ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ས་བཅད་ལྔ་པ།འདུ་བྱེད་ཀྱི་ཕུང་པོ།

འདུ་བྱེད་ཀྱི་ཕུང་པོ་བཤད་པ་ལ།ངོ་བོ་དང༌།དབྱེ་བ་གཉིས།
དང་པོ།ངོ་བོ།
 
འདུ་བྱེད་ཀྱི་ཕུང་པོ་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་ཏེ།སྤྱིར་རྐྱེན་རྣམས་འདུས་ཤིང་ཚོགས་ནས་བྱས་པའི་ཕྱིར་འདུ་བྱེད་དེ།ཕུང་ལྔས་བསྡུས་པའི་ཆོས་ཐམས་ཅད་འདུ་བྱེད་ཀྱི་མཚན་ཉིད་ཡིན་ཀྱང༌།འདིར་འདུ་བྱེད་ཕུང་པོ་བཞི་ལས་གཞན།།ཞེས་པ་ལྟར་གཟུགས་ཚོར་འདུ་ཤེས་རྣམ་ཤེས་ཀྱི་ཕུང་པོ་བཞི་ལས་གཞན་པའི་འདུས་བྱས་ཀྱི་རིགས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ་ལ་བརྗོད་དེ།ཀུན་བཏུས་ལས།འདུ་བྱེད་ཀྱི་མཚན་ཉིད་རྣམས་གང་ཞེ་ན།མངོན་པར་འདུ་བྱེད་པའི་མཚན་ཉིད་རྣམས་ཏེ།གང་སེམས་ཀྱི་མངོན་པར་འདུ་བྱེད་པའི་ངོ་བོས་དགེ་བའམ།མི་དགེ་བའམ།ལུང་དུ་མ་བྱས་པའམ།གནས་སྐབས་སྣ་ཚོགས་རྣམས་སུ་སེམས་འཇུག་གོ།གནས་སྐབས་སྣ་ཚོགས་རྣམས་སུ་ནི་བདེ་བ་ལ་སོགས་པའི་གནས་སྐབས་རྣམས་སུའོ།།ཞེས་དང༌།ཕུང་པོ་ལྔའི་བཤད་པ་ལས།ཚོར་བ་དང་འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་རྣམས་དང་སེམས་དང་མི་ལྡན་པ་རྣམས་སོ་ཞེས་པ་བཞིན་དང༌།ཡང་དེ་ཉིད་ལས།སེམས་ལས་བྱུང་བ་ལྔ་བཅུ་རྩ་གཅིག་ཡོད་པ་ལས་གཞན་ནི་འདུ་བྱེད་ཀྱི་ཕུངཔོ་ཞེས་ཕུང་པོ་གཅིག་ཏུ་བསྡུས་ལ་ཚོར་བ་དང་འདུ་ཤེས་གཉིས་ཅིའི་ཕྱིར་ལོགས་ཤིག་ཏུ་བཀར་ཏེ།ཕུང་པོ་རེ་རེར་ཅིའི་ཕྱིར་བཤད་ཞེ་ན།ཚོར་བ་ནི་མྱོང་བར་བྱེད་པའི་རང་བཞིན་ཏེ།དེ་ལ་དགེ་བ་དང༌།མི་དགེ་བའི་རྣམ་པར་སྨིན་པ།བདེ་བ་དང༌།སྡུག་བསྔལ་མྱོང་བར་བྱེད་པས་ན་བཀར་ཏེ་ལོགས་ཤིག་ཏུ་ཕུང་པོར་བཤད་པ་དང༌།འདུ་ཤེས་ནི་ཐ་སྙད་དུ་འདོགས་པའི་དངོས་པོ་སྟེ།འདུ་ཤེས་ཀྱི་མཐོང་བ་དང་ཐོས་པ་དང་རྟོགས་པ་ལ་སོགས་པའི་དོན་རྣམས་ལ་མཚན་མར་བཟུང་ནས་མཐོང་ངོ་ཐོས་སོ་ཞེས་འཇིག་རྟེན་པ་རྣམས་ཐ་སྙད་དུ་འདོགས་པས་ན་ལོགས་ཤིག་ཏུ་བཀར་ཏེ་ཕུང་པོ་རེ་རེར་བྱས་ཏེ་བཤད་དོ།།ཡང་ན་ཚོར་བ་དང་འདུ་ཤེས་གཉིས་ནི་རྩོད་པའི་རྩ་བ་བྱེད་པ་དང་འཁོར་བའི་རྒྱུར་གྱུར་པས།སེམས་ལས་བྱུང་བ་གཞན་པས་ཀྱང་ཉོན་མོངས་པའི་རྒྱུ་ལྷག་པར་བྱེད་པས་ན་སེམས་ལས་བྱུང་བའི་ཆོས་ཡིན་དུ་ཟིན་ཀྱང་ལོགས་ཤིག་ཏུ་ཕུང་པོ་རེ་རེར་བྱ་སྟེ་བཤད་དོ།།དེ་ལ་རྩོད་པའི་རྩ་བ་གཉིས་ཏེ།འདོད་པ་ལ་ཆགས་པ་དང་ལྟ་བ་ལ་ཆགས་པའོ།།རྩོད་པ་ཡང་ཕྱོགས་རྣམ་པ་གཉིས་ཏེ།ཁྱིམ་ན་གནས་པའི་ཕྱོགས་དང་རབ་ཏུ་བྱུང་བའི་ཕྱོགས་སོ།།
དེ་ལ་ཁྱིམ་ན་གནས་པའི་ཕྱོགས་ནི་འདོད་པ་ལ་ཆགས་པའི་རྒྱུས་རྩོད་གོ།མདོ་ལས་ཀྱང་འདོད་པའི་འདོད་ཆགས་ལ་ཆགས་ཤིང་རྣམ་པར་བཅིངས་པ་དང་རབ་ཏུ་ཞེན་པའི་རྒྱུས་ཁྱིམ་པ་རྣམས་ཀྱང་ཁྱིམ་པ་དང་ལྷན་ཅིག་རྩོད་དོ་ཞེས་གསུངས་ཏེ།དེ་ལྟར་ན་ཁྱིམ་ན་གནས་པ་རྣམས་རྩོད་པའི་རྩ་བ་ནི་ཚོར་བས་བྱེད་དོ།།
རབ་ཏུ་བྱུང་བ་རྣམས་ནི་ལྟ་བ་ཀུན་ཏུ་ཆགས་པའི་རྒྱུས་རྩོད་དེ།མདོ་ལས་ཀྱང་ལྟ་བ་ལ་ཀུན་ཏུ་ཆགས་ཤིང་རྣམ་པར་བཅིངས་པ་དང༌།ཀུན་ཏུ་ཞེན་པའི་རྒྱུས་རབ་ཏུ་བྱུང་བ་རྣམས་ཀྱང་རབ་ཏུ་བྱུང་བ་དང་ལྷན་ཅིག་རྩོད་དོ་ཞེས་གསུངས་ཏེ།རབ་ཏུ་བྱུང་བ་རྣམས་ལྟ་བ་ལས་རྩོད་པའི་རྩ་བ་ཡང་བདག་ཏུ་འཛིན་པ་དང༌།རྟག་པར་འཛིན་པ་ལ་སོགས་པའི་འདུ་ཤེས་ཕྱིན་ཅི་ལོག་ཡིན་པས་དེ་གཉིས་ལོགས་ཤིག་ཏུ་ཕུང་པོ་རེར་གཞག་གོ།འཁོར་བའི་རྒྱུ་ནི་གང་ཟག་རྣམ་པ་གཉིས་ཏེ།སྲེད་པ་ལ་སྤྱོད་པ་དང་ལྟ་བ་ལ་སྤྱོད་པའོ།།སྲེད་པ་ལ་སྤྱོད་པའི་གང་ཟག་རྣམས་ནི་ཚོར་བ་ལ་ཆགས་པའི་རྒྱུས་འཁོར་བར་འཁོར་ལ།ལྟ་བ་ལ་ཆགས་པའི་གང་ཟག་རྣམས་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ལ་སོགས་པ་འདུ་ཤེས་ཕྱིན་ཅི་ལོག་གི་རྒྱུས་འཁོར་བར་འཁོར་བས་ན།དེ་གཉིས་འཁོར་བའི་རྒྱུ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་ཕུང་པོ་རེ་རེར་བཤད་དོ།།ཞེས་གསུངས་སོ།།
དམིགས་པ་ལ་སེམས་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་སེམས་དང་མཚུངས་ལྡན་གྱི་འདུ་བྱེད་སེམས་བྱུང་རྣམས་ཏེ།སེམས་ནི་དོན་གྱི་ངོ་བོ་དང༌།སེམས་བྱུང་དོན་གྱི་ཁྱད་པར་རིག་པ་སྟེ།ཕན་ཚུན་རྟེན་དབང་པོ་དང༌།དམིགས་པ་ཡུལ་དང༌།རྣམ་པ་འཛིན་སྟངས།དུས་ཅིག་ཆར།རྫས་རིགས་འདྲ་གྲངས་མཉམ་སྟེ་མིག་ཤེས་རྫས་གཅིག་པ་ན་འཁོར་ཚོར་བའང་རྫས་གཅིག་པ་ལྟ་བུ་སྟེ་མཚུངས་པ་ལྔས་རྗེས་སུ་འབྲང་ཞིང་ལྡན་པ་ངོ་བོ་གཅིག་ལ་ལྡོག་པས་དབྱེ་བ་དང༌།མཚུངས་ལྡན་མིན་པའི་འདུ་བྱེད་ཐོབ་པ་སོགས་ལྡན་མིན་འདུ་བྱེད་རྣམས་སོ།།
དེ་ལ་ཕུང་བོ་ལྔའི་བཤད་པ་ལས།ཆོས་འདི་དག་གནས་མཉམ་པ་དང་དམིགས་པ་མཉམ་པ་དང༌།རྣམ་པ་མཉམ་པ་དང༌།དུས་མཉམ་པ་དང༌།རྫས་མཉམ་པ་སྟེ།མཉམ་པ་ལྔས་མཉམ་དུ་སྐྱེ་ཞིང་སེམས་ཀྱི་རྗེས་སུ་འབྲང་བས་ན་སེམས་དང་ལྡན་པ་ཞེས་བྱའོ།།གནས་མཉམ་པ་ནི་མིག་གི་རྣམ་པར་ཤེས་པ་མིག་གི་དབང་པོ་ལ་གནས་ཤིང་བརྟེན་ནོ།རེག་པ་ལ་སོགས་པ་དེའི་རྗེས་སུ་འབྲང་བའི་སེམས་ལས་བྱུང་བ་རྣམས་ཀྱང་མིག་གི་དབང་པོ་ཉིད་ལ་བརྟེན་ཅིང་གནས་ཀྱི་གཞན་རྣམས་ལ་མི་གནས་སོ།།དམིགས་པ་མཉམ་པ་ནི་མིག་གི་རྣམ་པར་ཤེས་པ་གཟུགས་ལ་དམིགས་ན་རེག་པ་ལ་སོགས་པ་དེའི་རྗེས་སུ་འབྲང་གི་སེམས་ལས་བྱུང་བ་རྣམས་ཀྱང་གཟུགས་ཉིད་ལ་དམིགས་ཀྱི་སྒྲ་ལ་སོགས་པ་གཞན་ལ་མི་དམིགས་སོ།།རྣམ་པ་མཉམ་པ་ནི་མིག་གི་རྣམ་པར་ཤེས་པ་སྔོན་པོའི་རྣམ་པ་ལྟ་བུར་སྐྱེས་ན་རེག་པ་ལ་སོགས་པ་དེའི་རྗེས་སུ་འབྲང་བ་ཡང་སྔོན་པོའི་རྣམ་པ་ལྟ་བུར་སྐྱེའི་སེར་པོའི་རྣམ་པ་ལྟ་བུར་མི་སྐྱེའོ།།དུས་མཉམ་པ་ནི་གང་གི་སྐད་ཅིག་མོ་ལ་མིག་གི་རྣམ་པར་ཤེས་པ་སྐྱེས་པ་དེའི་སྐད་ཅིག་མ་ཉིད་ལ་རེག་པ་ལ་སོགས་པ་སེམས་ལས་བྱུང་བའང་དེ་ཉིད་ཀྱི་སྐད་ཅིག་མ་ལ་སྐྱེའི་སྐད་ཅིག་མ་ཕྱི་མ་ལ་མི་སྐྱེའོ།།རྫས་མཉམ་པ་ནི་མིག་གི་རྣམ་པར་ཤེས་པ་རྫས་གཅིག་བྱུང་ན་རེག་པ་ལ་སོགས་པའང་རེག་པ་རྫས་གཉིས་མི་འབྱུང་གི་རེག་པའི་རྫས་གཅིག་འབྱུང་ངོ༌།།ཞེས་གསུངས་སོ།།
 
གཉིས་པ།དབྱེ་བ།
 
གཉིས་པ་ལ་མཚུངས་ལྡན་འདུ་བྱེད་དང༌།ལྡན་མིན་འདུ་བྱེད་གཉིས།
༡མཚུངས་ལྡན་འདུ་བྱེད།
འདི་ལ་མདོར་བསྟན།རྒྱས་བཤད།དོན་བསྡུ་བ་གསུམ།()མདོར་བསྟན་པ།
དེ་ཡང་སེམས་ལ་བརྟེན་ནས་བྱུང་བ་ལྔ་བཅུ་ང་གཅིག་ཡོད་ལ་ལྟ་བ་ལྔ་སོ་སོར་བརྩི་ན་ང་ལྔར་འགྱུར་རོ།
སེམས་བྱུང་ང་གཅིག་ནི་ཀུན་འགྲོ་ལྔ།ཡུལ་ངེས་ལྔ།དགེ་བ་བཅུ་གཅིགརྩ་ཉོན་དྲུག་དང༌།ཉེ་ཉོན་ཉི་ཤུ།གཞན་འགྱུར་བཞི་རྣམས་རིམ་པས་རང་རང་ས་མིང་གིས་གསལ་བ་ལྟར་ལས།ཕུང་པོ་ལྔའི་རབ་བཤད་ལས།ཀུན་ཏུ་འགྲོ་བའི་དོན་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཁམས་གསུམ་གྱི་སེམས་ཅན་གྱི་སེམས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བས་ན་ཀུན་ཏུ་འགྲོ་ཞེས་བྱའོ།།ཡང་ན་མིག་གི་རྣམ་པར་ཤེས་པ་ནས་ཀུན་གཞིའི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་བརྒྱད་ཅར་གྱི་རྗེས་སུ་འགྲོ་བས་ན་ཀུན་ཏུ་འགྲོ་བ་ཞེས་བྱའོ།།ཡང་ན་དགེ་བའི་སེམས་དང་མི་དགེ་བའི་སེམས་དང་ལུང་དུ་མ་བསྟན་པའི་སེམས་དང་ཟག་པ་མེད་པའི་སེམས་ཐམས་ཅད་ཀྱི་རྗེས་སུ་འཇུག་པས་ན་ཀུན་ཏུ་འགྲོ་ཞེས་བྱའོ།།ཡུལ་ངེས་ལྔ་ནི་ཡུལ་སོ་སོར་ངེས་པ་ཞེས་བྱ་སྟེ་ཡུལ་སོ་སོར་ངེས་ཞེས་བྱ་བ་ཡང་དེ་དག་གི་ཡུལ་སོ་སོར་ངེས་ཤིང་ཆད་པ་ཡིན་གྱི་ཡུལ་ཐམས་ཅད་དེ་དག་གི་ཡུལ་མ་ཡིན་ཞིང་ཡུལ་ཐམས་ཅད་ལ་དེ་དག་མི་འཇུག་པས་ན་ཡུལ་སོ་སོར་ངེས་པ་ཞེས་བྱའོ།།ཞེས་དང༌།བཅུ་གཅིག་ནི་དགེ་བའོ་ཞེས་དགེ་བའི་དོན་ནི་མ་དད་པ་ལ་སོགས་པ་ནག་པོའི་ཕྱོགས་ཀྱི་གཉེན་པོར་གྱུར་བ་དང༌།འདོད་མི་ཆགས་པ་དང༌།ཞེ་མི་སྡང་བ་དང༌།གཏི་མི་མུག་པའི་དགེ་བའི་རྩ་བ་དང་ལྡན་པའི་ཕྱིར་དགེ་བ་ཞེས་བྱའོ།།ཞེས་དང༌།རྩ་ཉོན་གྱིས་ལུས་དང་སེམས་ལ་སྡུག་བསྔལ་ཞིང་ཉོན་མོངས་པར་བྱེད་པ་དང༌།སེམས་དྲི་མ་ཅན་དུ་བྱེད་པས་ན་ཉོན་མོངས་པ་ཞེས་བྱའོ།།ལྷག་མ་ནི་ཉེ་བའི་ཉོན་མོངས་པའོ་ཞེས་བྱ་བ་ལ་ཁྲོ་བ་ནས་བརྩམས་ཏེ།ཤེས་བཞིན་མེད་པའི་བར་དུ་ལྷག་མ་ཉི་ཤུ་ནི་ཉེ་བའི་ཉོན་མོངས་པ་ཞེས་བྱ་སྟེ།ངན་སྐྱུགས་དང་དེ་ལས་བྱུང་བ་དང་འདྲ་བར་ཉོན་མོངས་པ་ལས་གྱེས་ཤིང་བྱུང་བས་ན་ཉོན་མོངས་པ་ཞེས་བྱའོ།།ངན་སྐྱུགས་ལྟ་བུར་གྱུར་བ་ནི་ཉོན་མོངས་པ་དྲུག་གོ།དེ་ལས་བྱུང་བའི་ཁུ་བ་ལྟ་བུ་ནི་ལྷག་མ་ཉི་ཤུའོ།།ཡང་ན་ཉི་ཤུ་པོ་དེ་དག་ཉོན་མོངས་པ་དྲུག་གི་ཡན་ལག་ཏུ་གཏོགས་པ་དང༌།ཉོན་མོངས་པ་དྲུག་བཞིན་དུ་ལས་དང་སེམས་ལ་གནོད་པ་བྱེད་ཅིང་སེམས་དྲི་མ་ཅན་དུ་བྱེད་པས་ན་ཉེ་བའི་ཉོན་མོངས་པ་ཞེས་བྱའོ།།གཞན་དུ་ཡང་ངོ་བཞི་ནི་དེ་བཞི་ལ་ཉེ་བའི་ཉོན་མོངས་པ་འབའ་ཞིག་གི་རང་བཞིན་ཡིན་པར་མ་ཟད་ཀྱི།དགེ་བའི་རང་བཞིན་ཡང་ཡོད།།མི་དགེ་བའི་རང་བཞིན་ཡང་ཡོད།ལུང་དུ་མ་བསྟན་པའི་རང་བཞིན་ཡང་ཡོད་པས་ན་གཞན་དུ་ཡང་ངོ་ཞེས་བྱའོ།།ཞེས་གསུངས་སོ།།
( )རྒྱས་པར་བཤད་པ།
ཀ༡ཀུན་འགྲོ་ལྔ།
ཀུན་འགྲོ་ལྔ་ནི།ཚོར་བ།འདུ་ཤེས། ཁེམས་པ།རེག་པ་ཡིད་ལ་བྱེད་པ་རྣམས་སོ།།ཚོར་བ་དང་འདུ་ཤེས་གཉིས་སྔར་བཤད་ཟིན་པ་ལྟར་ཤེས་པར་བྱ་ལ།འདིར་དེའི་ལྷག་མ་རྣམས་བཤད་དོ།།
ཁ༡སེམས་པ།
སེམས་པའི་ངོ་བོ་ནི།མངོན་པ་ཀུན་ལས་བཏུས་ལས།སེམས་པ་གང་ཞེ་ན།སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ།དགེ་བ་དང༌།མི་དགེ་བ་དང༌།ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ།ཞེས་དང༌།ཕུང་པོ་ལྔའི་རབ་བཤད་ལས།སེམས་པ་གང་ཞེ་ན།ཡོན་ཏན་དང་ཉེས་པ་དང་གཉི་ག་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སྟེ།དེ་ལ་དགེ་བའི་ཆོས་རྣམས་ནི་ཡོན་ཏན་ནོ།།མི་དགེ་བའི་ཆོས་རྣམས་ནི་ཉེས་པ་ཞེས་བྱའོ།།ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་ནི་གཉི་ག་མ་ཡིན་པ་ཞེས་བྱའོ།།སེམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི་སེམས་གཡོ་བར་བྱེད་འགུལ་བར་བྱེད་ཅེས་པའི་དོན་ཏེ།སེམས་འདི་ཅིའང་མི་བྱེད་ཅིང་མི་གཡོ་བ་ཡིན་ན་སེམས་པ་ཞེས་བྱ་བ་སེམས་ལས་བྱུང་བས་བསྐྱོད་ནས།སེམས་དགེ་བ་ལ་་ཡང་མངོན་པར་འདུ་བྱེད་ཅིང་དགེ་བ་བྱེད་པ་ལ་ཡང་འཇུགསེམས་མི་དགེ་བ་ལ་ཡང་མངོན་པར་འདུ་བྱེད་ཅིང་མི་དགེ་བ་བྱེད་པ་ལ་ཡང་འཇུགསེམས་ལུང་དུ་མ་བསྟན་པ་ལ་ཡང་མངོན་པར་འདུ་བྱེད་ཅིང་ལུང་དུ་མ་བསྟན་པ་ལ་ཡང་འཇུག་པར་བྱེད་པ་ནི་སེམས་པ་ཞེས་བྱ།ཡང་ན་དགེ་བའི་ཆོས་རྣམས་ལ་ནི་སེམས་ཡོན་ཏན་ཅན་དུ་སེམས་ཤིང་ལྟ་བ་དང་ལྟ་བ་དང་གཉི་ག་མ་ཡིན་སྟེ།ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་ནི་ཡོན་ཏན་ཅན་དང་ཉེས་པ་ཅན་གཉི་གར་མི་སེམས་མི་ལྟ་བར་བྱེད་པ་ནི་སེམས་པ་ཞེས་བྱའོ།།ཞེས་གསུངས་པ་ལྟར།རང་དང་མཚུངས་ལྡན་གྱི་སེམས་ཡུལ་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་བྱུང་ཞིག་ལ་སེམས་པ་ཞེས་བརྗོད་དོ།།སེམས་བྱུང་ཐམས་ཅད་ཀྱི་ནང་ནས་འདི་གཙོ་ཆེ་བར་གསུངས་ཏེ།སེམས་སེམས་བྱུང་གང་ཡང་ཡུལ་ལ་འཇུག་པར་བྱེད་པ་སེམས་བྱུང་འདིའི་མཐུ་ཡིན་པར་གསུངས་སོ།།དཔེར་ན་རྡོ་ཁབ་ལེན་གྱིས་ལྕགས་རང་དབང་མེད་པར་གཡོ་བ་ལྟར།སེམས་བྱུང་སེམས་པ་འདིས་སེམས་རང་དབང་མེད་པར་ཡུལ་ལ་འཇུག་པར་བྱེད་གོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号