ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ཀ༡༡མི་རྟག་པ།
མི་རྟག་པ་ནི་རྒྱུན་འཇིག་པའོ།ཀུན་བཏུས་ལས།མི་རྟག་པ་ཉིད་གང༌།རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་འཇིག་པ་ལ་མི་རྟག་པ་ཉིད་ཅེས་གདགས་སོ།།རྒྱུན་འཇིག་པ་ནི་འཆི་བར་རིག་པར་བྱའོ།།ཞེས་གསུངས་སོ།།སྐྱེ་བ་དང་གནས་པ།རྒ་བ།མི་རྟག་པ་བཞི་ལ་འདུས་བྱས་སུ་མཚོན་པའི་མཚན་ཉིད་བཞི་ཞེས་བྱའོ།།དེ་ཡང་ཀུན་བཏུས་ལས།སྐྱེ་བ་ལ་སོགས་པ་འདི་དག་ནི་སྐད་ཅིག་རེ་རེ་ལ་རིག་པར་མི་བྱ་སྟེ།འོན་ཀྱང་རྒྱུན་གྱི་གནས་སྐབས་ལ་བྱའོ།།ཞེས་གསུངས་སོ།།
ཀ༡༢མིང་གི་ཚོགས།
མིང་གི་ཚོགས་ནི་ཀ་བུམ་སོགས་དོན་གྱི་ངོ་བོ་ཙམ་བརྗོད་པའི་བརྡའོ།།འདི་ལ་ཀུན་བཏུས་ལས།ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་ལ་མིང་གི་ཚོགས་རྣམས་ཞེས་གདགས་སོ།།ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་ནི་མིག་དང༌།རྣ་བ་དང༌།ལྷ་དང་མི་ཞེས་པ་ལ་སོགས་པ་ལྟ་བུའོ།།ཞེས་གསུངས་སོ།།
ཀ༡༣ཚིག་གི་ཚོགས།
ཚིག་གི་ཚོགས་ནི་ཀ་བུམ་སོགས་དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ཏེ་བུམ་པ་མི་རྟག་པ་ལྟ་བུར་སྟོན་པར་བྱེད་པའི་བླ་དྭགས་སོ།།ཀུན་བཏུས་ལས།ཚིག་གི་ཚོགས་རྣམས་གང༌།ཚོགས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དྭགས་ལ་ཚིག་གི་ཚོགས་རྣམས་ཞེས་གདགས་སོ།ཁྱད་པར་གྱི་ཚིག་བླ་དྭགས་ནི་འདུས་བྱས་ཀུན་མི་རྟག་པ་དང༌།སེམས་ཅན་ཐམས་ཅད་འཆི་བར་འགྱུར་ཞེས་པ་ལྟ་བུ་ལ་སོགས་པའོ།།ཞེས་གསུངས།།
ཀ༡༤ཡི་གེའི་ཚོགས།
ཡི་གེའི་ཚོགས་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་ཡིག་འབྲུ་ཨ་ལ་སོགས་པའོ།།ཀུན་བཏུས་ལས།གསལ་བྱེད་ཀྱི་ཚོགས་རྣམས་གང༌།དེ་གཉི་ཀའི་གནས་ཀྱིས་འགྱུར་མེད་རྣམས་ལ་འགྱུར་ཚོགས་རྣམས་ཞེས་གདགས་སོ།།དེ་གཉི་ཀའི་གནས་རྣམས་ལ་ཞེས་པ་ནི་ངོ་བོ་ཉིད་དང༌།ཁྱད་པར་གྱི་ཚིག་བླ་དྭགས་རྣམས་ཀྱིས་གནས་འགྱུར་མེད་ནི་ཨ་དང༌།ཨི་དང༌།ཨུ་ཞེས་པ་ལྟ་བུ་ལ་སོགས་པ་རྣམས་སོ།།ཐམས་ཅད་ནི་འདི་ཙམ་དུ་ཟད་དེ།འདི་ལྟ་སྟེ།ངོ་བོ་ཉིད་དང༌།ཁྱད་པར་དང༌།དེ་གཉི་གའི་ཐ་སྙད་དོ།།དེ་ཐམས་ཅད་ནི་འདི་དག་གི་ཐ་སྙད་འདོགས་ཏེ།དེའི་ཕྱིར་མིང་དང་ཚིག་དང༌།གསལ་བྱེད་ཀྱི་ཚོགས་འདི་དག་རྣམ་པར་གཞག་གོ།གསལ་བྱེད་ནི་གསལ་བའི་དོན་ཏེ།དེ་གཉི་ཀ་གསལ་བར་བྱེད་པའི་ཕྱིར་རོ།།ཉེ་བར་བརྗོད་པ་ཡང་དེ་ཡིན་ཏེ།དོན་ཡང་དག་པར་བརྗོད་པའི་ཕྱིར་རོ།ཡང་འགྱུར་མེད་ཉིད་རྣམ་གྲངས་ཀྱིས་མི་འགྱུར་བར་ཉེ་བར་བརྗོད་པའི་ཕྱིར་རོ།།རྣམ་གྲངས་ཀྱིསམིའགྱུར་བ་ནི་དཔེར་ན།མིག་ནི་མིག་ཅེས་པའི་རྣམ་གྲངས་དེ་ལས་གཞན་པ་འདྲེན་བྱེད་དང༌།གསལབྱེད་དང༌།ཁྲིད་བྱེད་དང༌།ལྟ་བ་ལ་སོགས་པའི་རྣམ་གྲངས་གཞན་དུའང་འགྱུར་ཏེ།དེ་རྣམས་ཀྱང་དེའི་མིང་ཉིད་ཡིན་པའི་ཕྱིར་རོ།།དེ་བཞིན་དུ་བུམ་པ་དང༌།ཨི་ཞེས་པའི་འགྱུར་མེད་འདི་ནི།ཨ་དང༌།ཨི་ཞེས་པའི་རྣམ་གྲངས་འདི་མ་གཏོགས་པར་རྣམ་གྲངས་གཞན་གྱིས་བསྟན་པར་མི་ནུས་པར་ཤེས་པར་བྱ་སྟེ།དེའི་ཕྱིར་རྣམ་གྲངས་གཞན་གྱིས་མི་འགྱུར་བས་ན་འགྱུར་མེད་ཉིད་དོ།།འགྱུར་བ་ནི་ཡང་འགྲོ་བར་རིག་པར་བྱའོ།།ཞེས་གསུངས་སོ།།
འདི་གསུམ་སྐད་གདངས་ཀྱིས་བསྡུས་ན་ཡང་ཡི་གེའི་སྒྲ་ཙམ་དང་མི་འདྲ་བའི་མིང་གི་སྒྲས་དོན་གྱི་ངོ་བོ་ཙམ་དང༌།ཚིག་གིས་ནི་ཐམས་ཅད་རིག་པར་བྱེད་པའི་ཁྱད་པར་སེམས་ཀྱི་བརྡར་བཏགས་ནས་བརྗོད་བྱའི་དོན་ལུང་སྟོན་པ་སོགས་ཀྱི་ནུས་པ་ཅན་འདུ་བྱེད་ཀྱི་ཆོས་སུ་གཏོགས་པའོ།།
མངོན་པ་མཛོད་ལས་བཅུ་བཞི་པོ་འདི་ཙམ་གསུངས་ཤིང༌།མངོན་པ་ཀུན་བཏུས་ལས་སྔ་མ་བཅུ་བཞིའི་སྟེང་དུ་སོ་སོའི་སྐྱེ་བོ་དང་འཇུག་པ་སོགས་བསྣན་པས་ཉེར་བཞི་བསྟན་ཡོད་དོ།།
ཀ༡༥སོ་སོའི་སྐྱེ་བོ།
སོ་སོའི་སྐྱེ་བོ་ནི་འཕགས་པའི་ཆོས་ཀྱི་ཁྱད་པར་གང་ཡང་མ་ཐོབ་པ་ལས་སོ་སོའི་དབང་གིས་འགྲོ་བ་ཐདད་དུ་སྐྱེ་བས་དེ་སྐད་ཅེས་བྱའོ།།འདི་ནི་བེམ་ཤེས་ལྡན་པ་ལ་བཏགས་པའི་གང་ཟག་གི་བྱེ་བྲག་གོ།
ཀ༡༦འཇུག་པ།
འཇུག་པ་རྒྱུ་འབྲས་ལ་བཏགས་པའི་ཆ་མཐུན་ནི་ཕྱི་ནང་གི་རྒྱུ་དང་འབྲས་བུ་སྐད་ཅིག་ཙམ་ཡང་རྒྱུན་མི་འཆད་པར་འཇུག་པའོ།།ཀུན་བཏུས་ལས།འཇུག་པ་གང༌།རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པ་ལ་འཇུག་པ་ཞེས་གདགས་སོ།རྒྱུན་འཆད་པ་ལ་འཇུག་པ་རྣམ་པར་གཞག་སྟེ།སྐད་ཅིག་གཅིག་ཏུའམ་རྒྱུན་འཆད་པ་ལ་དེ་ཉེ་བར་འདོགས་པ་མེད་པའི་ཕྱིར་རོ།ཞེས་གསུངས་སོ།།
༡༧སོ་སོར་ངེས་པ།
རྒྱུ་དགེ་སྡིག་ཐ་དད་པ་ལས་འབྲས་བུ་བདེ་སྡུག་ཐ་དད་དུ་ཆོས་ཉིད་སོ་སོར་ངེས་པ་ནི་རྒྱུདང་འབྲས་བུ་ཐ་དད་པའོ།།ཀུན་བཏུས་ལས།སོ་སོར་ངེས་པ་གང༌།རྒྱུ་དང་འབྲས་བུ་ཐ་དད་པ་ལ་སོགས་པ་ལ་སོ་སོར་ངེས་པ་ཞེས་གདགས་སོ།།རྒྱུ་དང་འབྲས་བུ་ཐ་དད་པ་འདོད་པ་ནི་ལེགས་པར་སྤྱད་པའོ།།མི་འདོད་པ་ནི་ཉེས་པར་སྤྱད་པ་ཞེས་པ་ལྟ་བུ་ལ་སོགས་པ་སྟེ།འབྲས་བུ་སོ་སོ་བ་རྣམས་ནི་རྒྱུ་སོ་སོ་བ་གཞན་ཉིད་དོ།ཞེས་གསུངས་སོ།།
ཀ༡༨འབྱོར་འབྲེལ།
འབྱོར་འབྲེལ་བ་ནི་སྦྱིན་པས་ལོངས་སྤྱོད།ཚུལ་ཁྲིམས་ཀྱིས་མཐོ་རིས་ལྟ་བུ་རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པའོ།།ཀུན་བཏུས་ལས།སྦྱོར་བ་གང༌།རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པ་རྣམས་ལ་སྦྱོར་བ་ཞེས་གདགས་སོ།རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པ་ནི་གཞན་ཡིན་དུ་ཟིན་ཀྱང༌།གང་གིས་འབྲས་བུར་གང་འོས་པ་སྟེ།འདི་ལྟར་སྦྱིན་པས་ནི་ལོངས་སྤྱོད་ཕུན་སུམ་ཚོགས་ཞེས་པ་ལྟ་བུ་ལ་སོགས་པའོ།།
ཞེས་སོ།།
ཀ༡༩མགྱོགས་པ།
མགྱོགས་པ་ནི་སྐད་ཅིག་སྔ་ཕྱི་ལྟ་བུ་རྒྱུ་དང་འབྲས་བུ་མྱུར་བར་བྱུང་བའོ།།འདི་ལ་ཀུན་བཏུས་ལས།མགྱོགས་པ་གང༌།རྒྱུ་དང་འབྲས་བུ་མྱུར་བར་འབྱུང་བ་ལ་མགྱོགས་པ་ཞེས་གདགས་སོ།།ཞེས་གསུངས།
ཀ༢༠གོ་རིམ།
གོ་རིམ་ནི་རྒྱུ་སྔར་བྱུང་ལ་འབྲས་བུ་ཕྱིས་འབྱུང་བས་རྒྱུ་དང་འབྲས་བུ་རེ་རེ་ནས་རིམ་བཞིན་བྱུང་བའོ།།ཀུན་བཏུས་ལས།གོ་རིམ་གང༌།རྒྱུ་དང་འབྲས་བུ་རེ་རེ་ནས་འབྱུང་བ་ལ་གོ་རིམ་ཞེས་གདགས་སོ།།རེ་རེ་ནས་འབྱུང་བ་ན་ཅིག་ཆར་མི་འབྱུང་བར་རིག་པར་བྱའོ།།ཞེས་གསུངས་སོ།།
ཀ༢༡དུས།
དུས་ནི་རྒྱུ་དང་འབྲས་བུ་བྱུང་སྟེ་འགགས་པ་འདས་པའི་དུས།མ་བྱུང་བ་མ་འོང་བ།བྱུང་སྟེ་མ་འགགས་པ་ད་ལྟའི་དུས་ཏེ་རྒྱུན་དུ་འབྱུང་བའི་ཡུན་གྱི་གནས་སྐབས་སོ།།
ཀ༢༢ཡུལ།
ཡུལ་ནི་གང་ནས་ཉི་མ་འཆར་བ་ཤར་དང༌།དེ་ལ་མངོན་དུ་ཕྱོགས་པའི་གཡས་ནི་ལྷོ།གང་དུ་ཉི་མ་ནུབ་པ་ནུབ་དང༌།དེ་ལ་རྒྱབ་ཀྱིས་ཕྱོགས་པའི་གཡོན་ནི་བྱང་དང༌།དེ་དག་གི་ཤུགས་ལས་མཚམས་བཞི་ཡང་བསྟན་ཏེ་སྟེང་འོག་དང་ཕྱོགས་བཅུ་པོ་ཐམས་ཅད་ན་གཟུགས་ཅན་གྱིས་བསྡུས་པའི་རྒྱུ་དང་འབྲས་བུ་ཡོད་པ་ལས་བཏགས་པའོ།།ཀུན་བཏུས་ལས།ཡུལ་གང༌།ཤར་དང༌།ལྷོ་དང༌།ནུབ་དང༌།བྱང་དང༌།འོག་དང༌།སྟེང་དང༌།ཕྱོགས་བཅུ་ཐམས་ཅད་ཀྱི་རྒྱུདང་འབྲས་བུ་ཉིད་ལ་ཡུལ་ཞེས་གདགས་སོ།།རྒྱུ་དང་འབྲས་བུ་ཕྱོགས་ལ་ཁྱབ་པ་དང༌།ཡུལ་ཉེ་བར་གདགས་ཏེ།གཟུགས་ཅན་མ་ཡིན་པ་ནི་ཕྱོགས་ལ་ཁྱབ་པར་བྱེད་པའི་མཐུ་མེད་པས་རྒྱུ་དང་འབྲས་བུ་ནི་འདིར་གཟུགས་སུ་བསྡུས་པར་རིག་པར་བྱའོ།།ཞེསགསུངསསོ།།
ཀ༢༣གྲངས།
གྲངས་ནི་འདུ་བྱེད་རྣམས་སོ་སོར་ཐ་དད་པ་ལ་གཅིག་བཅུ་སོགས་བགྲང་ཏེ་བཞག་པའོ།ཀུན་བཏུས་ལས།གྲངས་གང༌།འདུ་བྱེད་རྣམས་ཀྱི་སོ་སོའི་ཆའི་དབྱེ་བ་ལ་གྲངས་ཞེས་གདགས་སོ།།སོ་སོའི་དབྱེ་བ་ཞེས་པ་ནི།ཐ་དད་པ་མ་ཡིན་པ་བདག་ཉིད་གཅིག་པ་ལ་གཉིས་དང་གསུམ་ལ་སོགས་པའི་གྲངས་མི་འཐད་པའི་ཕྱིར་རོ།།ཞེས་གསུངས།
ཀ༢༤ཚོགས་པ།
ཚོགས་པ་ནི་དབང་ཤེས་སྐྱེད་པ་ལ་ཡུལ་དབང་ཡིད་བྱེད་གསུམ་ཚོགས་པ་ལྟ་བུ་རྒྱུ་དང་འབྲས་བུའི་རྐྱེན་འདུས་པའི་གནས་སྐབས་ལས་སོ།།ཀུན་བཏུས་ལས།ཚོགས་པ་གང༌།རྒྱུ་དང་འབྲས་བུ་རྐྱེན་ལས་བྱུང་བ་ལ་ཚོགས་པ་ཞེས་གདགས་སོ།།རྒྱུ་དང་འབྲས་བུའི་རྐྱེན་རྣམས་ཚོགས་པ་ནི་འདི་ལྟ་སྟེ།རྣམ་པར་ཤེས་པ་ཞེས་པའི་རྒྱུ་འབྲས་ནི་དབང་པོ་མ་ཉམས་པ་དང༌།ཡུལ་སྣང་བར་གྱུར་པ་དང༌།དེ་སྐྱེད་པའི་ཡིད་ལ་བྱེད་པ་ཉེ་བར་གནས་པ་སྟེ།དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ།།ཞེས་གསུངས་སོ།།
དེ་ལྟར་ན་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཆོས་རྣམས་ནི་གནས་སྐབས་དག་ལ་བརྟགས་པའི་ཕྱིམཐམས་ཅད་ཀྱང་བརྟགས་ཡོད་དུ་རིག་པར་བྱའོ།།དེ་ལ་དགེ་བ་དང་མི་དགེ་བ་ལ་སོགས་པ་འཕེལ་བ་དང་འགྲིབ་པའི་གནས་སྐབས་ལ་ནི་གཅིག་གོ།སེམས་དང་སེམས་ལས་བྱུང་བ་མི་འབྱུང་བའི་གནས་སྐབས་ལ་ནི་གསུམ་མོ།།གནས་པ་དང་འདྲ་བའི་གནས་སྐབས་ལ་ནི་རེ་རེའོ།།མཚན་ཉིད་ཀྱི་གནས་སྐབས་ལ་ནི་བཞིའོ།།ཐ་སྙད་ཀྱི་གནས་སྐབས་ལ་ནི་གསུམ་མོ།།མ་རྙེད་པའི་གནས་སྐབས་ལ་ནི་གཅིག་གོ།རྒྱུ་དང་འབྲས་བུའི་གནས་སྐབས་ལ་ནི་ལྷག་མ་རྣམས་སོ།།རྒྱུ་དང་འབྲས་བུ་ཡང་འདིར་འདུས་བྱས་ཐམས་ཅད་དུ་རིག་པར་བྱ་སྟེ་དེ་ལས་གཞན་འབྱུང་བའི་རྒྱུའོ།།གཞན་ལས་དེ་འབྱུང་བས་འབྲས་བུའོ།།
()ལྡན་མིན་འདུ་བྱེད་ཀྱིས་མཚོན་ཏེ་ཤེས་པར་བྱ་བ།
ཉེར་བཞི་པོ་འདི་དག་གིས་མཚོན་ནས་གནས་བཅུ་བསྟོན་པའི་མདོར་མི་ལྡན་པའི་འདུ་བྱེད་བདུན་བརྒྱ་བཀའ་བསྩལ་བ་སོགས་བེམ་ཤེས་ཀྱི་གནས་སྐབས་ལ་བཏགས་པའི་ཆོས་འདུས་བྱས་སུ་བསྡུ་དགོས་ལ་བེམ་ཤེས་གང་རུང་དུ་བསྡུར་མི་འོས་པ་དུ་མ་ཡོད་པ་ཤེས་པར་བྱའོ།།
 
(རྟ་མགྲིན་རྒྱལ།ཚེརི་རྣམ་རྒྱལ།)
 
བསམས་གཞིགས།
༡སེམས་བྱུང་ང་གཅིག་ལས་ཚོར་བ་དང་འདུ་ཤེས་གཉིས་ལོགས་སུ་ཕུང་པོ་རེར་བཞག་དོན་ཅི།
༢མཚུངས་ལྡན་འདུ་བྱེད་དང་ལྡན་མིན་འདུ་བྱེད་གཉིས་ཀྱི་ཁྱད་པར་ཅི།
༣ཀུན་འགྲོ་ལྔ་ཞེས་པའི་དོན་ཅི།གང་དག་ཡིན།
༤སེམས་བྱུང་སེམས་པ་དེ་གང་འདྲ་ཞིག་ཡིན་ནམ།
༥འདུན་པ་དང་འདོད་པ་གཉིས་ཀྱི་ཁྱད་པར་ཅི།
༦མོས་དང༌།དད་པ་དང༌།དགའ་བ་དང༌།གུས་པ་བཅས་ཀྱི་ཁྱད་པར་ཅི།
༧དད་པ་ལ་དབྱེ་ན་གང༌།དེ་དག་གི་ཁྱད་པར་ཅི།
༨ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་གཉིས་ཀྱི་ཁྱད་པར་ཅི།
༩ རྩ་ཉོན་དང་ཉེ་ཉོན་གཉིས་ཀྱི་ཁྱད་པར་ཅི།
༡༠མ་རིག་པ་ཞེས་པ་དེ་ཅི།
༡༡ཁོང་ཁྲོ་དང༌།ཁྲོ་བ།ཁོན་དུ་འཛིན་པ།འཚིག་པ་ཟ་བ་བཅས་ཀྱི་ཁྱད་པར་ཅི།
༡༢འདོད་ཆགས།ཞེ་སྡང༌།གཏི་མུག་སྟེ་དུག་གསུམ་གྱི་དོན་ཅི།
༡༣ང་རྒྱལ་ཞེས་པ་ཅི།དེ་ལ་དབྱེ་ན་དུ།སོ་སོའི་དོན་གང་ལྟར་ཡིན་ནམ།
༡༤ལྟ་བ་ཉོན་མོངས་ཅན་ཞེས་པ་ཅི།དེ་ལ་དབྱེ་ན་དུ་ཡོད།
༡༥གཡོ་དང་སྒྱུ་གཉིས་ཀྱི་ཁྱད་པར་ཅི།
༡༦རྨུགས་རྒོད་གཉིས་ཀྱི་ཁྱད་པར་ཅི།
༡༧ལེ་ལོ་དང་རྣམ་པར་གཡེང་པ་གཉིས་ཀྱི་ཁྱད་པར་ཅི།
༡༨གཞན་འགྱུར་བཞི་ཞེས་པའི་དོན་ཅི།
རྟོག་དཔྱོད་གཉིས་ཀྱི་ཁྱད་པར་གང༌།
༢༠ལྡན་མིན་འདུ་བྱེད་ཅེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号