   གཙུག་ལག་ཀུན་ལ་མཁྱེན་དཔྱོད་ཐོགས་པ་མེད་པའི་འོད་ཟེར་མཁའ་ཁྱབ་ཏུ་བཞུགས་པ་ཐོས་པས་དད་སྤྲོ་འཕེལ།   ༈དེང་སྐབས་ཀྱང་མི་ཕམ་འཁོར་གྱི་འདུས་པ་དང་པོ་ལྟ་བུའི་དགེ་འདུན་གྱི་ཚོགས་ཆེན་པོའི་དབུས་ན་སྐུའི་དཀྱིལ་འཁོར་གསལ་དངས་ལྷམ་མེར་འཕགས་ཤིང༌། ཆོས་ཀྱི་བདུད་རྩི་དོན་དུ་གཉེར་བའི་བློ་གསལ་རྣམས་ལ་ཕྲ་ཞིབ་རིག་པའི་སྒོ་འཕར་ཡོངས་སུ་ཕྱེ་ནས་ལེགས་པར་བཤད་པ་དུས་སུ་འདོམས་པས་ཐུབ་པའི་བསྟན་པ་ཉིན་མོ་བཞིན་གསལ་པར་མཛད་པ་ངོ་མཚར་མཆོག་ཏུ་ཆེ། ༈གང་ཡང་སྐུ་རིན་པོ་ཆེ་ཡོན་ཏན་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་འཚོ་གཞེས་ལྷུན་ཆགས་པ་ནས། སྐལ་བ་དང་ལྡན་པ་མཐའ་དག་ལ་གང་མཚམས་ཆོས་ཀྱི་སྦྱིན་པ་རླབས་པོ་ཆེ་སྩོལ་བར་མཛད་པ་ནི་ཤིན་ཏུ་ཡི་རངས་པའི་གནས་ལགས། ༈དེང་དུས་སྐུ་ཉིད་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ་པས་འཛམ་གླིང་རྒྱན་གྱི་པཎྚིཏ་ཞིག་བྱང་ཕྱོགས་ནོར་འཛིན་དཔལ་མོའི་ལྗོངས་སུ་བྱོན་པ་བཞིན་རྩོད་པ་ལུང་རིགས་ཀྱི་འཁོར་ལོས་གྲུབ་མཐའ་ངན་པ་སུན་འབྱིན་ཅིང་རྒྱལ་བའི་བསྟན་པ་རབ་འབྱམས་ཡང་དག་པར་གཏན་ལ་འབབས་བའི་གཞུང་འཛུགས་པར་མཛད་པ་ནི་གཟིར་གནས་བློ་ལྡན་ཡོངས་ཀྱི་སྙིམ་མའི་མེ་ཏོག་སྤྱི་པོར་འགོད་པའི་གནས་ལགས། ༈དེང་ཆར་སྐུ་འཚོའི་དཔག་བསམ་རྣམ་པར་རྒྱས་ཤིང༌།   འཆད་རྩོད་རྩོམ་གསུམ་གྱི་ཡལ་འདབ་ཕྱོགས་བརྒྱར་བྲེས་པ་ནས།    དོན་གཉིས་ཕུལ་དུ་བྱུང་བའི་དགོས་འདོད་རྒྱ་ཆེར་སྨིན་བཞིན་བཞུགས་ལགས་སམ། ༈དེང་དུས་སྐུ་རིན་པོ་ཆེ་མཁས་གྲུབ་དུ་མའི་གཙུག་ན་མངོན་པར་མཐོ་ཞིང༌།    འཁོར་ལོ་གསུམ་དང་མཁས་པའི་བྱ་བ་རྣམ་པ་གསུམ་གྱིས་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་ཕྱོགས་བརྒྱར་སྤེལ་པའི་ཐུགས་ཁུར་ཆེ་བཞེས་སུ་བརྟན་པར་བཞུགས་པ་ནི་བཀའ་དྲིན་མཆོག་ཏུ་གྱུར་པ་ལགས།   ༈དེང་དགྲ་བཅོམ་གསེར་གྱི་རི་བོ་ལྟ་བུའི་དཔལ་དང་ལྡན་པས་མཐོང་བ་ཙམ་གྱི་ཡིད་འདྲེན་པ་གཙང་ཞིང་སྙོག་པ་མེད་པའི་སྐུའི་དཀྱིལ་འཁོར་རབ་ཏུ་དྭངས་ཤིང་རྗེས་འཇུག་མཐའ་དག་བཅས་རང་གི་ཁ་ན་མ་ཐོ་བའི་ཕྱོགས་སུ་སྐད་ཅིག་ཀྱང་ཉེར་མི་འཇུག་པས། ངུར་སྨིག་གི་རྒྱལ་མཚན་འཛིན་པ་ཡོངས་ཀྱི་ཅོད་པན་དུ་བཞུགས་པ་ནི་བསྟན་པ་རིན་པོ་ཆེའི་རྒྱན་དུ་ཆེ་ངེས་ལགས།   ༈དིང་སང་སྐུ་རིན་པོ་ཆེ་ཛམྦུ་ཆུ་བོའི་གསེར་ལྟར་མཁས་བཙུན་བཟང་གསུམ་གྱི་རང་མདངས་འགྱུར་པ་མེད་པར་ཆོས་བརྒྱད་ཀྱི་སྤྲོས་པ་མཐའ་དག་རྒྱང་རིང་དུ་དོར་ཞིང༌། རྒྱལ་བ་དགྱེས་པའི་ཉམས་བཞེས་ལྷུར་མཛད་པ་འདི་ལྟ་ནི་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་ཕྱག་དང་མཆོད་པའི་གནས་སུ་ཆེ་བ་ལགས། ༈དུས་འདིར་སྐུ་ཉིད་དབེན་པའི་རི་སུལ་དུ་དྲང་སྲོང་གི་ཆ་ལུགས་དམ་པས་དགའ་བ་བརྒྱ་ཕྲག་ལྷུར་བཞེས་ཏེ། བསྟན་པ་ཡོངས་སུ་རྫོགས་པའི་ལམ་གྱི་རིམ་པ་ཐུགས་ཉམས་སུ་བསྟར་པས་བཀའ་གདམས་གོང་མའི་རྣམ་ཐར་ཇི་ལྟ་བ་བཞིན་ཕྱག་ལེན་ལ་ཐེབས་པར་མཛད་པའི་དབྱིངས་ནས་བཞུགས་པ་བཀའ་དྲིན་བླ་ན་མ་མཆིས་པ་ལགས། ༈དེང་སྐབས་ངོ་མཚར་རྨད་དུ་བྱུང་བའི་མངོན་པར་རྟོགས་པ་བསམ་འཕེལ་ཡིད་བཞིན་གྱི་ནོར་བུའི་ཏོག་གིས་མཛེས་པའི་སྐུའི་རྒྱལ་མཚན་རབ་ཏུ་བརྟན་ཅིང༌། སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་གཞན་ཕན་འབའ་ཞིག་ཏུ་འཆར་པའི་རྣམ་པར་ཐར་པ་འགྲན་ཟླ་དང་བྲལ་བར་བཞུགས་པ་ནི་བཀའ་དྲིན་མཆོག་ཏུ་ཆེ།  ༈དེང་སྐུ་ཉིད་ཐུགས་གསང་རིན་ཆེན་བརྩེགས་པའི་ལྷུན་པོ་རྒྱུད་སྡེ་རྣམ་བཞིའི་བང་རིམ་མངོན་པར་མཐོ་ཞིང༌། བདེ་སྟོང་དབྱེར་མེད་ཀྱི་ཏེང་འཛིན་རྒྱ་མཚོའི་ཀློང་ལས་གཡོ་བ་མེད་པར་དུས་བབས་ཀྱི་གདུལ་བྱ་སྨིན་གྲོལ་ལ་འགོད་བཞིན་བཞགས་པས། ས་འདི་ཨོཊི་ཡ་ནའི་དཔལ་དང་ལྡན་པར་གྱུར། ཞེ་སོགས་གང་རིགས་དང༌།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号