ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་ཕུང་པོ་ལྔའི་སྤྱི་བཤད།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

སྐབས་དང་པོ།ཕུང་པོ་ལྔ།

ཆོས་རྣམ་པ་གཉིས་ཏེ།ཟག་པ་མེད་པའི་ཕུང་པོ་ལྔ་དང༌།ཟག་པ་དང་བཅས་པའི་ཕུང་པོ་ལྔའོ།།དེ་ལ་ཟག་མེད་ཀྱི་ཕུང་པོ་ལྔ་ནི།ཚུལ་ཁྲིམས་ཀྱི་ཕུང་པོ་དང༌།དེ་བཞིན་ཏིང་ངེ་འཛིན་གྱི་ཕུང་པོ་དང༌།ཤེས་རབ་ཀྱི་ཕུང་པོ་དང༌།རྣམ་པར་གྲོལ་བའི་ཕུང་པོ་དང༌།རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ།།ཟག་བཅས་ཀྱི་ཕུང་པོ་ནི་ལྔ་སྟེ།།གཟུགས་སུ་རུང་བའི་མཚན་ཉིད་ཅན་གྱི་གཟུགས་ཀྱི་ཕུང་པོ་དང༌།ཉམས་སུ་མྱོང་བར་བྱེད་པའི་བདག་ཉིད་ཅན་གྱི་ཚོར་བའི་ཕུང་པོ་དང༌།འདུས་ཏེ་ཤེས་པར་བྱེད་པ་ཅན་གྱི་འདུ་ཤེས་ཀྱི་ཕུང་པོ་དང༌།སེམས་མངོན་པར་འདུ་བྱེད་པའི་འདུ་བྱེད་ཀྱི་ཕུང་པོ་དང༌།ཡུལ་རྣམ་པར་ཤེས་པར་བྱེད་པའི་རྣམ་པར་ཤེས་པའི་ཕུང་པོའོ།།འདིར་འཆད་བྱར་གྱུར་བ་ཟག་བཅས་ཀྱི་ཕུང་པའོ།།
ས་བཅད་དང་པོ།ཕུང་པོ་ལྔའི་སྤྱི་བཤད།
 
འདི་ལ་ཕུང་པོའི་སྒྲ་དོན་དང༌།གྲངས་ངེས།གོ་རིམ་བཅས་སོ།། 
དང་པོ།ཕུང་པོའི་སྒྲ་དོན།
 
གཟུགས་གང་ཅི་ཡང་རུང་བ་འདས་སོགས་དུས་གསུམ་གྱི་གཟུགས་དང༌།ཡུལ་འཛམ་གླིང་ལྟ་བུ་ཉེ་བ་དང༌།སྒྲ་མི་སྙན་ལྟ་བུ་དང༌།རིང་བ་སོགས་ཀྱི་གཟུགས་དང༌།རྣམ་པ་ལྷ་ལྟ་བུ་བཟང་བ་དང་ངན་སོང་གི་གཟུགས་ལྟ་བུ་ངན་པ་སོགས་བར་མ་ཐམས་ཅད་བསྡུས་ཏེ་གཟུགས་ཀྱི་ཕུང་བོར་བཞག་པ་དེ་བཞིན་དུ་ཚོར་བ་ཉེ་བ་རང་རྒྱུད་དང་རིང་བ་གཞན་རྒྱུད་ཀྱི་བདེ་སྡུག་བཏང་སྙོམས་སོགས་ལའང་ཤེས་པར་བྱ་སྟེ།ཟག་བཅས་ཟག་མེད་སོགས་ཀྱི་ཁྱད་པར་མ་ཕྱེ་བར་དུ་མ་སྤུངས་པས་ན་ཕུང་པོ་ཞེས་བྱའོ།།
 
གཉིས་པ།ཕུང་པོའི་གྲངས་ངེས།
 
ཕུང་པོ་ལྔ་ཞེས་སྨྲས་པས།ཕུང་པོ་དྲུག་ལ་སོགས་པ་མང་དུ་ཡང་མ་བཤད།བཞིར་ཉུང་དུ་ཡང་མ་བཤད་པར་ཅིའི་ཕྱིར་ལྔ་ཁོ་ནར་གྲངས་ངེས་པར་བསྟན་སྙམ་ན།བདག་དང་བདག་གི་དངོས་པོ་བསྟན་པར་བྱ་བའི་ཕྱིར་ཕུང་པོ་ལྔ་ན་ལས་མང་དུ་ཡང་མ་བཤད།ཉུང་དུ་ཡང་མ་བཤད་དོ།།དེ་ལ་གཟུགས་ཚོར་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་བཞི་ནི་བདག་གི་བའི་དངོས་པོ་སྟེ།སེམས་ཅན་དག་ཕལ་ཆེར་དེ་ལ་བདག་གི་ཡིན་ཏེ་ཞེས་ཆགས་སོ།།རྣམ་པར་ཤེས་པའི་ཕུང་པོ་ནི་བདག་ཅེས་བྱ་བའི་དངོས་པོ་སྟེ།སེམས་ཅན་དག་དེ་ལ་བདག་ཅེས་འཛིན་པའི་ཕྱིར་རོ།།
ཡང་ན་སྣོད་དང༌།ཟས་དང༌།ཚག་ཙག་དང༌།བྱེད་པ་པོ་དང༌།ཟ་བ་པོའི་དངོས་པོ་བསྟན་པའི་ཕྱིར་ཕུང་པོ་ལྔ་ཉིད་དུ་བཤད་ཀྱི་དྲུག་བཞི་ལ་སོགས་པར་མ་བསྟན་ཏོ།།དེ་ལ་སྣོད་ལྟ་བུར་གྱུར་བ་ནི་གཟུགས་ཀྱི་ཕུང་པོ་སྟེ།སྣོད་ལ་ཁ་ཟས་བསྟེན་པ་དང་འདྲ་བར་ཚོར་བ་དང༌།འདུ་ཤེས་ལ་སོགས་པའི་ཕུང་པོ་ཡང་གཟུགས་ཀྱི་ཕུང་པོ་ལ་བསྟེན་པའི་ཕྱིར་རོ།ཟས་ལྟ་བུར་གྱུར་བ་ནི་ཚོར་བའི་ཕུང་པོ་སྟེ།ཁ་ཟས་བཟའ་བར་བྱ་བ་ཡིན་པ་བཞིན་དུ་ཚོར་བ་བདེ་བ་དང༌།སྡུག་བསྔལ་ཡང་མྱོང་བར་བྱ་བའི་དངོས་པོ་ཡིན་པའི་ཕྱིར་རོ།།ཚག་ཙག་ལྟ་བུར་གྱུར་བ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ།ཁ་ཟས་ཚོད་མ་ཚག་ཙག་དང་བསྲེས་ན་ལྷག་པར་དུ་བཟའ་བར་ནུས་པ་བཞིན་དུ་མི་གཙང་བ་ལ་གཙང་བ་དང༌།སྡུག་བསྔལ་ལ་བདེ་བར་འཛིན་པའི་འདུ་ཤེས་ཕྱིན་ཅི་ལོག་པ་ཡོད་ན་ལྷག་པར་ཚོར་བའི་ཕུང་པོ་ལ་ཆགས་པར་བྱེད་པས་སོ།།བྱེད་པ་པོ་ལྟ་བུར་གྱུར་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ།ལས་དགེ་བ་དང༌།མི་དགེ་བ་དང༌།དེའི་འབྲས་བུ་བདེ་བ་དང་སྡུག་བསྔལ་འདུ་བྱེད་ཀྱི་ཕུང་པོས་སྒྲུབ་པར་བྱེད་པའི་ཕྱིར་རོ།ཟ་བ་པོར་གྱུར་བ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ།ལས་དགེ་བ་དང་མི་དགེ་བའི་འབྲས་བུ་བདེ་བ་དང་སྡུག་བསྔལ་ཡང་མཇུག་ཏུ་རྣམ་པར་ཤེས་པས་མྱོང་བའི་ཕྱིར་རོ།
 
གསུམ་པ།ཕུང་པོའི་གོ་རིམ།
 
དང་པོ་གཟུགས་བཤད།དེའི་འོག་ཏུ་ཚོར་བ།དེའི་འོག་ཏུ་འདུ་ཤེས།དེའི་འོག་ཏུ་འདུ་བྱེད།དེའི་འོག་ཏུ་རྣམ་པར་ཤེས་པ་སྟེ།རིམ་པ་འདི་ལྟར་ཅིའི་ཕྱིར་བཀོད་ཅེས་ན།ཇི་ལྟར་སྦོམ་རི་མ་མམ་རགས་རིམ་གྱིས་རིམ་པ་འདི་ལྟར་བཀོད་དེ།གཟུགས་ཀྱི་ཕུང་པོ་ནི་ཐོགས་པ་དང་བཅས་པ་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་རྟེན་དུ་གྱུར་པ་དང༌།མིག་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་དྲུག་གི་དམིགས་པར་གྱུར་པའི་ཕྱིར་ཐམས་ཅད་པས་རགས་ཤིང་སྦོམ་པས་ན་དང་པོ་གཟུགས་ཀྱི་ཕུང་པོ་བཤད་དོ།།གཟུགས་མེད་པའི་ཕུང་པོ་བཞི་ལས་འདུ་ཤེས་ཀྱི་ཕུང་པོ་དང༌།འདུ་བྱེད་ཀྱི་ཕུང་པོ་དང༌།རྣམ་པར་ཤེས་པའི་ཕུང་པོ་བས་ཚོར་བའི་ཕུང་པོ་རགས་ཏེ།བདག་གི་མགོ་ན་བར་ཚོར་རོ།རྐང་པ་ན་བར་ཚོར་རོ་ཞེས་འཇིག་རྟེན་པ་དག་གིས་གསལ་བར་ཐ་སྙད་དུ་འདོགས་པས་ན་དེའི་འོག་ཏུ་ཚོར་བའི་ཕུང་པོ་བཤད་དོ།།འདུ་བྱེད་ཀྱི་ཕུང་པོ་དང་རྣམ་པར་ཤེས་པའི་ཕུང་པོ་བས་འདུ་ཤེས་ཀྱི་ཕུང་པོ་རགས་ཏེ།འདི་ནི་བུད་མེད་འདི་སྐྱེས་པ་ཞེས་ཡུལ་ལ་མཚན་མར་འཛིན་པ་རྟོགས་པར་སླ་བས་ན་དེའི་འོག་ཏུ་འདུ་ཤེས་ཀྱི་ཕུང་པོ་བཤད་དོ།།རྣམ་པར་ཤེས་པ་བས་འདུ་བྱེད་ཀྱི་ཕུང་པོ་རགས་ཏེ།ལས་དགེ་བ་དང༌།མི་དགེ་བ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཁོང་དུ་ཆུད་པར་སླ་ཞིང་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སེམས་ལས་བྱུང་ཞིང་སྐྱེས་པ་ན་འདོད་ཆགས་ཤིག་སྐྱེས་སོ།ཞེ་སྡང་ཞིག་སྐྱེས་སོ་ཞེས་ཤེས་པར་སླ་བས།དེའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོ་བཤད་དོ།།རྣམ་པར་ཤེས་པ་ནི་ཐམས་ཅད་ལས་ཕྲ་བ་ཡིན་པའི་ཕྱིར་མཇུག་ཏུ་སྨོས་སོ།།
ཡང་ན་ཁམས་གསུམ་གྱི་རིམ་པས་ཕུང་པོ་ལྔའི་རིམ་པ་དེ་ལྟར་བཀོད་དེ།ཁམས་གསུམ་ནི་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་སོ།དེ་ལ་འདོད་པའི་ཁམས་ན་ནི་རྣམ་པར་ཤེས་པ་གཟུགས་ལ་བརྟེན་པས་དང་པོ་གཟུགས་ཀྱི་ཕུང་པོ་བཤད་པའོ། གཟུགས་ཁམས་ཀྱི་བསམ་གཏན་བཞི་ནི་རྣམ་པར་ཤེས་པ་བསམ་གཏན་གྱི་བདེ་བའི་ཚོར་བ་ལ་བརྟེན་པས་དེའི་འོག་ཏུ་ཚོར་བའི་ཕུང་པོ་བསྟན་ནོ།གཟུགས་མེད་པའི་ཁམས་ཀྱི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌།རྣམ་ཤེས་མཐའ་ཡས་སྐྱེ་མཆེད།ཅུང་ཟད་མེད་པའི་སྐྱེ་མཆེད་ན་ནི་རྣམ་པར་ཤེས་པ་འདུ་ཤེས་ལ་བརྟེན་པས་དེའི་འོག་ཏུ་འདུ་ཤེས་ཀྱི་ཕུང་པོ་བསྟན་ཏོ།སྲིད་པའི་རྩེ་མོ་ཅུང་ཟད་མེད་ཅུང་ཟད་མེད་མིན་སྐྱེ་མཆེད་ན་ནི་རྣམ་པར་ཤེས་པ་སེམས་ལས་བྱུང་བའི་ཚོགས་འདུ་བྱེད་ཀྱི་ཆོས་ལ་བརྟེན་པས་དེའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོ་བསྟན་ཏོ།།རྣམ་པར་ཤེས་པ་ནི་དེ་དག་ཀུན་ཏུ་འགྲོ་བའི་ཕྱིར་མཇུག་ཏུ་སྨོས་སོ།།
 
                  (རྟ་མགྲིན་རྒྱལ།ཚེ་རིང་རྣམ་རྒྱལ།)
 
བསམས་གཞིགས།
༡ཕུང་པོ་ཞེས་པའི་དོན་ཅི།
༢ཕུང་པོ་ལྔ་གང་དག་ཡིན།དེར་གྲངས་ངེས་པའི་རྒྱུ་མཚན་ཅི།
༣ཕུང་པོ་ལྔའི་གོ་རིམ་གང༌།གོ་རིམ་དེ་གྲུབ་པའི་རྒྱུ་མཚན་ཅི།
༤ཁམས་གསུམ་ལ་ཕྲ་རགས་ཡོད་དམ་མེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号