ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་བཞི་པ།རྟེན་འབྲེལ་བཅུ་གཉིས་ལས་རྟེན་འབྲེལ་གྱི་དོན་བཤད་པ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ས་བོན་གྱི་དཔེ་ལ་ཤེས་པ་འཕེལ་ཞེས་ཟེར་བ་དགག་པའི་ཕྱིར་རྒྱ་ཡི་དཔེ་བསྟན་ཏེ།རྒྱའི་རི་མོ་ཅི་འདྲ་བ་དེ་ལས་འཇིམ་པའི་གོང་བུ་ལ་ཡང་རི་མོ་གཞན་མི་འབྱུང་བའི་ཕྱིར་རོ།།
སྐྱུར་གྱི་དཔེ་ལས་གང་དག་གིས་ལྷའི་ལོ་རྒྱུས་མྱོང་བ་དག་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་ལྷར་སྐྱེ།ངན་སོང་གི་ལོ་རྒྱུས་མྱོང་བ་དག་མི་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་ངན་སོང་དུ་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་མེ་ལོང་གི་དཔེ་བསྟན་ཏེ།མེ་ལོང་ལ་བཞིན་ཅི་འདྲ་བ་སྣང་བ་བཞིན་དུ་དགེ་བ་དང་མི་དགེ་བའི་འབྲས་བུ་བསྣོལ་ནས་མི་འདྲ་བར་སྦྱོར་བ་འགལ་བའི་ཕྱིར་རོ།
སྒྲའི་དཔེ་ལ་ནི་བྱེད་པ་པོས་བྱས་བ་མ་ཡིན་ཏེ།མིས་སྐད་མ་བསྒྲགས་པར་བྲག་ཅ་མི་འབྱུང་བ་བཞིན་དུ་བྱེད་པ་པོས་མ་བྱས་པར་སེམས་ཅན་རྣམས་མི་སྐྱེའོ་ཞེས་ཟེར་བ་དེ་བསལ་བའི་ཕྱིར་སྐྱུར་གྱི་དཔེས་བསྟན་ཏེ།སྔར་འཐུང་བ་དང་ཟ་མྱོང་བས་ཕྱིས་བརྗོད་པས་འགྲམ་ཆུ་ལྡང་བ་བཞིན་དུ་ལས་དང་ཉོན་མོངས་ལ་སྔར་སྤྱད་པའི་དབང་གིས་ཕྱིས་སྐྱེ་བ་ལེན་ནོ།།
ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་སྐྱེ་བ་དང༌།འཇིག་པ་དང༌།འདི་དང་ཕ་རོལ་དུ་འཕོ་བ་དང༌།ཇི་ལྟར་འགྱུར་བ་དག་ནི་དེ་ལྟར་མཁྱེན་པར་མཛོད་ཅིག།ཅེས་གསུངས་སོ།།
༢དེ་ལྟར་རྟོགས་པའི་ཕན་ཡོན།
དེ་ལྟར་རྟོགས་ན་ཆོས་འདི་དག་མ་བརྟགས་མ་དཔྱད་པའི་རྟེན་འབྲེལ་གྱི་སྣང་བ་བསླུ་མེད་ཙམ་ལས།དཔྱད་ན།ཐམས་ཅད་རྐྱེན་ལ་ལྟོས་པའི་ཕྱིར་བདག་ཉིད་ལས་མ་ཡིན་པ་དང༌།རྐྱེན་ཡོད་ཀྱང་ས་བོན་མེད་ན་མི་སྐྱེ་པའི་ཕྱིར་གཞན་ལས་མ་ཡིན་པ་དང༌།བློའི་གཡོ་བ་ལ་ལྟོས་པ་མེད་པའི་ཕྱིར་གཉིས་ཀ་མ་ཡིན་པ་དང༌།རེ་ཞིག་ས་བོན་དང་རྐྱེན་ནུས་ལྡན་ལས་བྱུང་བའི་ཕྱིར་རྒྱུ་རྐྱེན་མེད་པ་ལས་ཀྱང་མ་བྱུང་བས་མ་སྐྱེས་པ་སྟེ།རང་གི་ས་བོན་ལས་ཏེ་གཞན་ལས་མིན།།དེ་ལ་ལྟོས་ཕྱིར་བདག་གིས་བྱས་མ་ཡིན།།གཡོབ་མེད་ཕྱིར་གཉིས་ཀྱི་མ་བྱས་ལ།།དེ་ནི་ནུས་བ་རྒྱུ་མེད་འབྱུང་མ་ཡིན།།ཞེས་གསུངས།དུས་དང་དབང་ཕྱུག་སོགས་བྱེད་པོས་མ་བྱས་པ།བེམ་ཤེས་ཚོགས་པའི་གནས་སྐབས་ཙམ་དེ་ལ་བཏགས་པའི་བདག་གི་རྣམ་གྲངས་སྲོག་དང་གང་ཟག་དང་ལས་སོགས་བྱེད་པ་པོ་དང་བདག་སོགས་གང་ཟག་གི་བདག་མེད་པ་དང༌། གཟུགས་སོགས་ཆོས་ཀྱི་ངོ་བོ་མེད་པའི་སྟོང་པ།ཆུའི་ཆུ་བུར་ལྟར་དུ་མ་བསགས་པས་གསོག་དང༌།སྙིང་པོ་མེད་པ་སེང་གེ་སོགས་ཀྱི་གཟུགས་ཀྱི་གསོབ་ལྟ་བུ་དང༌།ཆོས་སོགས་ཀྱི་ངོ་བོ་རང་བཞིན་མེད་པར་ཤེས་ནས།བདག་སྔོན་བྱུང་བ་དང་ད་ལྟ་ཡོད་པ་དང་ཕྱི་མ་ཅི་ལྟར་གྱུར་པའི་མཐའ་ལ་རྟོག་པའི་ལྟ་ངན་སུམ་བརྒྱ་དྲུག་ཅུ་སོགས་ཀྱི་གཡོ་བ་དང་བྲལ་ཏེ་ཕྱིས་འདུ་བྱེད་སྲིད་པར་མི་སྐྱེབར་བྱེད་པའི་བཟོད་པ་དང་ལྡན་པ་དེ་ལ།སངས་རྒྱས་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ།
 
གཉིས་པ།ནང་གི་རྟེན་འབྲེལ་བྱེ་བྲག་ཏུ་བཤད་པ།
 
ནང་གི་རྟེན་འབྲེལ་བྱེ་བྲག་ཏུ་བཤད་པ་ལ།དབྱེ་བ་དང་བསྡུ་བ་གཉིས།
༡དབྱེ་བ།
རྒྱུན་ཆགས་པའི་རྟེན་འབྲེལ་དང༌།སྐད་ཅིག་མའི་རྟེན་འབྲེལ་གཉིས།
(རྒྱུན་ཆགས་པའི་རྟེན་འབྲེལ།
སྤྱིར་བསྟན་པ།བྱེ་བྲག་ཏུ་ཚེ་དུ་ལ་རྫོགས་པ་བཤད་པ་གཉིས།
ཀ༡སྤྱིར་བསྟན་པ།
རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ནི།རྩ་བ་མ་རིག་པ་མ་སྤངས་ཀྱི་བར་ཏུ་འདུ་བྱེད་སོགས་ཕྱི་མ་རྣམས་རྒྱུན་གྱིས་འཇུག་སྟེ།མཛོད་ལས།སྔོན་དང་ཕྱི་མཐའ་གཉིས་གཉིས་དང༌།།བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ།།ཞེས་པ་ལྟར།དེ་ཡང་སྔོན་གྱི་དུས་ཀྱི་རྒྱུ་མ་རིག་པ་དང་དེས་ཀུན་ནས་བསློང་བའི་ལས་འདུ་བྱེད་གཉིས་ཀྱིས་ནི་ད་ལྟའི་ཚེ་འདི་བའི་འཕང་འབྲས་ཀྱི་རྣམ་ཤེས་ནས་མིང་གཟུགས་སྐྱེ་མཆེད་རེག་པ་ཚོར་བ་དང་ཉོན་མོངས་པ་སྲེད་ལེན་གྱིས་ཡང་སྲིད་སྐྱེ་བ་འགྲུབ་བྱེད་ཀྱི་ལས་བསགས་པ་སྲིད་པའི་བར་དུ་བརྒྱད་པོ་འབྱུང་ལ།དེ་ལས་སླད་མའི་ཚེ་སྟེ་ཚེ་ཕྱི་མར་ལས་དང་མཐུན་པར་ཁམས་གསུམ་གྱི་གནས་རིས་གང་དུ་སྐྱེ་བ་དེར་སྐྱེ་བ་ལེན་ཅིང་སྐྱེ་བའི་རྟེན་དེས་འཁོར་བའི་སྡུག་བསྔལ་རྒ་ཤི་མྱ་ངན་སོགས་མྱོང་ངོ༌།།དེ་ལྟར་གྱུར་པའི་རྟེན་དེ་ལ་ཡང་འདོད་སོགས་གཟུགས་ཅན་གྱི་སེམས་ཅན་རྣམས་ལ་བཤད་མ་ཐག་པ་ལྟར་རྣམ་ཤེས་ནས་སྲིད་པའི་བར་བརྒྱད་པོ་འབྱུང་ཞིང་གཟུགས་མེད་དུ་སྐྱེ་བ་ན་སྐྱེ་མཆེད་སོགས་གཞན་མེད་པའི་རྣམ་ཤེས་ནས་མིང་བཞིའི་ཕུང་པོ་ཙམ་གྱིས་བསྡུས་བའི་སྲིད་པའི་བར་དུ་འབྱུང་ལ།གནས་རིས་གང་དང་གང་དུ་སྐྱེས་ཀྱང་དེའི་རྟེན་ལ་སྐྱེ་བ་བ་དང་རྒ་ཤི་གཉིས་པོ་འབྱུང་སྟེ་སླར་ཡང་ཟག་བཅས་ལས་ཉོན་གྱིས་འཕངས་ནས་སྐྱེ་བ་ཕྱི་མ་གཞན་ལེན་པས།དེ་ལྟར་དཔེ་མགལ་མེའི་འཁོར་ལོ་དང་ཟོ་ཆུན་ཁྱུད་མོ་ལྟར་ཁམས་གསུམ་གྱི་སྲིད་པར་ཡང་ནས་ཡང་དུ་འཁོར་ཞིང་མི་ཐར་བ་འཕྱན་པར་འགྱུར་རོ།
ཀ༢ཚེ་དུ་ལ་རྫོགས་པ་བཤད་པ།
དེ་ལྟར་རྒྱུན་ཆགས་སུ་འབྱུང་ཚུལ་སྤྱིར་ཤེས་པར་བྱས་ནས་ཚེ་དུ་ལ་རྫོགས་པ་བཤད་ན་སྔོན་དང་ད་ལྟ་དང་ཕྱི་མའི་སྐྱེ་བ་སྟེ་གསུམ་ལ་རྫོགས་པའི་ཚུལ་ནི་བཤད་མ་ཐག་པ་ལྟར་དང༌།ཡང་ཚེ་སྔོན་མའི་གནས་སྐབས་ཀྱི་ཕུང་པོས་བསྡུས་པའི་མ་རིག་པ་དང༌།སྲེད་ལེན་གྱི་དབང་གིས་དགེ་མི་དགེའི་ལས་འདུ་བྱེད་པ་དག་གིས་འཕངས་པའི་ཕྱི་མའི་སྐྱེ་བ་གང་རུང་ལེན་ཞིང་རྟེན་དེ་ཉིད་ལ་རྣམ་ཤེས་ནས་མིང་གཟུགས་སྐྱེ་མཆེད་རེག་པ་ཚོར་བ་སྲིད་བའི་བར་དང་རྟེན་དེར་རྒ་ཤི་ཡང་འབྱུང་བས་མི་ཚེ་གཉིས་ཀྱིས་རྫོགས་པའང་ཡོད་དོ།།དེ་ཚེ་སྔ་མར་དྲུག་ཕྱི་མར་དྲུག་བྱེད་ན།སྔ་མར་མ་རིག་སྲེད་ལེན་འདུ་བྱེད་འཕེན་བྱེད་ཀྱི་རྣམ་ཤེས་དང༌།སྲེད་བ་གསོས་བཏབ་བའི་སྲིད་པ་དྲུག་དང༌།དེའི་ལྷག་མ་དྲུག་ཚེ་རྗེས་མར་འོང་བར་བཤད་དོ།གཞུང་དུ་བཤད་པ་ལྟར་ན་འཕང་འབྲས་ཀྱི་རྣམ་ཤེས་ནི་ཚེ་དེར་གཏོགས་ཀྱི་སྔ་མའི་འབྲས་བུ་ཡིན་ལ།སྲིད་པ་ནི་ཚེ་ཕྱི་མའི་རྒྱུར་འགྲོ་སྟེ་གང་ལྟར་བྱས་ཀྱང་རྟེན་འབྲེལ་རྒྱུན་ཆད་མེད་པར་འཇུག་པའི་གནད་ཀྱིས་འགལ་བ་མེད་དོ།གང་ལྟར་ཡང་མ་རིག་པ་དང་འདུ་བྱེད་སོགས་གཅིག་ལ་གཅིག་རྟེན་ནས་གོ་རིམ་ལྟར་རྒྱུན་ཆགས་པར་འབྱུང་བས་འདི་ལ་རྒྱུན་ཆགས་པའི་རྟེན་འབྲེལ་ཞེས་བྱའོ།།
()སྐད་ཅིག་མའི་རྟེན་འབྲེལ།
བྱ་བ་རྫོགས་པའི་སྐད་ཅིག་ལ་བཅུ་གཉིས་ཚང་ཚུལ།སྲོག་གཅོད་པ་ལྟ་བུ་ལ་མཚོན་ན།ལས་འབྲས་ཀྱིཚུལ་མི་ཤེས་པས་འཇུག་པ་མ་རིག་པ།དེ་བཞིན་དུ་གསོད་པའི་ལས་དེ་འདུ་བྱེད་པ།དེ་དུས་ཀྱི་གསོད་འདོད་སོགས་ཤེས་བ་འབྱུང་བ་རྣམ་ཤེས།དེ་དུས་ཀྱི་མིང་གཟུགས་དང༌།མིག་སོགས་སྐྱེ་མཆེད་དྲུགམཚོན་བསྣུན་པ་སོགས་ཀྱི་རེག་པ།དེ་དུས་རང་གཞན་གྱི་བདེ་སྡུག་མྱོང་ཞིང་ཚོར་བ།དེ་ལ་དགའ་བས་འཇུག་ཅིང་སྲེད་པ།དེ་ལས་ཕྱི་མའི་ཆ་དང་དུ་ལེན་པ།ལས་བྱེད་དུས་ཀྱི་ཕུང་པོ་སྲིད་པ།དེ་ལས་ད་ལྟ་དང་ཕྱི་མའི་ཆ་སྐྱེ་བ།དེ་འགྱུར་ཞིང་འགག་པ་རྒ་ཤིའི་ཡན་ལག་གི་ཚུལ་དུ་འདོད་དེ་སྐད་ཅིག་རྟེན་འབྲེལ་ལོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号