(༢)ལྡན་མིན་འདུ་བྱེད་ཀྱི་དབྱེ་བ།
ལྡན་མིན་འདུ་བྱེད་དེ་གང་ཞེ་ན།ཐོབ་པ་དང༌།མ་ཐོབ་པ་དང༌།འདུ་ཤེས་མེད་པའི་སྙོམས་འཇུག་དང༌།འགོག་པའི་སྙོམས་འཇུག་དང༌།འདུ་ཤེས་མེད་བ་དང༌།སྲོག་གི་དབང་པོ་དང༌།སྐལ་མཉམ་མམ་རིས་མཐུན་པ་དང༌།སྐྱེ་བ་དང༌།རྒ་བ་དང༌།གནས་པ་དང༌།མི་རྟག་པ་ཉིད་དང༌།མིང་གི་ཚོགས་རྣམས་དང༌།ཚིག་གི་ཚོགས་རྣམས་དང༌།ཡི་གེའི་ཚོགས་རྣམས་དང༌།སོ་སོའི་སྐྱེ་བོ་ཉིད་དང༌།འཇུག་པ་དང༌།སོ་སོར་ངེས་པ་དང༌།སྦྱོར་བ་དང༌།མགྱོགས་པ་དང༌།གོ་རིམས་དང༌།དུས་དང༌།ཡུལ་དང༌།གྲངས་དང༌།ཚོགས་པའོ།།
ཀ༡ཐོབ་པ།
ཐོབ་པ་གང་ཞེ་ན།གང་ཟག་རང་གི་རྒྱུད་ལ་དགེ་མི་དགེ་ལུང་མ་བསྟན་གྱི་ཆོས་གང་ཞིག་སྡོམ་པ་ལྟ་བུ་སྔར་མེད་གསར་དུ་ཐོབ་པ་དང༌།ཐོབ་པ་དེའི་རྒྱུན་ལྡན་པ་ལ་ཐོབ་པ་ཞེས་བྱ་སྟེ།དེ་གང་ཟག་གི་རྒྱུད་དུ་གཏོགས་པའི་ཆོས་ཡིན་ལ་འདུས་བྱས་ཀྱང་ཡིན་པས་ལྡན་མིན་འདུ་བྱེད་ཅེས་བྱའོ།།འདི་ལ་ཀུན་བཏུས་ལས།སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ནི་གནས་དང༌།རང་བཞིན་དང༌།བཏགས་པས་བཤད་པར་རིག་པར་བྱའོ།།འདུ་ཤེས་མེད་པའི་སྙོམས་འཇུག་དང༌།འགོག་པའི་སྙོམས་འཇུག་ནི་ས་དང༌།ཡིད་ལ་བྱེད་པ་དང༌།གནས་དང༌།འདུ་ཤེས་སྔོན་དུ་འགྲོ་བ་ཅན་རྣམས་ཀྱིས་ཀྱང་བཤད་པར་བྱའོ།།ཞེས་གསུངས་པ་བཞིན་འཆད་པར་བྱ་སྟེ།དེ་ཉིད་ལས།ཐོབ་པ་གང༌།དགེ་བ་དང༌།མི་དགེ་བ་དང༌།ལུང་དུ་མ་བསྟན་པའི་ཆོས་རྣམས་འཕེལ་བ་དང༌།འགྲིབ་པ་ལ་ཐོབ་པ་དང༌།རྙེད་པ་དང་ལྡན་པ་ཞེས་གདགས་སོ།།དེ་ལ་དགེ་བ་དང་མི་དགེ་བ་དང༌།ལུང་དུ་མ་བསྟན་པའི་ཆོས་རྣམས་ཤེས་པས་ནི་གནས་བསྟན་ཏོ།།འཕེལ་བ་དང་འགྲུབ་པ་ཞེས་པས་ནི་རང་བཞིན་བསྟན་པ་སྟེ།འདི་ལྟར་འཕེལ་བ་ཆེན་པོ་ཡོད་པ་ཙམ་གྱིས་དད་པ་ཆེན་པོ་ལ་སོགས་པ་དང་ལྡན་པ་ཞེས་བརྗོད་དོ།།འགྲིབ་པ་ཡོད་ན་ཆུང་ངུ་རྣམས་ཀྱི་ཕྱིར་རོ།ཐོབ་པ་དང་རྙེད་པ་དང་ལྡན་ཞེས་གདགས་སོ་ཞེས་པས་ནི་བཏགས་པ་བསྟན་པའོ།།ཞེས་གསུངས་པ་བཞིན་ནོ།།
ཀ༢མ་ཐོབ་པ།
དགེ་སོགས་རང་བརྒྱུད་ལ་ཐོབ་པ་ལས་ཉམས་ཏེ་འགྲིབ་པར་གྱུར་བ་ལམ་ཐོབ་པ་ཞེས་བྱའོ།
ཀ༣སྐལ་མཉམ་མམ་རིས་མཐུན།
སེམས་ཅན་ལྷ་མི་སོགས་སོ་སོའི་རིས་སུ་སྐྱེས་ཏེ་རིགས་གཟུགས་སོགས་སྐལ་བ་མཉམ་པའི་ཆོས་དེ་ལ་དཔེར་ན་མི་མི་རྣམས་དང་འདྲ་བ་ལ་བཏགས་པ་ལྟ་བུའི་སྐལ་མཉམ་མམ་རིས་མཐུན་པ་ཞེས་བྱའོ།།ཀུན་བཏུས་ལས།རིས་མཐུན་པ་གང༌།སེམས་ཅན་གྱི་རིས་དེ་དང་དེར་སེམས་ཅན་དེ་དང༌།དེ་དག་གི་རིས་འགྲང་བ་ལ་རིས་མཐུན་པ་ཞེས་གདགས་སོ།།སེམས་ཅན་གྱི་རིས་དེ་དང་དེར་ཞེས་པ་ནི་ལྷ་དང་མི་ལ་སོགས་པའི་སེམས་ཅན་གྱི་རིས་རྣམས་སོ།།རིས་འདྲ་བ་ཞེས་པ་ནི་སྐྱེ་བ་གཅིག་པ་རྣམས་སོ།ཞེས་གསུངས་པ་བཞིན་ནོ།།
ཀ༤འདུ་ཤེས་མེད་པའི་སྙོམས་འཇུག
འདུ་ཤེས་མེད་པའི་སྙོམས་འཇུག་ནི་བསམ་གཏན་གསུམ་པའི་གནས་གསུམ་གྱི་ཡང་ཐོག་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ་ཁམས་གོང་མ་བསམ་གཏན་བཞི་པའི་འདོད་ཆགས་དང་མ་བྲལ་པ་རྟེན་སོ་སྐྱེ་ཞིག་གིས་འདུ་ཤེས་མེད་པའི་གནས་དེ་གཏན་གྱི་ཐར་བ་མྱང་འདས་ཡིན་པར་རློམ་ནས་དེ་ཐོབ་འདོད་ཀྱི་ཡིད་ལ་བྱེད་པའི་སྒོ་ནས་སེམས་སེམས་བྱུང་བརྒྱལ་བ་སོགས་ཀྱི་སྐབས་སུ་མེད་ཅིང་རེས་འགའ་བར་གྱུར་པས་རྒྱུན་བརྟན་པ་མ་ཡིན་པ་འཇུག་ཤེས་དྲུག་པོ་རྣམས་གནས་སྐབས་སུ་འགོག་པར་བྱེད་པ་སྟེ།སེམས་སེམས་བྱུང་ཁེགས་པའི་གནས་སྐབས་དེ་ལྟ་བུ་སྙོམས་འཇུག་གི་ནུས་པས་སྔོན་མེད་གསར་དུ་ཐོབ་ཅིང་ཡང་སྙོམས་འཇུག་དེ་ལས་ལྡངས་ཏེ་འགག་པའི་ཕྱིར་སྐྱེ་འགག་ཡོད་ཀྱང་དེ་བེམ་ཤེས་གང་ཡང་མ་ཡིན་པའི་ཆོས་ཡིན་པས་ལྡན་མིན་འདུ་བྱེད་དུ་བཞག་གོ།འདི་ལ་ཀུན་བཏུས་ལས།འདུ་ཤེས་མེད་པའི་སྙོམས་འཇུག་གང༌།དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་སྟེང་མའི་འདོད་ཆགས་དང་མ་བྲལ་བའི་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བ་ཡིད་ལ་བྱེད་པས།སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་འགོག་པ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་ཅེས་གདགས་སོ།།དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་ཞེས་པ་ནི་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བའོ།།སྟེང་མའི་འདོད་ཆགས་དང་མ་བྲལ་ཞེས་པ་ནི་བསམ་གཏན་བཞི་པའི་འདོད་ཆགས་དང་མ་བྲལ་པའོ།།འདུ་ཤེས་སྔོན་དུ་བཏང་ཞེས་པ་ནི་ཐར་པའི་འདུ་ཤེས་སྔོན་དུ་བཏང་བའོ།།བརྟན་པ་མ་ཡིན་པ་རྣམས་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པས་བསྡུས་པ་རྣམས་སོ།།འགོག་པ་ཞེས་པ་ནི་སྙོམས་པར་འཇུག་པའི་སེམས་ཀྱིས་བྱས་པ་སྟེ།དུས་གཞན་ན་སེམས་དང་སེམས་ལས་བྱུང་བ་བརྟན་པ་མ་ཡིན་པ་ཀུན་དུ་འབྱུང་བ་འགོག་པ་ལ་གནས་པའི་གནས་སྐབས་ཀྱི་བྱེ་བྲག་གོ།འདིས་འགོག་པར་འགྱུར་བས་ན་འགོག་པ་ཞེས་བྱའོ།།ཞེས་གསུངས་སོ།།
ཀ༥འདུ་ཤེས་མེད་པ་བ།
སྙོམས་འཇུག་དེས་འཕང་ནས་འབྲས་བུ་ཆེ་བའི་གནས་ཀྱི་བྱེ་བྲག་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ནས་དེར་སྣ་ལྕེའི་རྣམ་ཤེས་ནི་མི་འབྱུང་བས་འགོག་མི་དགོས་ལ་གཞན་བཞི་འཁོར་དང་བཅས་པ་འགོག་སྟེ་སྐྱེས་མ་ཐག་འདུ་ཤེས་ཅུང་ཟད་ཡོད་འབྱུང་ཡང༌།སྐྱེས་ཐོབ་ཀྱིས་འབད་རྩོལ་མི་དགོས་པར་སྔོན་སྙོམས་འཇུག་གོམས་སྟོབས་ཀྱིས་དགག་བྱ་རྣམས་ཇེ་ཕྲར་གྱུར་ནས་ས་བོན་ཉམས་པར་བྱས་ཏེ་ཡུན་རིང་པོར་རང་རིགས་ཕྱི་མ་སྐྱེད་མི་ནུས་པར་བཀག་ནས་འཆི་ཁར་འདུ་ཤེས་སྐྱེས་ཏེ་ལོག་ལྟས་འཕོ་བར་འགྱུརབ་འདུ་ཤེས་མེད་པ་བའོ།ཀུན་བཏུས་ལས།འདུ་ཤེས་མེད་པ་ཅན་གང༌།འདུ་ཤེས་མེད་པ་ཅན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང༌།སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་འགོག་པ་ལ་འདུ་ཤེས་མེད་པ་ཅན་ཞེས་གདགས་སོ།།ཞེས་གསུངས་སོ།།
ཀ ༦ འགོག་པའི་སྙོམས་འཇུག
འགོག་པའི་སྙོམས་འཇུག་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བས་སྲིད་རྩེའི་སེམས་ལས་གྱེན་དུ་བསྐྱོད་དེ་ཁམས་གསུམ་ལ་ཆགས་པ་དང་བྲལ་བས་བདག་མེད་པ་དང་ཞི་གནས་ཀྱི་འདུ་ཤེས་སྔོན་དུ་བཏང་བས་སེམས་བྱུང་བརྟན་པ་མིན་པ་རྣམས་དང་བརྟན་པ་ལས་ཁ་ཅིག་སྟེ་གང་ཟག་འཕགས་པ་ཡིན་པས་ཉོན་ཡིད་ཀྱིས་བསྡུས་པ་རྣམས་ཁེགས་པའོ།།འདི་ལ་ཀུན་བཏུས་ལས།འགོག་པའི་སྙོམས་འཇུག་གང༌།ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ།སྲིད་པའི་རྩེམོ་ལ་གྱེན་དུ་བསྐྱོད་པའི་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བས་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་དང༌།བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་འགོག་པ་ལ་འགོག་པའི་སྙོམས་པར་འཇུག་ཅེས་གདགས་སོ།།ཞེས་གསུངས་སོ།།འགོག་པའི་སྙོམས་པར་འཇུག་པ་ལ་ནི་སྟེང་མའི་འདོད་ཆགས་དང་བྲལ་བ་ཞེས་མི་བརྗོད་དེ།སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་ཡང་དེ་ན་ཡོད་པའི་ཕྱིར་རོ།།
གང་ཟག་ནི་ཕྱིར་མི་འོང་ལུས་ཀྱིས་མངོན་དུ་བྱེད་པ་དང༌།སྒྲ་བཅོམ་པ་གཉི་ཀའི་ཆ་ལས་རྣམ་པར་གྲོལ་བ་དང༌།རང་སངས་རྒྱས་རྣམས་སྙོམས་པར་འཇུག་པ་དང༌།བྱང་སེམས་ས་དྲུག་པ་ཡན་ཆད་ཏིང་ངེ་འཛིན་གྱིས་རྩལ་སྦྱང་བའི་ཆེད་དུ་སྐད་ཅིག་གིས་འཇུག་ལྡང་བྱེད་པ་དང༌།གཞན་སྣང་དུ་སངས་རྒྱས་ཉིད་སྙོམས་པར་འཇུག་པ་དང་བཞེངས་པར་སྟོན་ནོ།།འདི་གསུམ་ལྡན་མིན་འདུ་བྱེད་དུ་འཇོག་པའི་སྐབས་ན་ཇི་སྲིད་སེམས་སེམས་བྱུང་འགོག་པའི་ནུས་པ་སྔར་མེད་གསར་དུ་ཐོབ་པ་དེ་ལ་གོ་དགོས་སོ།།
བརྟན་པ་ཀུན་གཞི་ནི་འདུ་ཤེས་མེད་པ་དང་སྙོམས་འཇུག་གཉིས་ཀྱིས་མི་ཁེགས་ཏེ་དེའི་དབང་གིས་རྒྱུ་རྐྱེན་ཀུན་གཞིའི་ས་བོན་དང༌།དེ་མ་ཐག་རྐྱེན་སེམས་གཞན་གྱིས་བར་མ་ཆོད་པ་སྙོམས་པར་འཇུག་པའི་སེམས་ལ་སྐྱེ་ཞིང་ཐེག་པ་ཆེན་པོའི་ལམ་ལ་སློབ་པར་གསུངས་པས་སེམས་སླར་ཡང་སྐྱེ་བར་རུང་ངོ༌།།
ཀ༧སྲོག་གི་དབང་པོ།
སྲོག་གི་དབང་པོ་ནི།སེམས་ཅན་རིས་མཐུན་པར་སྔོན་གྱི་ལས་ཀྱི་དབང་གིསཅི་ཙམ་གནས་པའི་དུས་ངེས་པ་ཚེ་ཞེས་བརྗོད་པ་གང་ཡིན་པའོ།།ཀུན་བཏུས་ལས།སྲོག་གི་དབང་པོ་གང༌།རིས་མཐུན་པར།སྔོནགྱི་ལས་ཀྱིས་འཕངས་པའི་གནས་པའི་དུས་ངེས་པ་ལ་ཚེ་ཞེས་གདགས་སོ།།རིས་མཐུན་པ་ནི་ཚེ་གཅིག་གི་ཕུང་པོའི་རྒྱུན་ནོ།།གནས་པའི་དུས་ངེས་པ་ནི་རིས་མཐུན་པ་འདིས་ལོ་བརྒྱའམ་སྟོང་ངམ་དུས་ཇི་སྲིད་དུ་འདིར་གནས་པར་བྱ་བ་སྟེ།ལས་ཀྱིས་བྱས་པའི་ནུས་པའི་བྱེ་བྲག་གོ།ཞེས་གསུངས་པ་བཞིན་ནོ།
ཀ༨སྐྱེ་བ།
སྐྱེ་བ་ནི་འདུ་བྱེད་ཀྱི་ཆོས་རྣམས་རྒྱུ་རྐྱེན་ཚོགས་པས་སྔར་མ་བྱུང་བ་ལས་ད་ལྟར་བྱུང་བའོ།།ཀུན་བཏུས་ལས།རིས་མཐུན་པར་འདུ་བྱེད་རྣམས་མ་བྱུང་པ་ལས་བྱུང་བ་ལ་སྐྱེ་བ་ཞེས་གདགས་སོ།།ཕྱི་རོལ་གྱི་གཟུགས་ཀྱང་སྐྱེ་བ་དང་ལྡན་པས་རིས་མཐུན་པ་ཙམ་དུ་གཟུང་སྟེ།སེམས་ཅན་གྱི་རྒྱུད་ལ་མཚན་ཉིད་གདགས་པ་ཤེས་པར་བྱ་བའི་ཕྱིར་རོ།།ཕྱི་རོལ་གྱི་གཟུགས་ནི་འཇིག་པ་དང་འཆགས་པའི་རབ་ཏུ་ཕྱེ་བའོ།།ནང་གི་འདུ་བྱེད་རྣམས་ནི་སྐྱེ་བ་དང་རྒ་བ་ལ་སོགས་པས་རབ་ཏུ་ཕྱེ་བའོ།།ཞེས་གསུངས་སོ།།
ཀ༩གནས་པ།
གནས་པ་ནི་དེའི་རིགས་འདྲའི་རྒྱུན་གནས་པའོ།།ཀུན་བཏུས་ལས།གནས་པ་གང༌།རིསམཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་མི་འཇིག་པ་ལ་གནས་པ་ཞེས་གདགས་སོ།།ཞེས་སོ།།
ཀ༡༠རྒ་བ།
རྒ་བ་ནི་རྒྱུན་གཞན་དུ་འགྱུར་ཞིང་རྙིང་པའོ།།ཀུན་བཏུས་ལས།རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་གཞན་དུ་གྱུར་པ་ལ་རག་བ་ཞེས་གདགས་སོ།ཞེས་སོ། 18/19 མདུན་ངོས། 上一页 16 17 18 19 下一页 尾页 |