ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་གསུམ་པ།སྐྱེ་མཆེད་བཅུ་གཉིས་ལས་སྤྱིར་བསྟན་པ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

སྐབས་གསུམ་པ།སྐྱེ་མཆེད་བཅུ་གཉིས།

ས་བཅད་དང་པོ།སྐྱེ་མཆེད་བཅུ་གཉིས་སྤྱིར་བསྟན་པ།
 
སྐྱེ་མཆེད་བཤད་པ་ལ།ངེས་ཚིགསྐྱེ་མཆེད་བཅུ་གཉིས་ངོས་བཟུང་པ།དེར་ཆོས་ཐམས་ཅད་འདུ་ཚུལ།དེའི་རབ་དབྱེ་གཞན་དུ་ཁ་འཕང་བ་བཞི།
 
དང་པོ།ངེས་ཚིག
 
སྐྱེ་མཆེད་བཅུ་གཉིས་ནི།མཛོད་འགྲེལ་ལས།ཨཱཿཡ་ཏ་ན་ཞེས་པ་སྐྱེ་མཆེད་ཀྱི་སྒྲ་ནི།ཨཱ་ཡ་དྰ་ཞེས་སྐྱེ་བའི་སྒོའི་དོན་ཏེ།གང་ལ་བརྟེན་ནས་སེམས་དང་སེམས་བྱུང་རྣམས་སྐྱེ་ཞིང་མཆེད་པ་སྟེ་རྒྱས་པའི་སྒོར་འགྱུར་བའི་ཕྱིར་སྐྱེ་མཆེད་ཅེས་བྱའོ།ཞེས་གསུངས་པ་ལྟར།དེ་ཡང་མིག་ནས་ཡིད་ཀྱི་ནང་གི་དྲུག་པོ་འཛིན་པར་བྱེད་པ་དང༌།གཟུགས་ནས་ཆོས་ཀྱི་བར་ཕྱིའི་དྲུག་ནི་གཟུང་བར་བྱ་བ་སྟེ།གཟུང་འཛིན་གྱི་སྒོ་ནས་རྣམ་ཤེས་མཚུངས་ལྡན་བཅས་ཡུལ་ལ་སྐྱེ་ཞིང་མཆེད་ལ་རྒྱས་པའི་སྒོར་གྱུར་པས་སྐྱེ་མཆེད་ཅེས་བྱའོ།
 
གཉིས་པ།ངོས་བཟུང༌།
 
མིག་གི་ཁམས་དང་མིག་གི་སྐྱེ་མཆེད་དོན་གཅིག་སྟེ།སོ་སོའི་སྐབས་ཀྱི་རྣམ་བཞག་བྱ་ཚུལ་ཙམ་མོ།དེ་བཞིན་དུ་གཟུགས་ཅན་གྱི་ཁམས་བཅུ་ནི་དེ་དེའི་སྐྱེ་མཆེད་དང་ཆོས་ཁམས་བཅུ་དྲུག་པོ་ནི་ཆོས་ཀྱི་སྐྱེ་མཆེདདོ།རྣམ་པར་ཤེས་པའི་ཁམས་བདུན་ནི་ཡིད་ཀྱི་སྐྱེ་མཆེད་དུ་བསྡུས་པའོ།དེ་ལ་མིག་གི་སྐྱེ་མཆེད་དང༌།གཟུགས་ཀྱི་སྐྱེ་མཆེད་དང༌།རྣ་བའི་སྐྱེ་མཆེད་དང༌།སྒྲའི་སྐྱེ་མཆེད་དང༌།སྣའི་སྐྱེ་མཆེད་དང༌།དྲིའི་སྐྱེ་མཆེད་དང༌།ལྕེའི་སྐྱེ་མཆེད་དང༌།རོའི་སྐྱེ་མཆེད་དང༌།ལུས་ཀྱི་སྐྱེ་མཆེད་དང༌།རེག་བྱའི་སྐྱེ་མཆེད་དང༌།ཡིད་དང་ཆོས་ཀྱི་སྐྱེ་མཆེད་བར་བཅུ་གཉིས་སོ།འདི་ལྟར་མིག་གིས་གཟུགས་རྣམས་མཐོང་བར་འགྱུར་བ་དང༌།དེའི་ས་བོན་བསགས་པ་དང༌།རྣམ་སྨིན་ཀུན་གཞིའི་རྣམ་ཤེས་གང་ལས་ཕྱི་མ་ལ་མིག་འགྲུབ་པར་འགྱུར་བ་དེ་མིག་གི་སྐྱེ་མཆེད་ཀྱི་མཚན་ཉིད་དེ་གཞན་རྣམས་ཀྱང་དེ་བཞིན་ནོ།
 
གསུམ་པ།ཆོས་ཐམས་ཅད་འདུ་ཚུལ།
 
ཕུང་པོ་ལྔས་འདུས་བྱས་ཐམས་ཅད་བསྡུས་ཀྱང་འདུས་མ་བྱས་མ་བསྡུས་ལ།ཁམས་སྐྱེ་མཆེད་དུ་ནི་བསྡུས་པའི་ཕྱིར་འདི་གཉིས་ཀྱི་ཁོངས་སུ་ཤེས་བྱ་ཐམས་ཅད་འདུའོ།
 
བཞི་པ།རབ་དབྱེ།
 
གོང་དུ་ཁམས་ཀྱི་རབ་དབྱེ་བཤད་པས་སྐྱེ་མཆེད་ལ་ཡང་དེ་ལྟར་དོན་གྱིས་ཤེས་སོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号