ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་གསུམ་པ།སྐྱེ་མཆེད་བཅུ་གཉིས་ལས་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུ་
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ས་བཅད་གསུམ་པ།ཕུང་ཁམས་སྐྱེ་མཆེད་

ཀྱིས་བསྡུ་བ་བཤད་པ།
 
ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་དེ་ཡང༌།མཛོད་ལས།གཟུགས་ནི་དབང་པོ་ལྔ་དང་དོན།ལྔ་དང་རྣམ་རིག་བྱེད་མིན་ཉིད།།དབང་དོན་དེ་རྣམས་ཁོན་ལ།སྐྱེ་མཆེད་དང་ནི་ཁམས་བཅུ་ཉིད།།ཅེས་པ་ལྟམགཟུགས་ཀྱི་ཕུང་པོས་ནི་སྐྱེ་མཆེད་བཅུ་དང༌།ཁམས་བཅུ་དང༌།ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་བསྡུས་བ་སོགས་བསྡུས་སོ།།དེའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལྔ་བོ་འདི་ཕུང་ལྔའི་ནང་ཚན་གྱི་གཟུགས་སུ་བརྗོད་ཀྱི་ཡུལ་ལྔའི་ནང་ཚན་གྱི་གཟུགས་ཁོ་ན་མིན་ནོ།།གཟུགས་བརྙན་དང་སྒྲ་བརྙན་ལྟ་བུ་མིག་རྣའི་ཤེས་བའི་ཡུལ་ཙམ་ཡིན་པར་ཐ་སྙད་དུ་ཁས་ལེན་པ་ལ་འགལ་བ་མེད་ཀྱང༌།དེ་དག་ལ་གཟུགས་སྒྲ་རང་མཚན་པ་གང་ཡང་མེད་པས་མེད་པ་གསལ་སྣང་ཙམ་སྟེ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་སུ་བསྡུ་ཡི།གཟུགས་སྒྲའི་སྐྱེ་མཆེད་དུ་མི་བསྡུའོ།། ཕུང་ལྔའི་བྱེ་བྲག་ཏུ་གྱུར་བའི་གཟུགས་ལ།བསྟན་ཡོད་ཐོགས་བཅས་ནི་ཀ་བུམ་སོགས་ཀྱི་གཟུགས་ལྟ་བུའོ།།བསྟན་མེད་ཐོགས་བཅས་ནི་དབང་རྟེན་མིག་སོགས་མཐོང་བྱ་འདིའི་ནང་ན་ཤིན་ཏུ་དྭངས་བ་ཉི་འོད་ལྟར་ཡོད་པ་ཕལ་བས་དབང་པོས་གཟུང་དུ་མེད་ཀྱང་ཐོགས་བཅས་སུ་འདོད་དོ།།བསྟན་མེད་ཐོགས་མེད་ནི་རྣམ་པར་རིག་བྱེད་མིན་པའི་གཟུགས་ཏེ་དེ་གསུམ་ཙམ་གསུངས་ཀྱང་གཟུགས་བརྙན་ལ་བསྟན་ཡོད་ཐོགས་མེད་ཀྱི་གཟུགས་ཀྱི་ཐ་སྙད་ཙམ་འདོགས་རུང་བར་མངོན་ནོ།།
རྣམ་པར་ཤེས་བའི་ཕུང་པོ་ནི།།རྣམ་ཤེས་སོ་སོར་རྣམ་རིག་པ།།ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན།།ཁམས་བདུན་རྣམས་སུ་འདོད་པ་སྟེ།།རྣམ་པར་ཤེས་བ་དྲུག་དང་ཡིད།།ཅེས་པ་ལྟམཡིད་ཀྱི་སྐྱེ་མཆེད་ཀྱིས་ནི་རྣམ་པར་ཤེས་པའི་ཕུང་པོ་དང་ཤེས་བའི་ཁམས་བདུན་བསྡུས་སོ།།
ཚོར་བ་མྱོང་བའོ་འདུ་ཤེས་ནི།།མཚན་མར་འཛིན་པའི་བདག་ཉིད་དོ།།འདུ་བྱེད་ཕུང་པོ་བཞི་ལས་གཞན།།དེ་གསུམ་རྣམ་རིག་བྱེད་མིན་དང༌།།འདུས་མ་བྱས་དང་བཅས་བ་ནི།།ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ།།ཞེས་བ་ལྟམཕུང་པོ་གཞན་ཚོར་བ་འདུ་ཤེས་འདུ་བྱེད་གསུམ་དང༌།གཟུགས་ཕུང་གི་ཕྱོགས་གཅིག་ཆོས་ཀྱི་སྐྱེ་མཆེད་གཟུགས་ལྔ་བོ་དང༌།འདུས་མ་བྱས་དང་བཅས་བ་ནི་ཆོས་ཀྱི་སྐྱེ་མཆེད་དང༌།ཆོས་ཀྱི་ཁམས་ཀྱིས་བསྡུས་སོ།།
དེ་ལྟར་ཕུང་ཁམས་སྐྱེ་མཆེད་དེ་ཐམས་ཅད།ཕུང་པོ་དང་ནི་སྐྱེ་མཆེད་དང༌།།ཁམས་གཅིག་གིས་ནི་ཐམས་ཅད་བསྡུས།།ཞེས་བ་ལྟར།ཆོས་ཐམས་ཅད་ནི་གཟུགས་ཀྱི་ཕུང་པོ་དང༌།ཡིད་ཀྱི་སྐྱེ་མཆེད་དང༌།ཆོས་ཀྱི་ཁམས་གསུམ་གྱི་ནང་དུ་འདུའོ།།
ཡང་ཤེས་བྱ་གཞི་ལྔར་འདུ་སྟེ།སྣང་བ་གཟུགས་ཀྱི་གཞི་ནི། གཟུགས་ཀྱི་ཕུང་པོ་སྔར་ཇི་སྐད་བཤད་པ་བཞིན་ནོ།གཙོ་བོ་སེམས་ཀྱི་གཞི་ནི།རྣམ་པར་ཤེས་ཚོགས་དྲུག་གམ་བརྒྱད་པོ་དེའོ།།འཁོར་སེམས་བྱུང་གི་གཞི་ནི་སེམས་བྱུང་རྣམས་ཏེ༌།ཚོར་བ་དང་འདུ་ཤེས་དང་བཅས་པའི་སེམས་བྱུང་ང་གཅིག་གོ།ལྡན་མིན་འདུ་བྱེད་ནི་སྔར་བཤད་པ་བཞིན་དང༌།འདུས་མ་བྱས་ཀྱི་གཞི་ནི་ཆོས་ཀྱི་ཁམས་སུ་སྔར་བཞིན་དུ་ཤེས་བར་བྱའོ།
འདི་ལྟར་ཕུང་པོར་བཤད་པའི་ཆོས་གང་ཡིན་པ་དེ་ཉིད་སྐྱེ་མཆེད་དང་ཁམས་ཀྱི་སྐབས་སུ་ཡང་ཆོས་དེ་དག་བཤད་དེ།ཕུང་པོ་བཤད་པའི་སྐབས་སུ་སྐྱེ་མཆེད་ཀྱི་ཆོས་ཀྱང་བཤད་པས་སྐྱེ་མཆེད་བཟླས་ཏེ་བཤད་མི་དགོས་ལ།སྐྱེ་མཆེད་བཤད་པའི་སྐབས་སུ་ཁམས་ཀྱི་ཆོས་ཀུན་ཀྱང་བཤད་ཟིན་པས་ཁམས་ལོགས་ཤིག་བཤད་མི་དགོས་ན་ཆོས་དེ་དག་ཡང་ནས་ཡང་དུ་བཟླས་ཏེ་བཤད་པ་ལ་དགོས་པ་ཅི་ཡོད་ཞེ་ན།བདག་ཏུ་འཛིན་པ་རྣམ་པ་གསུམ་གྱི་གཉེན་པོར་རིམ་པ་བཞིན་དུ་སྨོས་ཏེ།མུ་སྟེགས་པ་བདག་ཏུ་འཛིན་པ་རྣམ་པ་གསུམ་ཡོད་དེ།བདག་ཏུ་འཛིན་པ་རྣམ་པ་གསུམ་སྤང་བར་བྱ་བའི་གཉེན་པོ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རིམ་བཞིན་དུ་བཤད་དེ་དེ་ནི་དགོས་པའོ།།
བདག་ཏུ་འཛིན་པ་རྣམ་པ་གསུམ་ནི་གཅིག་ཏུ་འཛིན་པ་དང༌།ཟ་བར་བྱེད་པ་དང༌།བྱེད་པར་འཛིན་པའོ།།དེ་ལ་གཅིག་ཏུ་འཛིན་པར་བྱེད་པའི་གཉེན་པོར་ནི་ཕུང་པོ་ལྔ་བཤད་དེ།ཕུང་པོ་ལྔའི་རང་བཞིན་ཤེས་ན་གཅིག་ཏུ་འཛིན་པ་མེད་པར་འགྱུར་རོ།།ཟ་བར་འཛིན་པའི་གཉེན་པོར་སྐྱེ་མཆེད་བཅུ་གཉིས་བཤད་དེ།སྐྱེ་མཆེད་བཅུ་གཉིས་ཀྱི་རང་བཞིན་ཤེས་ན་ཟ་བར་འཛིན་པ་མེད་པར་འགྱུར་རོ།།བྱེད་པར་འཛིན་པའི་གཉེན་པོར་ཁམས་བཅོ་བརྒྱད་བཤད་དེ།ཁམས་བཅོ་བརྒྱད་ཀྱི་རང་བཞིན་ཤེས་ན་བྱེད་པར་འཛིན་པ་མེད་པར་འགྱུར་རོ།།
བདག་ཏུ་སྨྲ་བ་བྱེ་བྲག་པ་དང་གྲངས་ཅན་ལ་སོགས་པ་ནི་ཆོས་མང་པོ་འདུས་པ་མི་རྟག་པའི་ཕུང་པོ་འདི་ལ་བདག་གཅིག་པུར་འཛིན་ཏོ།།ཡང་ན་བདག་ཏུ་སྨྲ་བ་དེ་དག་ཕུང་པོ་ལྔ་ལས་མ་གཏོགས་པའི་བདག་ཅེས་བྱ་བ་གཅིག་པུ་ཞིག་ལོགས་ཤིག་ན་གཟུགས་ཀྱང་བདག་དེས་མཐོང་བར་བྱེད་ལ།སྒྲ་ཡང་བདག་དེས་ཐོས་པར་བྱེད།དྲི་ཡང་བདག་དེས་སྣོམ།རོ་ཡང་བདག་དེས་མྱོང་བ་ནས།ཚོར་བ་ཡང་བདག་དེས་ཚོར་ཞིང་མྱོང་བར་བྱེད།ཡུལ་ལ་མཚན་མར་འཛིན་པ་ཡང་བདག་དེས་འཛིན་ཅིང་ཤེས་པར་བྱེད།དགེ་བ་ལ་སོགས་པའི་ལས་ཀྱང་བདག་དེས་མངོན་པར་འདུ་བྱེད།གཟུགས་ལ་སོགས་པའི་རང་བཞིན་དང་རྣམ་པར་ཤེས་པ་ཡང་བདག་དེས་ཤེས་བར་བྱེད་དེ།བདག་ནི་གཅིག་པུ་རྟག་པའོ་ཞེས་གཅིག་འཛིན་ཏོ།།
དེའི་ལན་དུ་སེམས་ཅན་རྣམས་ཀྱི་ལུས་ཀྱི་དངོས་པོ་ཕུང་པོ་ལྔ་ལས་མ་གཏོགས་པར་གཟུགས་ལ་སོགས་པ་ལ་མཐོང་བར་བྱེད་བའི་བདག་གཅིག་པུའི་རང་བཞིན་ནི་གང་ཡང་མེད་དོ།།ཅིའི་ཕྱིར་ཞེ་ན།གཟུགསནི་མིག་ཉིད་ཀྱིས་མཐོང་བར་བྱེད་པར་ཟད་ཀྱི་མིག་ལས་མ་གཏོགས་པར་མཐོང་བར་བྱེད་པའི་བདག་གཞན་ནི་མེད་དོ།།དེ་བཞིན་དུ་སྒྲ་ལ་སོགས་པ་ཡང་རྣ་བ་ལ་སོགས་པ་ཉིད་ཀྱིས་ཐོས་བར་བྱེད་དོ་ཞེསབྱ་བར་སྦྱོར་རོ།
མིག་ལས་མ་གཏོགས་པའི་བདག་མཐོང་བར་བྱེད་པ་མེད་ཀྱི་མིག་ཉིད་ཀྱིས་མཐོང་བར་འགྱུར་རོ་ཞེས་བཤད་ན་མིག་ནི་རྡུལ་ཕྲན་ལས་གྱུར་བ་ཡིན་ཏེ།བླུན་པོའི་རང་བཞིན་ཡིན་ན་དེས་ཇི་ལྟར་གཟུགས་མཐོང་བར་བྱེད་ཅེ་ན།གཟུགས་ནི་མིག་གི་རྣམ་པར་ཤེས་པས་མཐོང་བ་སྟེ།མིག་གི་རྣམ་པར་ཤེས་པས་གཟུགས་མཐོང་བའི་རྒྱུ་ཐུན་མོང་མ་ཡིན་པ་མིག་གི་དབང་པོས་བྱེད་པས་མིག་གི་རྣམ་པར་ཤེས་པས་མཐོང་ཡང་མིག་གིས་མཐོང་ངོ་ཞེས་བཏགས་སོ།།དེ་བཞིན་དུ་ཚོར་བའི་ཕུང་པོ་ཉིད་མྱོང་བར་བྱེད་པའི་རང་བཞིན་ཡིན་པས་ཚོར་བའི་ཕུང་པོ་ཉིད་ཀྱིས་ཚོར་ཞིང་མྱོང་བར་བྱེད་པར་ཟད་ཀྱི་ཚོར་བ་མྱོང་བར་བྱེད་པའི་བདག་གཞན་མེད་དོ།།འདུ་ཤེས་ཀྱང་ཡུལ་མཚན་མར་འཛིན་པའི་བདག་ཉིད་ཡིན་པས་ཡུལ་གྱི་མཚན་མ་ཡང་འདུ་ཤེས་ཉིད་ཀྱིས་འཛིན་གྱི་བདག་གཅིག་པུ་མེད་དོ།།དེ་བཞིན་དུ་རྣམ་པར་ཤེས་པ་ལ་སོགས་པ་ལ་ཡང་སྦྱར་རོ།།དེ་བཞིན་དུ་འདུ་བྱེད་ཀྱང་ལས་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པ་ཡིན་པས་ལས་དགེ་བ་དང་མི་དགེ་བ་ཡང་འདུ་བྱེད་ཀྱིས་བྱེད་པར་ཟད་ཀྱི་བདག་གཅིག་པུ་དེས་ལས་དགེ་བ་དང་མི་དགེ་བ་བྱེད་པ་མ་ཡིན་ནོ།རྣམ་པར་ཤེས་པ་ཡང་གཟུགས་དང༌།སྒྲ་ལ་སོགས་པའི་ཡུལ་ཤེས་པར་བྱེད་པའི་རང་བཞིན་ཡིན་པས་གཟུགས་མིག་གི་རྣམ་པར་ཤེས་པས་ཤེས་པར་བྱེད་པས་ན་ཆོས་ནི་ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱེད་ཀྱི་བདག་གཅིག་པུ་དེས་ཤེས་པར་བྱེད་པ་ནི་མ་ཡིན་ནོ་ཞེས་དེ་ལྟར་སྦྱར་བར་བྱའོ།།དེ་ལྟ་བས་ན་སེམས་ཅན་རྣམས་ཀྱི་ལུས་ཀྱི་དངོས་པོ་ནི་ཕུང་པོ་ལྔའི་བདག་ཉིད་ཡིན་པས་གཟུགས་དང༌།ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་དང༌།རྣམ་པར་ཤེས་པ་སྟེ་དངོས་པོ་དུ་མའི་རང་བཞིན་ཡིན་ལ།ལྟ་བ་ལ་སོགས་པ་ཡང་ཕུང་པོ་ལྔ་ཉིད་བྱེད་པར་ཟད་ཀྱི་ཕུང་པོ་རྣམས་མ་གཏོགས་པར་བདག་གཅིག་པུ་ཞེས་བྱ་བ་མེད་དེ་ཞེས་ཁོང་དུ་ཆུད་ན་བདག་གཅིག་པུར་འཛིན་པ་ལས་རྣམ་པར་ལྡོག་པར་འགྱུར་རོ།།གཅིག་པར་འཛིན་པ་ལས་ལོག་པར་གྱུར་ན་གཅིག་པུར་འཛིན་པའི་རྒྱུ་ལས་བྱུང་བ་བདག་ཏུ་འཛིན་པ་ལས་ཀྱང་ལོག་པར་འགྱུར་ཏེ།དེ་བས་ན་གཅིག་པུར་འཛིན་པའི་གཉེན་པོར་ཕུང་པོ་ལྔ་བཤད་དོ།།
ཟ་བར་འཛིན་པ་ཡང་བདག་ཏུ་སྨྲ་བ་རྣམས་ནི་གང་ལས་དགེ་བའི་འབྲས་བུ་བདེ་བ་དང༌།ལས་མི་དགེ་བའི་འབྲས་བུར་སྡུག་བསྔལ་ཡང་བདག་དེས་མྱོང་ཞིང་ལས་ཀྱི་འབྲས་བུ་ལ་བདག་ཟ་བར་བྱེད་པ་དང༌།གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ཡང་བདག་དེས་མྱོང་ཞིང་ཡུལ་ལ་བདག་ཅེས་ཟ་བར་བྱེད་དོ་ཞེས་འཛིན་ཏོ།།དེ་ལྟར་བདག་ལ་ཟ་བ་པོར་འཛིན་པའི་གཉེན་པོར་སྐྱེ་མཆེད་རྣམས་བཤད་པ་ཡིན་ཏེ།ལས་དགེ་བ་དང་མི་དགེ་བའི་འབྲས་བུར་བདེ་བའམ།སྡུག་བསྔལབ་དང༌།གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམས་ཟ་བར་བྱེད་ཅེས་བྱ་བ་ནི་ལས་ཀྱི་འབྲས་བུ་དང་ཡུལ་དུ་དམིགས་པར་བྱེད་པ་སྟེ།ལས་ཀྱི་འབྲས་བུ་ལ་དམིགས་པར་བྱེད་པ་ཡང་ལས་གང་གིས་བྱས་པ་དེ་ཉིད་ཀྱི་ལས་དགེ་བ་དང་མི་དགེ་བའི་འབྲས་བུ་ལ་སྤྱོད་ཅིང་དམིགས་པར་བྱེད་དེ།ལས་དགེ་བ་དང་མི་དགེ་བ་ཡང་སྐྱེ་མཆེད་ཀྱི་སྒོ་ནས་རྣམ་པར་ཤེས་པས་བྱ་བས་དེའི་འབྲས་བུ་བདེ་བ་དང་སྡུག་བསྔལ་ཡང་མིག་གི་རྣམ་པར་ཤེས་པ་ནས།ཡིད་ཀྱི་རྣམ་པར་ཤེས་པའི་བར་དག་གིས་མྱོང་ཞིང་དམིགས་པར་བྱེད་པར་ཟད་ཀྱི་ལས་ཀྱི་འབྲས་བུ་ལ་སྤྱོད་པར་བྱེད་པའི་བདག་ནི་མེད་པ་དང༌།གཟུགས་ལ་སོགས་པའི་ཡུལ་ལ་དམིགས་ཤིང་ཟ་བར་བྱེད་པ་ཡང་སྐྱེ་མཆེད་ཉིད་ཀྱིས་ཟ་བར་བྱེད་དེ།འདི་ལྟར་གཟུགས་མིག་གི་སྐྱེ་མཆེད་ཀྱིས་མྱོང་ཞིང་དམིགས་པར་བྱེད་པ་ནས།ཆོས་ཀྱང་ཡིད་ཀྱི་སྐྱེ་མཆེད་ཀྱི་མྱོང་ཞིང་དམིགས་པར་བྱེད་པར་ཟད་ཀྱིས་དེ་ལས་མ་གཏོགས་པའི་ལས་ཀྱི་འབྲས་བུ་དང༌།ཡུལ་མྱོང་ཞིང་ཟ་བར་བྱེད་པའི་བདག་ནི་ཡོད་པ་མི་ཡིན་ནོ།།དེ་ལྟར་ལས་ཀྱི་འབྲས་བུ་དང༌།གཟུགས་ལ་སོགས་པའི་ཡུལ་མྱོང་ཞིང་ཟ་བར་བྱེད་པ་ནི་མིག་ལ་སོགས་པའི་སྐྱེད་མཆེད་ཡིན་གྱི་དེ་ལས་གཞན་པའི་བདག་ཅེས་བྱ་བའི་འབྲས་བུ་དང༌།ཡུལ་ཟ་བར་བྱེད་པ་མེད་དོ་ཞེས་ཁོང་དུ་ཆུད་ན་ཟ་བར་འཛིན་པ་ལས་ལོག་པར་འགྱུར་ཏེ།དེའི་ཕྱིར་ཟ་བར་འཛིན་པའི་གཉེན་པོར་སྐྱེ་མཆེད་བཅུ་གཉིས་བཤད་པ་ཡིན་ནོ།།བྱེད་པར་འཛིན་པ་ཡང་བདག་ཏུ་སྨྲ་བ་རྣམས་ལས་དགེ་བ་དང་མི་དགེ་བ་ཡང་བདག་དེས་བྱས་ལ་མཆོད་པ་དང་འགྲོ་བ་ལ་སོགས་པའི་ལས་ཀྱང་བདག་དེས་བྱེད་དོ།།བདག་དེ་ནི་ཕུང་པོ་ལས་མ་གཏོགས་པར་ལོགས་ཤིག་ན་ཡོད་པར་འཛིན་ཏོ།།དེ་ལྟར་བདག་དེ་ལ་བྱེད་པ་པོར་འཛིན་པའི་གཉེན་པོར་ཁམས་བཅོ་བརྒྱད་བཤད་པ་ཡིན་ཏེ།དེ་ལས་དགེ་བ་དང་མི་དགེ་བ་ཡང་མིག་ལ་སོགས་པའི་ཁམས་ཀྱིས་བྱེད་པར་ཟད་ཀྱི་དེ་ལས་མ་གཏོགས་པའི་ལས་བྱེད་པ་པོའི་བདག་མེད་ལ།ཁམས་ཉིད་ཀྱང་བྱེད་པ་པོའི་རང་བཞིན་མ་ཡིན་ཏེ།དེའི་ཕྱིར་བྱེད་པ་མེད་ཅིང་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཁམས་ཞེས་བཤདཔ་ཡིན་ནོ།།དེ་ལྟར་བདག་བྱེད་པ་པོ་ཡང་མེད་ལ་ཁམས་ཉིད་བྱེད་པ་པོ་མ་ཡིན་ཡང་རྒྱུ་དང་འབྲས་བུ་གཅིག་ལ་གཅིག་སྐྱེ་བ་ནི་རྒྱུ་ཡོད་པ་འབྲས་བུ་སྐྱེད་པར་བྱེད་པ་པོ་དང༌།འབྲས་བུ་སྐྱེ་བ་ཡང་རྒྱུ་ཡོད་པ་ཙམ་ལ་ལྟོས་བར་ཟད་ཀྱི་འབྲས་བུ་དང་རྒྱུའི་རང་བཞིན་ལས་མ་གཏོགས་པར་བདག་བྱེད་པ་པོའོ་ཞེས་བྱ་བ་གཞན་ནི་ཡོད་པ་མ་ཡིན་ནོ།དེ་ལྟར་ལས་ཀྱང་ཁམས་བཅོ་བརྒྱད་ཀྱིས་བྱེད་པར་ཟད་ཀྱི་དེ་ལས་གཞན་པའི་བདག་བྱེད་པ་པོ་མེད་དོ་ཞེས་ཁོང་དུ་ཆུད་ན་བྱེད་པ་པོར་འཛིན་པ་ལས་ལོག་པར་འཛིན་པར་འགྱུར་ཏེ།དེ་བས་ན་བྱེད་པ་པོར་འཛིན་པའི་གཉེན་པོར་ཁམས་བཅོ་བརྒྱད་བཤད་པ་ཡིན་ནོ།
རྟ་མགྲིན་རྒྱལ།ཚེ་རིང་རྣམ་རྒྱལ།
 
བསམས་གཞིགས།
༡སྐྱེ་མཆེད་ཅེས་པའི་དོན་ཅི།
༢རྫས་ཡོད་དང་བཏགས་ཡོད་གཉིས་ཀྱི་དོན་ཅི།དེ་གཉིས་ཀྱི་ཁྱད་པར་གང༌།
༣ལྷན་ཅིག་མི་གནས་འགལ་ཞེས་པ་ཅི།
༤འབྲེལ་བ་ལ་དབྱེ་ན་དུ་ཡོད།གང་དག་ཡིན།
༥རྫས་ཡོད་དང་བཏགས་ཡོད་གཉིས་ཀྱི་ཁྱད་པར་ཅི།
༦ཕུང་ཁམས་སྐྱེ་མཆེད་ཀྱིས་ཆོས་ཐམས་ཅད་ཅི་ལྟར་བསྡུས་པ་ཡིན་ནམ།
༧ཕུང་པོ་དང་ཁམས་དང་སྐྱེ་མཆེད་བཅས་རེ་རེ་བཞིན་བསྟན་དགོས་དོན་ཅི་ཡིན་ནམ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号