ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་བཞི་པ།རྟེན་འབྲེལ་བཅུ་གཉིས་ལས་རྟེན་འབྲེལ་གྱི་དོན་བཤད་པ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ས་བཅད་གསུམ་པ།རྟེན་འབྲེལ་གྱི་དོན་བཤད་པ།

རྟེན་འབྲེལ་གྱི་དོན་བཤད་པ་ལ།ཕྱི་ནང་གི་རྟེན་འབྲེལ་ཐུན་མོང་པའི་དོན་བཤད་པ་དང༌།ནང་གི་རྟེན་འབྲེལ་གྱི་དོན་བྱེ་བྲག་ཏུ་བཤད་པ་གཉིས། 
དང་པོ།ཕྱི་ནང་གི་རྟེན་འབྲེལ་ཐུན་མོང་པའི་དོན།
 
འདི་ལ་དངོས་དང༌།དེ་ལྟར་རྟོགས་པའི་ཕན་ཡོན་གཉིས།
༡ཐུན་མོང་བའི་དོན་དངོས།
ཕྱི་དང་ནང་གི་ཆོས་ཐམས་ཅད་རང་རང་གི་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་ཅི་ཙམ་ཚོགས་དགོས་པ་ལས་གང་ཡང་རུང་བ་གཅིག་མ་ཚང་ན་ཕྱི་ནང་གི་དངོས་པོ་མི་སྐྱེ་ལ།རྒྱུ་རྐྱེན་རྣམས་ཚང་ན་འབྲས་བུ་རྣམས་ངེས་པར་སྐྱེ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ངང་ཚུལ་ལམ་ཆོས་ཉིད་ཏེ།ཐོག་མ་མེད་པའི་དུས་ནས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྒྱུན་གྱིས་འཇུག་པ་འདི་ལ་བྱེད་པ་པོ་བདག་དང་དབང་ཕྱུག་སོགས་གང་ཡང་མེད་ལ།ས་བོན་སོགས་རྒྱུ་རྣམས་ཀྱིས་རང་འབྲས་མྱུ་གུ་ལྟ་བུ་འདི་དག་སྐྱེད་དོ་སྙམ་དུ་མི་རྟོག་ཞིང༌།མྱུ་གུ་ལྟ་བུའི་འབྲས་བུ་རྣམས་ཀྱིས་བདག་ས་བོན་གྱི་རྒྱུ་འདིས་སྐྱེད་དོ་སྙམ་ཏུ་མི་རྟོག་ཀྱང༌།རྒྱུ་འབྲས་ཀྱི་རྟེན་འབྲེལ་ཁྱད་པར་ལྔ་ལྡན་དུ་འབྱུང་སྟེ་གང་ཞེ་ན།ས་བོན་སྦང་རོ་ལྟ་བུ་དེ་མ་འགག་པར་ཡོད་བཞིན་དུ་མྱུ་གུ་སྔོ་ཤིང་གི་རྣམ་པ་དེ་སྐྱེ་བ་མིན་པར་ས་བོན་དེ་འགགས་ནས་མྱུ་གུ་སྐྱེ་བ་མངོན་སུམ་དུ་མཐོང་བའི་ཕྱིར་རྟག་པ་མིན་པ་དང་ས་བོན་སྔར་འགགས་ཏེ་ཡུན་རིང་དུ་རྒྱུན་ཆད་པ་ལས་མྱུ་གུ་ཕྱིས་སྐྱེ་བ་མིན་པར་ས་བོན་འགགས་པ་དང༌།སྐད་ཅིག་གཞན་གྱི་བར་མ་ཆད་པར་མྱུ་གུ་སྐྱེ་བ་གཉིས་དཔེ་སྲང་མདའི་མཐོ་དམན་བཞིན་དུ་བར་མ་ཆད་པར་འབྱུང་བས་ཆད་པ་མིན་པ་དང༌།ས་མྱུག་དེ་གཉིས་ཆེ་ཆུང་དང་ས་བོན་སྐྱ་རིས་དང་མྱུ་གུ་སྔོ་འཁྲུངས་ལྟ་བུ་ངོ་བོ་དང༌།རོ་ནུས་མྱུག་སྦུབས་སོགས་བྱེད་ལས་གྱི་སྒོ་ནས་གཅིག་མིན་པས་ས་བོན་སྔ་མ་དེ་འབྲས་སུ་ཕྱི་མར་གོ་འཕོས་པ་མིན་པ་དང༌།ཨ་ཤོ་ཏའི་ས་བོན་ལྟ་བུ་ཆུང་ངུས་འབྲས་བུ་ཆེ་བ་འཁོར་སྒྱུར་དཔུང་ཚོགས་བཞི་བཅས་ཆར་སྐྱོབ་ནུས་བ་ལྟ་བུར་འབྱིན་པས་རྒྱུ་ཆུང་ངུས་འབྲས་བུ་ཆེན་པོ་འགྲུབ་པས་མཉམ་པ་མ་ཡིན་པ་དང༌།གྲོ་ཡི་ས་བོན་ལས་གྲོ་ཡི་མྱུ་གུ་དང༌།དགེ་བ་ལས་བདེ་བ་ལྟ་བུ་རྒྱུ་དང་འབྲས་བུ་འདྲ་བའི་རྒྱུད་དམ་རྒྱུ་མཐུན་པ་སྟེ་ལྔ་ཡི་ཚུལ་དུ་ཕྱི་ནང་གི་རྒྱུ་འབྲས་རྣམས་ཤེས་པར་བྱ་སྟེ།དཔེ་ཇི་ལྟར་ན།བླ་མ་དང་སློབ་མ་ལས་ཁ་བཏོན།སྡོང་བུ་དང་མེ་ལས་མར་མེ་བཞིན་དང༌།མེ་ལོང་ལ་གཟུགས་བརྙན།འཇིམ་པ་ལས་རྒྱ་ཡི་འབུམམེ་ཤེལ་ཀྱི་འོད་དང་རྩྭ་ལས་མེ།ས་བོན་ལས་མྱུ་གུ།ཆང་འཐུང་བ་དང་སྐྱུར་གྱིས་འགྲམ་ཆུ་ལྡང་བ་དང༌།སྒྲ་ལས་བྲག་ཆ།ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་སྔ་མ་ཕྱི་མར་མི་འཕོ་ཞིང་སྔ་མ་ལ་མ་བརྟེན་པར་ཕྱི་མ་མི་འབྱུང་པར་མཁས་པས་རྟོགས་པར་བྱའོ།ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ།ཚེ་འཕོ་བ་ཇི་ལྟར་འགྱུར་བ་ཞུས་པའི་མདོ་ལས།ཀྱེ་རྒྱལ་པོ་ཆེན་པོ།འདི་ལ་མཐུན་པའི་དཔེ་བརྒྱད་ཡོད་དེ།བླ་མས་ཁ་བཏོན་བརྗོད་པ་སློབ་མས་ཤེས་པའི་དཔེ་དང༌།མར་མེ་ལས་མར་མེ་འབྱུང་བའི་དཔེ་དང༌།མེ་ལོང་ལས་གཟུགས་བརྙན་འབྱུང་བའི་དཔེ་དང༌།རྒྱ་ལས་རྒྱ་ཡི་འབུར་དང་རི་མོ་འབྱུང་བའི་དཔེ་དང༌།མེ་ཤེལ་ལས་མེ་འབྱུང་བའི་དཔེ་དང༌།ས་བོན་ལས་མྱུ་གུ་འབྱུང་བའི་དཔེ་དང༌།སྐྱུར་ཞེས་བརྗོད་པས་འགྲམ་ཆུ་ལྡང་བའི་དཔེ་དང༌།བྲག་ཅའི་སྒྲ་རྣམས་ཀྱི་དཔེས་རྟོགས་པར་བྱ་སྟེ།ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་དག་གིས་སྔ་མ་སྔ་མས་ནི་ཕྱི་མ་ཕྱི་མ་རྣམས་འབྱུང་བ་ཡང་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ།།ཕྱི་མ་ཕྱི་མ་ནི་སྔ་མ་སྔ་མ་རྣམས་ལས་འབྱུང་བས་རྒྱུ་མེད་པ་ལས་འབྱུང་བ་མ་ཡིན་པའི་དཔེ་དང་ཆད་པ་འགག་པ་མ་ཡིན་པའི་དཔེའོ།།
ཀྱེ་རྒྱལ་པོ་ཆེན་གོགཞན་ཡང་དཔེ་འདི་དག་ནི་རྐྱེན་གསུམ་གསུམ་ཚོགས་པ་ལས་འབྱུང་སྟེ།བླ་མ་དང་སློབ་མ་དེ་གཉིས་དབང་པོ་རྣམས་ཚང་བ་ལས་ཁ་ཏོན་འབྱུང་ཞིང་སྨྲ་ཤེས་པའོ།།མར་དང་སྡོང་བུ་དང་སྣོད་ཚོགས་པ་ལས་མར་མེ་འབྱུང་ངོ༌།།ནམ་མཁའ་དྭངས་པ་དང༌།གདོང་དང་མེ་ལོང་ཚོགས་པ་ལས་གཟུགས་བརྙན་འབྱུང་ངོ༌།།རྒྱ་དང་འཇིམ་པའི་གོང་བུ་དང་སྐྱེས་བུའི་ལག་པའི་རྩོལ་བ་རྣམས་ཚོགས་པ་ལས་འབུར་དང་རི་མོ་འབྱུང་ངོ༌།།ཤེལ་དང་ཉི་མའི་འོད་དང་རྩྭ་ཤིང་ཚོགས་པ་ལས་མེ་འབྱུང་ངོ༌།།ས་བོན་དང་གཞི་དང་རླན་པ་རྣམས་ཚོགས་པ་ལས་མྱུ་གུ་འབྱུང་ངོ༌།།ཚྭ་དང་ཚྭ་ཆུ་འཐུང་མྱོང་བ་དང་སྐྱུར་ཞེས་བརྗོད་པ་ཚོགས་པ་ལས་འགྲམ་ཆུ་ལྡང་ངོ༌།།མིས་བརྗོད་པའི་སྒྲ་དང་སྒྲ་དྲག་པོ་གཞན་མེད་
པ་དང༌།རི་བྲག་རྣམས༌།ཚོགས་པ་ལས་བྲག་ཆ་འབྱུང་སྟེ།དེ་དག་ནི་སེམས་ཅན་སྐྱེ་བ་ནི་བྱེད་པ་པོས་མ་བྱས་ཏེ།ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་གྱིས་བསྐྱེད་པའི་དཔེའོ།།
ཀྱེ་རྒྱལ་པོ་ཆེན་པོ།གཞན་ཡང་བླ་མ་ནི་ཚེ་འདིའི་དཔེའོ།།སློབ་མ་ནི་ཕ་རོལ་གྱི་དཔེའོ།།ཁ་ཏོན་ནི་རྣམ་པར་ཤེས་པ་ཉིང་མཚམས་སྦྱོར་བའི་དཔེའོ།།མར་མེ་སྔ་མ་ནི་ཚེ་འདིའི་དཔེའོ།།ཕྱི་མ་ནི་ཕ་རོལ་གྱི་དཔེའོ།།མར་མེ་སྔ་མ་ལས་ཕྱི་མ་འབྱུང་ཡང་སྔ་མ་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ།།ཕྱི་མ་དེ་སྔ་མ་ལས་བྱུང་བ་རྒྱུ་མེད་པ་ལས་མ་བྱུང་བའི་དཔེའོ།།མེ་ལོང་ནི་ཚེ་འདི་ཡོད་པའི་སྒོ་ནས་ཕྱི་མ་ཡང་ཡོད་ལ།དངོས་པོ་ཡང་མི་འཕོ་ཞིང་ཕ་རོལ་ཡང་ཡོད་ངེས་པའི་དཔེའོ།།རྒྱ་ནི་འདིར་ལས་ཅི་སྤྱད་པ་དང་མཐུན་པར་ཕ་རོལ་དུ་ཡང་སྐྱེ་བ་ལེན་པའི་དཔེའོ།།མེ་ཤེལ་ནི་འགྲོ་བ་རིས་མི་འདྲ་བ་ནས་མི་འདྲ་བར་སྐྱེ་བའི་དཔེའོ།།ས་བོན་ནི་འགག་ནས་མེད་པར་མི་འགྱུར་བའི་དཔེའོ།།སྐྱུར་ནི་མྱོང་བའི་ལས་ཀྱིས་སྐྱེ་བ་ལེན་པའི་དཔེའོ།།སྒྲ་ནི་རྒྱུ་རྐྱེན་ཚོགས་ནས་གནོད་པའི་རྐྱེན་གཞན་མེད་ན་སྐྱེ་བ་ལེན་ཏེ།གཅིག་པ་དང་ཐ་དད་པ་མ་ཡིན་པའི་དཔེའོ།།
ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་ཚང་བར་མ་སྨོས་ཏེ།འགའ་ཞིག་བསྟན་ན་དབང་ཕྱུག་དང༌།འདོད་རྒྱལ་དང༌།གྱི་ན་དང༌།རྒྱུ་མེད་པར་སྨྲ་བ་དག་གིས་དགེ་སྦྱོང་གོོཏ་མའི་དཔེ་འདི་དག་ཁ་ཏོན་གྱི་དཔེས་ནི་འདིའི་ཕུང་པོ་དང༌།རྣམ་པར་ཤེས་པ་གཉིས་མ་བྲལ་བར་ཕ་རོལ་དུ་རྣམ་པར་ཤེས་པ་འཕོ་བར་འགྱུར་ཞེས་སྨྲ་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།།མར་མེའི་དཔེས་ནི།འདི་དང་ཕ་རོལ་གཉི་གར་ཕུང་པོ་དུས་གཅིག་ཡོད་དོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།།མེ་ལོང་གི་དཔེས་ནི་འདྲ་བའི་དཔེ་ཡིན་པས་གྲུམ་པོ་ལས་གྲུམ་པོར་སྐྱེ།དཀར་པོ་ལས་དཀར་པོ་སྐྱེས་ཞེས་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།།རྒྱའི་དཔེས་ནི་ལྷ་འཕོས་པ་ལྷར་སྐྱེ།མི་འཕོས་པ་མི་སྐྱེ་བ་ལ་སོགས་པ་ངེས་པའོ་ཞེས་ཟེར་བ་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།།མེ་ཤེལ་གྱི་དཔེས་ནི།མི་འདྲ་བའི་དཔེ་ཡིན་པས་དགེ་བས་ངན་སོང་དང་མི་དགེ་བས་མཐོ་རིས་འགྲུབ་པོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།།ས་བོན་གྱི་དཔེས་ནི་ཤེས་བ་གཅིག་ལས་མང་པོར་འཕེལ་ལོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།།སྐྱུར་གྱི་དཔེས་ནི་མྱོང་བའི་དཔེ་ཡིན་པས་ལྷའི་རྒྱུས་ཡོད་པ་དག་དགེ་བའི་བསོད་ནམས་མ་བྱས་ཀྱང་ལྷར་སྐྱེས་སོ།།ངན་སོང་གི་ལོ་རྒྱུས་ཡོད་པ་དག་མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།སྒྲའི་དཔེས་བྱེད་པ་པོའི་དཔེ་ཡིན་པས་རྒྱུ་རྐྱེན་གང་ལས་མ་བྱུང་ངོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།དེའི་ཕྱིར་དཔེ་བརྒྱད་བསྟན་ཏོ།།
ཀྱེ་རྒྱལ་པོ་ཆེན་པོ་ཚེ་ཞིག་ཏེ་ཕ་རོལ་དུ་སྐྱེ་བ་མེད་དེ།ཆད་པ་དང་འགག་པ་མ་ཡིན་ནོ།ཚེ་འདི་དངོས་པོ་རྟག་པ་མ་ཉམས་པར་ཕ་རོལ་དུ་འཕོ་བ་ཡང་མ་ཡིན་ནོ།ཚེ་འདི་ལ་མ་བསྟེན་པར་ཕ་རོལ་དུ་སྐྱེ་བལེན་པ་ཡང་མ་ཡིན་ནོ།།བདག་གིས་སྐྱེ་བ་འདི་བླང་ངོ་ཞེས་བསམ་པ་ལས་ཀྱང་སྐྱེ་བ་མི་ལེན་ཏེ།བདག་གིས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་བསྟེན་ཏེ་མཐོ་རིས་སུ་སྐྱེ་བར་བྱའོ་སྙམ་པས་ཀྱང་མ་ཡིན་ནོ།།བདག་མཐོ་རིས་དང་ངན་སོང་གང་འངོད་པར་སྐྱེ་པར་བྱའོ་སྙམ་པས་ཀྱང;མ་ཡིན་ནོ།།ཅི་ཡང་མ་བྱས་ཏེ་རྒྱུ་རྐྱེན་ལ་བརྟེན་མི་དགོས་པར་སྐྱེའོ་སྙམ་པས་ཀྱང་མ་ཡིན་ནོ།།ཕུང་པོ་འདི་ཤིག་སྟེ་ཤི་ནས་ཅི་ཡང་མེད་དོ་ཞེས་སྨྲ་བ་ཡང་མ་ཡིན་ནོ།འདིར་ཚེ་འཕོས་ནས་ཕ་རོལན་གཤིན་གྱི་ཁམས་སུ་མུ་ཆགས་སུ་མཆིས་པས་འདི་ན་ཅི་སྤྱོད་པ་བྱེད་དེ་སྐྱེ་བ་མི་ལེན་ཞེས་ཟེར་བ་ཡང་མ་ཡིན་ནོ།།ཚེ་འདིའི་རྣམ་པར་ཤེས་པ་མ་འགག་པར་རྣམ་པར་ཤེས་པས་སྐྱེ་བ་ལེན་ཞེས་ཟེར་བ་ཡང་མ་ཡིན་ནོ།།འདི་དང་ཕ་རོལ་གཉི་གར་ཕུང་པོ་དུས་གཅིག་ཡོད་ཅེས་ཟེར་བ་ཡང་མ་ཡིན་ནོ།གྲུམ་པོ་ལས་གྲུམ་པོར་སྐྱེ།དཀར་པོ་ལས་དཀར་པོར་སྐྱེ་ཞེས་བྱ་བ་ལ་སོགས་པ་ཡང་མ་ཡིན་ནོ།ལྷ་ཚེ་འཕོས་པ་ཡང་ལྷར་སྐྱེའོ།།མི་ཚེ་འཕོས་པ་ཡང་མིར་སྐྱེའོ་ཞེས་ཟེར་བ་ཡང་མ་ཡིན་ནོ།།དགེ་པས་ངན་སོང་དང་མི་དགེ་བས་མཐོ་རིས་སུ་འགྲུབ་ཅེས་ཟེར་བ་ཡང་མ་ཡིན་ནོ།ཤེས་པ་གཅིག་ལས་མང་པོར་འཕེལ་བ་ཡང་མ་ཡིན་ནོ།དགེ་བ་མ་བྱས་ཀྱང་ལྷར་སྐྱེ་བ་དང༌།མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེ་བ་ཡང་མ་ཡིན་ནོ།སྐྱེ་བ་ནི་བྱེད་པ་པོས་བྱས་བ་ཡང་མ་ཡིན་ནོ།དེ་དག་ཅིའི་ཕྱིར་མ་ཡིན་ཞེ་ན།ཁ་ཏོན་གྱི་དཔེ་ལ་གང་དག་གིས་རྣམ་པར་ཤེས་པ་འདི་མ་འགགས་པར་ཕ་རོལ་དུ་སྐྱེས་ལེན་ནོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་ས་བོན་གྱི་དཔེ་བསྟན་ཏོ།ས་བོན་དེ་མ་རུལ་བར་མྱུ་གུ་སྐྱེ་ན་ནི་བདག་དུ་སྨྲ་བ་དག་བདེན་ན་ས་བོན་དེ་རུལ་ནས་སྔ་མ་ལས་གྱུར་ཏེ་མི་འདྲ་བར་གྱུར་བ་ལས་མྱུ་གུ་སྐྱེའོ།།
མར་མེའི་དཔེ་ལ་གང་གིས་མར་མེ་གཅིག་ལས་གཅིག་སྦར་ན་གཉི་ག་ཡོད་པས་འདི་དང་ཕ་རོལ་གཉི་གར་ཕུང་པོ་དུས་གཅིག་ཡོད་དོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་སྒྲའི་དཔེ་བསྟན་ཏེ།བྲག་ཅ་ནི་མིས་མ་བརྗོད་པར་སྒྲ་མི་གྲག་སྟེ།དུས་གཅིག་དུ་མི་འབྱུང་བས་ཕུང་པོ་ཡང་དུས་གཅིག་དུ་མི་འབྱུང་ངོ༌།།
མེ་ལོང་གི་དཔེ་ལ་འདྲ་བའི་ཕྱིར་གྲུམ་པོ་ལས་གྲུམ་པོ་སྐྱེ་བ་དག་དགག་པའི་ཕྱིར་མེ་ཤེལ་གྱི་དཔེ་བསྟན་ཏེ།མེ་ཤེལ་ལས་དེ་དང་མི་འདྲ་བའི་མེ་འབྱུང་བའི་ཕྱིར་རོ།།
རྒྱའི་དཔེ་ནི་ལྷ་ཚེ་འཕོས་པ་ལྷར་སྐྱེ།མི་ཚེ་འཕོས་པ་མིར་སྐྱེའོ་ཞེས་ཟེར་བ་བསལ་བའི་ཕྱིར་ཁ་ཏོན་གྱི་དཔེ་བསྟན་ཏེ།འདིའི་དཔེ་ནི་བླ་མ་ཡིན་ལ།ཕ་རོལགྱི་དཔེ་ནི་སློབ་མ་ཡིན་ཏེ།ཐ་དད་པའི་བླ་མ་ཡང་སློབ་མ་མ་ཡིན།སློབ་མ་ཡང་བླ་མ་མ་ཡིན་པའི་ཕྱིར་རོ།
མེ་ཤེལ་གྱི་དཔེ་ལ་མི་འདྲ་བའི་དཔེ་ཡིན་ཏེ།དགེ་བས་ངན་སོང་མི་དགེ་བས་མཐོ་རིས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་མར་མེའི་དཔེ་བསྟན་ཏེ།མར་མེ་ལས་མར་མེ་མི་འདྲ་བ་མི་འབྱུང་གིམར་མེ་ལས་མར་མེ་འབྱུང་བ་བཞིན་དགེ་བས་མཐོ་རིས་མི་དགེ་བས་ངན་སོང་ནི་རིགས་པའོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号