ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་བཞི་པ།རྟེན་འབྲེལ་བཅུ་གཉིས་ལས་ཕྱིའི་རྟེན་འབྲེལ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

སྐབས་བཞི་པ།རྟེན་འབྲེལ་བཅུ་གཉིས།

རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན།པྲ་ཏི་ཏྱ་ཕྲད་ནས།ས་མུ་པཱ་ད་འབྱུང་བ་ཡིན་པས།རྒྱུ་དང་རྐྱེན་ཕྲད་ཅིང་ཚོགས་པ་ལ་ལྟོས་ནས་འབྲས་བུ་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ།ཞེས་སོ།།ས་བོན་ལས་མྱུ་གུ་སོགས་ཕྱི་དང་མ་རིག་པ་ལས་འདུ་བྱེད་སོགས་ནང་གིས་བསྡུས་བའི་ཆོས་འདི་རྣམས་རང་རང་སྐྱེད་བྱེད་ཀྱི་རྒྱུ་མེད་པར་ནི་ནམ་མཁའི་པདྤོ་བཞིན་དུ་ནམ་ཡང་འབྱུང་བ་མ་ཡིན་ཞིང༌།རྒྱུ་མིན་པ་ཕྱི་རོལ་པས་འདོད་པའི་བདག་དང་དུས་དང་དབང་ཕྱུག་སོགས་བྱེད་པ་པོ་ངོ་བོ་རྟག་པ་གཞན་གྱི་རྒྱུ་ལས་བྱུང་བ་མ་ཡིན་ལ།རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་སྐྱེ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་སྟེ།ཚུལ་འདི་ལྟ་བུར་སྨྲ་བ་ནི།སངས་རྒྱས་ཀྱི་གསུང་ཐུན་མོང་མིན་པའི་རང་ལུགས་སོ།།དེ་ལ་ཕྱིའི་ཆོས་མ་ཟིན་པའི་བེམ་པོའི་རྒྱུ་འབྲས་ཐམས་ཅད་ནི་ས་བོན་ལས་མྱུ་གུ་སྐྱེ་བ་ལ་སོགས་པའི་ཚུལ་དུ་རྟེན་ཅིང་འབྲེལ་བར་འབྱུང་ལ།ནང་གི་ཟིན་པའི་ཆོས་སེམས་ཅན་མཆོག་ལྷ་དང་དམན་པ་ངན་སོང་དང་བར་མ་མི་ཡི་འགྲོ་བའི་ཕུང་པོ་ཐམས་ཅད་ནི།སྡུད་པ་ལས།སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ།།དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་བསྟན།།ཞེས་གསུངས་པ་ལྟར།རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཚུལ་དུ་འབྱུང་ངོ༌།།
འདི་ལ་ཕྱིའི་རྟེན་འབྲེལ་དང༌།ནང་གི་རྟེན་འབྲེལ་དང༌།དེ་གཉིས་ཐུན་མོང་དུ་རྟེན་འབྲེལ་གྱི་དོན་བཤད་པ་གསུམ་མོ།།
 
ས་བཅད་དང་པོ།ཕྱིའི་རྟེན་འབྲེལ།
 
ཕྱིའི་རྟེན་འབྲེལ་ནི།གཞུང་གཞན་ནས་རྒྱུ་དང་རྐྱེན་འབྲེལ་བ་དྲུག་དྲུག་ཏུ་གཟུང་བའི་རྟེན་འབྲེལ་བཅུ་གཉིས་ཀྱི་གྲངས་མཚུངས་བར་བཤད་པ་ཡིན་ལ་འདིར་ས་ལུ་ལྗང་གི་མདོ་འགྲེལ་བཞིན་དུ་རྒྱུ་དང་འབྲེལ་བ་བདུན་དང༌།རྐྱེན་དང་འབྲེལ་བ་དྲུག་གི་ཚུལ་གྱིས་ས་བོན་ལས་མྱུ་གུ་སོགས་འབྱུང་བའི་དཔེས་མཚོན་ནས་ཤེས་བར་བྱ་སྟེ་རྒྱུ་དང་འབྲེལ་བ་ནི།ནས་ལ་སོགས་པ་རུལ་སུང་གི་སྐྱོན་མེད་པའི་ས་བོན་རྒྱུ་དང་མྱུ་གུ་སོགས་བདུན་དེ་དང་འབྲེལ་བ་ནི་རིམ་པར་མྱུ་གུ་སྔོན་པོ་དང་འདབ་མ་དང་སྡོང་པོ་དང་སྦུ་གུ་དང་སྙིང་པོ་མེ་ཏོག་དང་འབྲས་བུ་རྣམས་སྔ་མ་ལས་ཕྱི་མ་རིམ་བཞིན་སྐྱེ་བ་ཉེར་ལེན་གྱི་རྒྱུའི་དབང་དུ་བྱས་ཏེ་གསུངས་སོ།།རྐྱེན་དང་འབྲེལབ་ནི།ས་ཆུ་མེ་རླུང་ནམ་མཁལདུས་དང་དྲུག་སྟེ།རིམ་པ་ལྟར་སས་གཞི་བརྟན་པར་བྱེད་པ་དང༌།ཆུས་སྡུད་པ་དང༌།མེས་སྨིན་པ་དང༌།རླུང་གིས་འཕེལ་བ་དང༌།ནམ་མཁས་གོ་འབྱེད་པ་དང༌།དུས་ཀྱིས་ཞག་དང་ཐ་མའི་བར་དུ་རིམ་པས་འགྱུར་བར་བྱེད་དེ།ལྷན་ཅིག་བྱེད་པའི་རྐྱེན་འདི་དག་གིས་མྱུ་གུ་ནས་འབྲས་བའི་བར་དུ་བདུན་པོ་འབྱུང་བའི་གྲོགས་བྱེད་དོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号