ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་གཉིས་པ།ཁམས་བཅོ་བརྒྱད་ལས་ཁམས་ཀྱི་རབ་དབྱེ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ས་བཅད་གཉིས་པ།ཁམས་ཀྱི་རབ་དབྱེ།

ཁམས་བཅོ་བརྒྱད་པོ་དེ་ལ་གཟུགས་ཅན་ཡིན་མིན་སོགས་ཀྱི་རབ་ཏུ་དབྱེ་བ་ལ།གཟུགས་ཅན་ཡིན་མིན།བསྟན་དུཡོད་མེད།ཐོགས་བཅས་ཐོགས་མེད།ཟག་བཙས་ཟག་མེད།ཁམས་གསུམ་ན་ཡོད་མེད་ཀྱི་ཁྱད་པར།དགེ་སྡིག་ལུང་མ་བསྟན་གྱི་ཁྱད་པམཕྱི་དང་ནང་གི་ཁྱད་པར།དེ་བཞིན་དུ་དམིགས་བཅས་དམིགས་མེད་ཀྱི།རྟོག་བཅས་རྟོག་མེད་ཀྱི།རང་རྒྱུད་ཀྱི་ཚོར་བས་ཟིན་མ་ཟིན།རྟག་མི་རྟགའཛིན་པ་དང་གཟུང་བ།རྟོག་དཔྱོད་དང༌།བཅས་མ་བཅས།རྡུལ་ཕྲན་བསགས་པ་ཡིན་མིན།གཅོད་བྱེད་བཅད་བྱ་ཡིན་མིན།མཐོང་སྒོམ་གྱི་སྤང་བྱ་ཡིན་མིན།བྱུང་བ་གསུམ་གྱི་ཁྱད་པར།ཞར་བྱུང་དབང་པོའི་ཁྱད་པར་བཅས་སོ།།
 
དང་པོ།གཟུགས་ཅན་ཡིན་མིན།
 
གཞིག་ཏུ་རུང་བའམ།གནོད་པར་བྱར་རུང་བས་ན་གཟུགས་ཞེས་བྱ་སྟེ།རང་གི་གནས་སུ་གཞན་སྐྱེ་བའི་བར་ཆད་དང་གེགས་བྱེད་པའམ་གནོད་པར་བྱེད་པས་གཟུགས་ཞེས་བྱའོ།།ཡང་ན་གནས་པ་དང་གནས་ཀྱི་མཚན་ཉིད་ཀྱི་གཟུགས་གང་ལ་ཡོད་པས་བདག་གི་གནས་སུ་གཞན་སྐྱེ་བའི་གེགས་བྱེད་པ་གཟུགས་ཅན་ཞེས་བྱའོ།།
གནས་དང་གནས་པའི་སྒོ་ནས་བདག་གི་གནས་སུ་གཞན་སྐྱེ་བའི་གེགས་བྱེད་པ་ལ་གཟུགས་ཅན་ཞེས་བྱ་ན་དེ་ལྟ་ན་ནི་མིག་གི་རྣམ་པར་ཤེས་པ་ཡང་མིག་གི་དབང་པོ་ལ་གནས་ན་བདག་གི་གནས་སུ་གཞན་སྐྱེ་བའི་གེགས་བྱེད་པས་མིག་གི་རྣམ་པར་ཤེས་པ་ཡང་གཟུགས་ཅན་དུ་འགྱུར་བའི་སྐྱོན་དུ་འགྱུར་རོ་ཞེ་ན།མིག་གི་རྣམ་པར་ཤེས་པ་གཟུགས་ཅན་གྱི་སྐྱོན་དུ་མི་འགྱུར་ཏེ།འདི་ལྟར་གཞོང་པའི་སྟེང་ན་ཤིང་ཐོག་གནས་ཏེ།རང་གི་གནས་སུ་གཞན་འོང་བའི་གེགས་བྱེད་པ་ལྟ་བུར་མིག་གི་དབང་པོ་ལ་མིག་གི་རྣམ་པར་ཤེས་པ་གནས་པ་ན་རང་གི་གནས་སུ་གཞན་སྐྱེ་བའི་གེགས་མི་བྱེད་པས་ན་རྣམ་པར་ཤེས་པ་རྣམས་གཟུགས་ཅན་གྱི་སྐྱོན་དུ་མི་འགྱུར་རོ།
ཁམས་བཅོ་བརྒྱད་ཀྱི་ནང་ན་གཟུགས་དང་བཅས་པ་དུ་ཡོད་ཅེ་ན།གང་དག་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དེ།གང་གཟུགས་ཀྱི་ཕུང་པོར་བཤད་པ་མིག་གི་ཁམས་ནས་ལུས་ཀྱི་ཁམས་ཀྱི་བར་དུ་ལྔ་དང༌།གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུ་ལྔ་སྟེ།བཅུ་ནི་རང་གི་གནས་སུ་གཞན་སྐྱེ་བའི་གེགས་བྱེད་པས་ན་གཟུགས་ཅན་ཞེས་བྱའོ།།
གལ་ཏེ་གཟུགས་ཀྱི་ཕུང་པོར་གཏོགས་པ་ལ་གཟུགས་ཅན་ཞེས་བྱ་ན།ཁམས་བཅོ་བརྒྱད་ཀྱི་ནང་ན་གཟུགས་ཀྱི་ཕུང་པོར་གཏོགས་པ་རྣམ་པར་རིག་བྱེད་མ་ཡིན་པའི་གནས་ལྟ་བུ་ཆོས་ཀྱི་ཁམས་སུ་བསྡུས་པས་ཆོས་ཀྱི་ཁམས་ཀུན་ཀྱང་གཟུགས་ཅན་དུ་འགྱུར་བའི་སྐྱོན་དུ་འགྱུར་རོ་ཞེ་ན།ཆོས་ཀྱི་ཁམས་ཀྱི་ནང་ན་གཟུགས་ཅན་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་ཀྱང་ཆོས་ཀྱི་ཁམས་གཟུགས་ཅན་གྱི་སྐྱོན་དུ་མི་འགྱུར་ཏེ།དེ་ཅིའི་ཕྱིར་ཞེ་ན།རྣམ་པར་རིག་བྱེད་མ་ཡིན་པ་དེ་རྟེན་དང་བརྟེན་པའི་སྒོ་ནས་རང་གི་གནས་སུ་གཞན་སྐྱེ་བའི་གེགས་ཅན་གྱི་གཟུགས་མ་ཡིན་པས་ན་གཟུགས་ཅན་ཞེས་མི་བྱ་ལ།ཚོར་བ་ལ་སོགས་པ་གཞན་ཡང་རྟེན་དང་བརྟེན་པའི་སྒོ་ནས་རང་གི་གནས་སུ་གཞན་སྐྱེ་བའི་གེགས་བྱེད་པ་མ་ཡིན་པས་གཟུགས་ཅན་ཞེས་མི་བྱ་སྟེ།དེ་བས་ན་ཆོས་ཀྱི་ཁམས་གཟུགས་ཅན་གྱི་སྐྱོན་དུ་མི་འགྱུར་རོ།།
གཟུགས་ཅན་མིན་པ་ནི།མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་དྲུག་དང༌།ཡིད་ཀྱི་ཁམས་དང་བདུན་དང༌།ཆོས་ཀྱི་ཁམས་བསྣན་པའི་བརྒྱད་དོ།།དེ་དག་ནི་རྟེན་དང་བརྟེན་པའི་སྒོ་ནས་རང་གི་གནས་སུ་གཞན་སྐྱེ་བའི་གེགས་བྱེད་པ་མ་ཡིན་པས་གཟུགས་མེད་པ་ཞེས་བྱའོ།
 
གཉིས་པ།བསྟན་དུ་ཡོད་མེད།
 
མིག་གི་ལམ་དུ་བསྟན་དུ་ཡོད་པ་བྱ་བ་ནི་གནས་འདི་ན་གཟུགས་འདི་ལྟ་བུ་ཞིག་ཡོད་དོ་ཞེས་མིག་གིས་ལྟར་ཡོད་པ་དང་བཅས་པ་ལ་བྱའོ།།དེ་ལ་གཟུགས་ཀྱི་ཁམས་གཅིག་པུ་སྟེ།ལྷག་མ་བཅུ་བདུན་པོ་བསྟན་དུ་མེད་དོ།
 
གསུམ་པ།ཐོགས་བཅས་ཐོགས་མེད།
 
སྤྱིར་གཅིག་གི་གོ་སར་གཅིག་བཀག་པར་སྒྲིབ་ཐོགས།དམིགས་ཡུལ་འཛིན་པས་དེ་ལས་གཞན་འཛིན་པའི་གེགས་བྱེད་པ་དམིགས་ཐོགས།མིག་གི་གཟུགས་འཛིན་པ་ན་སྒྲ་ལ་ཐོགས་པ་ཡུལ་ཐོགས་ཏེ་གསུམ་ལས་འདིར་དང་པོ་ཕན་ཚུན་ཐོགས་པ་དང་བཅས་པ་ནི་དབང་ལྔ་ཡུལ་ལྔ་སྟེ་གཟུགས་ཅན་བཅུ་ལས་ལྷག་མ་ཁམས་བརྒྱད་པོ་རྣམས་ཕན་ཚུན་ཐོགས་པ་མེད་པའོ།།
འདི་ལ་ཕུང་པོ་ལྔའི་རབ་བཤད་ལས།བདག་གང་ན་གནས་པའི་གནས་སུ་གཞན་གནས་པའི་གོ་གཅོད་ཅིང་བགེགས་བྱེད་པ་ལ་ཐོགས་པ་དང་བཅས་པ་ཞེས་བྱའོ།།དམིགས་པ་ཐོགས་པ་དང་བཅས་པ་ནི་མིག་གི་རྣམ་པར་ཤེས་པ་གཟུགས་ལ་དམིགས་ཏེ་ཐོགས་པ་མེད་ཀྱང་སྒྲ་ལ་མི་དམིགས་ཏེ་ཐོགས་པ་དང༌།རྣ་བའི་རྣམ་པར་ཤེས་པ་སྒྲ་ལ་དམིགས་ཏེ་ཐོགས་པ་མེད་ཀྱང་གཟུགས་ལ་མི་དམིགས་ཏེ་ཐོགས་པ་ལྟ་བུའོ།།བར་དུ་གཅོད་པའི་ཐོགས་པ་དང་བཅས་པ་ནི་རང་གནས་པའི་གནས་སུ་གཞན་སྐྱེ་ཞིང་འབྱུང་བའི་གེགས་བྱེད་ཅིང་གོ་གཅོད་པའོ།།དེ་ལྟར་ཐོགས་པ་དང་བཅས་པ་རྣམ་པ་གསུམ་ལས་འདིའི་སྐབས་སུ་ཡུལ་ཐོགས་པ་དང་བཅས་པ་དང༌།དམིགས་པ་ཐོགས་པ་དང་བཅས་པ་ལ་ནི་མི་བྱའི།བར་དུ་གཅོད་པའི་ཐོགས་པ་དང་བཅས་པ་ལ་བྱའོ།།གང་ལ་གང་ཐོགས་པ་སྟེ།་བར་དུ་གཅོད་པའི་ཐོགས་པ་དང་བཅས་པ་ནི་རང་གི་ཕྱོགས་སུ་གཞན་འབྱུང་བ་ལ་གེགས་བྱེད་པ་སྟེ།དངོས་པོ་གང་རང་གི་གནས་པ་ལས་རང་གི་ཕྱོགས་སུ་དངོས་པོ་གཞན་འབྱུང་བ་ལ་བར་ཆད་བྱེད་པ་དང༌།དངོས་པོ་གཞན་དེར་འོངས་པ་ཡང་དེ་ལ་བར་དུ་གཅོད་པ་གཉི་ག་ལ་ཐོགས་པ་དང་བཅས་པ་ཞེས་བྱའོ།།
མིག་ལ་སོགས་པའི་གཟུགས་ཅན་བཅུ་པོ་ཡང་དེ་དག་གཅིག་ལ་གཅིག་རང་གི་ཕྱོགས་སུ་བྱུང་བ་ལ་གེགས་བྱེད་ཅིང་བར་དུ་གཅོད་པར་བྱེད་པས་ན་ཐོགས་པ་དང་བཅས་པ་ཞེས་བྱའོ།།སེམས་ཀྱི་ཁམས་བདུན་དང༌།ཆོས་ཀྱི་ཁམས་ཀྱིས་བསྣན་ཏེ་བརྒྱད་ནི་ཐོགས་པ་མེད་པའོ།།ཅིའི་ཕྱིར་ཞེ་ན།དེ་དག་རང་གི་ཕྱོགས་སུ་གཞན་འོང་བའི་གེགས་དང་བར་ཆད་དུ་མི་བྱེད་པའི་ཕྱིར་ཐོགས་པ་མེད་པ་ཞེས་བྱའོ།།ཞེས་གསུངས་སོ།།
 
བཞི་པ།ཟག་བཅས་ཟག་མེད།
 
ཉོན་མོངས་པ་དང་བཅས་པ་ནི་ཟག་པ་དང་བཅས་པ་སྟེ།མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་དབང་པོ་ལྔའི་ཁམས་དང་།གཟུགས་ནས་རེག་བྱའི་བར་དུ་ཡུལ་ལྔའི་ཁམས་དང༌།མིག་གི་རྣམ་པར་ཤེས་པའི་ཁམས་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་ཁམས་ཏེ།བཅོ་ལྔ་པོ་འདི་དག་ནི་ཐ་གཅིག་ཏུ་ཟག་པ་དང་བཅས་པ་ཞེས་བྱ་སྟེ།དེ་དག་ལ་ནམ་དུ་ཡང་ཟག་པ་མེད་པའི་རང་བཞིན་མི་སྲིད་ཀྱི།དུས་ཐམས་ཅད་དུ་ཟག་པ་དང་བཅས་པ་འབའ་ཞིག་གི་རང་བཞིན་ནོ།།གཞན་ཡང་ཐ་མ་གསུམ་གྱི་ཆ་ནི་ཟག་པ་དང་བཅས་པ་སྟེ།ཁམས་བཅོ་བརྒྱད་ལས་མིག་ལ་སོགས་པ་རྟེན་དྲུག་གི་ཐ་མནི་ཡིད་ཀྱི་ཁམས་ཡིན་ལ།གཟུགས་ལ་སོགས་པ་དམིགས་པ་དྲུག་གི་ཐ་མ་ནི་ཆོས་ཀྱི་ཁམས་ཡིན་པ་དང༌།བརྟེན་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་དྲུག་གི་ཐ་མ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཡིན་ཏེ།དེ་བས་ན་ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་དང༌།ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་ལ་ཐ་མ་གསུམ་ཞེས་བྱའོ།མིག་ལ་སོགས་པའི་ཁམས་བཙོལྔ་ཇི་ལྟར་གཅིག་ཏུ་ཟག་པ་ཅན་འབའ་ཞིག་ཡིན་གྱིཟག་པ་མེད་པའི་རང་བཞིན་ནམ་ཡང་མི་སྲིད་པ་ལྟར་ཐ་མ་གསུམ་གྱི་ཆ་ལ་ཟག་པ་ཅན་འབའ་ཞིག་ཏུ་གཞག་པར་མ་ཟད་ཀྱི།ཟག་པ་མེད་པའི་རང་བཞིན་ཡང་ཡོད་དེ།དེ་བས་ན་ཟག་པ་དང་བཅས་པའི་ཤས་ཀྱི་ཐ་མ་གསུམ་ལ་ནི་ཟག་པ་དང་བཅས་པ་ཞེས་བྱའོ།དེ་ལ་འཕགས་པའི་ལམ་ལ་དམིགས་པའམ།འཕགས་པའི་ལམ་དུ་གཏོགས་པའི་ཡིད་ཀྱི་ཁམས་དང༌།ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌།ཆོས་ཀྱི་ཁམས་ཀྱི་འདུས་མ་བྱས་པ་རྣམ་པ་བཞི་ནི་ཟག་པ་མེད་པ་སྟེ།དེ་ལས་མ་གཏོགས་པའི་སོ་སོ་སྐྱེ་བོའི་ཡིད་ཁམས་དང༌།ཆོས་ཀྱི་ཁམས་ལ་འདུས་མ་བྱས་བཞི་བཀོལ་བའི་ཕྱིར་ན་ཚོརབ་ལ་སོགས་པའི་སོ་སོ་སྐྱེ་བོའི་ཆོས་ཁམས་དང༌།སོ་སོ་སྐྱེ་བོའི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་ཆ་རྣམས་ནི་ཟག་པ་དང་བཅས་པ་ཞེས་བྱ་སྟེ།ཆོས་དེ་དག་རྟག་ཏུ་ཟག་པ་དང་ལྷན་ཅིག་གནས་པས་ན་ཟག་པ་དང་བཅས་པ་ཞེས་བྱའོ།།དེ་བས་ན་དེ་དག་ལས་ཉོན་མོངས་པ་སྐྱེ་བའི་ཕྱིར་ཏེ།མིག་ལ་སོགས་པའི་ཁམས་བཅོ་ལྔ་དང༌།ཐ་མ་གསུམ་གྱི་ཆ་ལས་རྟག་ཏུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེ་བར་འགྱུར་བའི་ཕྱིར་དེ་དག་ལ་ཟག་པ་དང་བཅས་པ་ཞེས་བྱའོ།།
མིག་ལ་སོགས་པའི་དབང་པོ་ལྔ་དང༌།གཟུགས་ལ་སོགས་པའི་ཡུལ་ལྔ་དང༌།མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་ལྔ་སྟེ།བཅོ་ལྔ་ནི་བླུན་པོའི་རང་བཞིན་ཡིན་པས་གཟུགས་བཟང་ངན་ལ་རྟོག་པར་མི་ནུས་ན་དེ་དག་གིས་གཟུགས་ལ་དམིགས་ནས་ཇི་ལྟར་ཉོན་མོངས་པ་སྐྱེ་བར་འགྱུར་ཞེ་ན།མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཁམས་མིག་གི་དབང་པོ་དང་བཅས་པའི་གཟུགས་ལ་དམིགས་པ་ཙམ་གྱིས་ནི་ཉོན་མོངས་པ་སྐྱེ་ཞེས་མི་སྨྲའི།མངོན་སུམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཏེ།མིག་གི་རྣམ་པར་ཤེས་པ་མིག་གི་ཁམས་ལ་བརྟེན་ནས་གཟུགས་ལ་མངོན་སུམ་དུ་དམིགས་ཏེ།མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ།།མིག་གི་རྣམ་པར་ཤེས་པས་ཡུལ་མྱོང་བའི་རྗེས་ལ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེས་ནས་གཟུགས་བཟང་ངན་དུ་བརྟགས་པས་ཉོན་མོངས་པ་སྐྱེ་བར་འགྱུར་ཏེ།དེ་བས་ན་དེ་དག་ལ་ཟག་པ་དང་བཅས་པ་ཞེས་བྱའོ།།དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ།།
ཟག་པ་མེད་པ་དུ་ཞེ་ན།ཐ་མ་གསུམ་གྱི་ཆ་སྟེ།ཐ་མ་གསུམ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་སྟེ།གང་འཕགས་པ་སློབ་པ་དང་མི་སློབ་པ་རྣམས་ཀྱི་ཡིད་ཀྱི་ཁམས་དང༌།ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་འཕགས་པའི་ལམ་དུ་གཏོགས་པ་དང༌།འདུས་མ་བྱས་བཞི་ནི་ཟག་པ་མེད་པ་ཞེས་བྱའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号