ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ཕྱི་རོལ་ཏུ་གཡེང་བ་ནི།ཐོས་བསམ་སྒོམ་གསུམ་གྱི་དགེ་བ་ལ་ཞུགས་པ་ན།དེ་ལ་མི་གནས་པར་འདོད་པའི་ཡོན་ཏན་ལ་སེམས་ཕྱིར་འཕྲོ་བ་སྟེ།དགེ་བའི་དམིགས་པ་ལ་མི་གནས་པར་ཕྱིན་ཅི་ལོག་གི་དམིགས་པ་ལ་འཕྲོ་བར་བྱེད་པས་ན་དེ་ལྟར་བརྗོད་དོ།།རབ་བཤད་ལས།དགེ་བའི་ཆོས་ལ་ཞུགས་པའི་ཚེ་འདོད་པ་ལྔའི་ཡོན་ཏན་ལ་སེམས་འཕྲོས་པ་ནི་ཕྱི་རོལ་དུ་གཡེང་བ་ཞེས་བྱའོ།།ཞེས་གསུངས་སོ།།
ནང་གི་གཡེང་བ་ནི།ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ་བྱིང་རྒོད་དང་སྙོམས་འཇུག་རོ་མྱང་གི་སྲེད་པ་རྣམས་སོ།།རབ་བཤད་ལས།ཏིང་ངེ་འཛིན་དུ་ཞུགས་པའི་ཚེ་སེམས་རྨུགས་པ་དང་རྒོད་པའི་དབང་དུ་བཏང་བ་ནི་ནང་དུ་གཡེང་བ་ཞེས་བྱའོ།།ཞེས་གསུངས་ཤིང༌།དེ་དག་ལ་ནང་གི་གཡེང་བ་ཞེས་བརྗོད་པའི་རྒྱུ་མཚན་ནི།ནང་དུ་ཏིང་ངེ་འཛིན་སྒོམ་པ་ལ་གེགས་ཀྱི་གཙོ་བོ་ཡིན་པས་ན་དེ་ལྟར་བརྗོད་དོ།།
མཚན་མའི་གཡེང་བ་ནི།རང་ལ་གང་ཟག་གཞན་གྱིས་འདི་ནི་བསམ་གཏན་པའོ་ཞེས་ཡིད་ཆེས་ན་ཅི་མ་རུང་སྙམ་དུ་དགེ་སྦྱོང་ལ་བརྩོན་པའོ།།རབ་བཤད་ལས།ཏིང་ངེ་འཛིན་ལ་སོགས་པ་དགེ་བ་བསྒོམས་ན་གཞན་དག་གིས་བདག་ལ་ཡོན་ཏན་ཅན་ཡིན་ནོ་ཞེས་སྙམ་དུ་འཛིན་པའི་དབང་དུ་བྱས་ནས་དགེ་བ་ལ་ཞུགས་པ་ནི་མཚན་མའི་གཡེང་བ་ཞེས་བྱའོ།།ཞེས་གསུངས་སོ།།
གནས་ངན་ལེན་གྱི་གཡེང་བ་ནི།འཇིག་ལྟ་དང་ང་རྒྱལ་གྱི་གནས་ངན་ལེན་ལ་བརྟེན་ནས་དགེ་བ་ལ་ཞུགས་པའི་ཚོར་བ་བྱུང་བ་ལ་ང་དང་ང་ཡིས་འཛིན་པའི་སེམས་ཁེངས་པ་སྟེ།རབ་བཤད་ལས།ཏིང་ངེ་འཛིན་བསྒོམས་པའི་ཚེ་བདག་དང་བདག་གིར་རྟོག་པ་འབྱུང་བ་ནི་གནས་ངན་ལེན་གྱི་གཡེང་བ་ཞེས་བྱའོ།།ཞེས་གསུངས་པ་ལྟར་རོ།
ཡིད་ལ་བྱེད་པའི་གཡེང་བ་ནི།བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་བཏང་ནས་བསམ་གཏན་གསུམ་པ་མན་ཆད་ལ་སྙོམས་པར་འཇུག་པ་ལྟ་བུ་དང༌།ཐེག་པ་ཆེན་པོ་ལ་འཇུག་པ་བཏང་ནས་ཐེག་པ་དམན་པ་ལ་གནས་པར་བྱའོ་སྙམ་པ་ལྟ་བུ་རྣམས་སོ།།དེ་ལ་རབ་བཤད་ལས།སྔར་ཏིང་ངེ་འཛིན་གཅིག་བསྒོམས་བསྒོམས་པ་ལས་དེའི་འོག་ཏུ་ཏིང་ངེ་འཛིན་གཞན་སྒོམ་པར་བྱེད་པ་ནི་ཡིད་ལ་བྱེད་པའི་གཡེང་བ་ཞེས་བྱའོ།།ཞེས་གསུངས་སོ།།
འདིར་བཤད་པའི་རྣམ་གཡེང་འདི་དག་ནི་སྤྱིར་རྣམ་གཡེང་གི་རྣམ་གྲངས་གསུངས་པ་ཡིན་གྱི།ཐམས་ཅད་ཉེ་ཉོན་དངོས་ཡིན་པའི་ངེས་པ་མེད་དེ།དང་པོ་ལ་ལུང་མ་བསྟན་དང༌།ཐ་མ་ལ་དགེ་བས་བསྡུས་པ་ཡང་ངོ༌།ཉེ་ཉོན་གྱི་གཡེང་བ་དངོས་ནི་འདིར་བཤད་པའི་ཕྱི་རོལ་ཏུ་གཡེང་བ་དང་ནང་གི་གཡེང་བ་ལྟ་བུ་ལ་གསུངས་པས།ཕྲ་ཞིང་མཛངས་པའི་བློ་གྲོས་ཅན་རྣམས་ཀྱིས་ཞིབ་ཏུ་དཔྱད་དགོས་སོ།
འདིའི་ལས་ཀྱང་འདོད་ཆགས་དང་བྲལ་བ་ལ་བར་དུ་གཅོད་པའི་ལས་ཅན་ཏེ།འདོད་པ་ལྔའི་ཡོན་ཏན་ལ་སེམས་གཡེངས་པར་གྱུར་པ་དང་ཁམས་གསུམ་གྱི་འདོད་ཆགས་སྤང་བར་བྱ་བ་ལ་བར་དུ་གཅོད་ཅིང་བགེགས་བྱེད་པའི་ཕྱིར་རོ།།
འདི་དང་གོང་དུ་བཤད་པའི་རྒོད་པ་གཉིས་ཁྱད་མེད་དམ་སྙམ་ན།རྒོད་པ་ནི་སྔར་འདྲིས་པའི་ཡུལ་ཡིད་དུ་འོང་བའི་ཆ་ལ་འཕྲོ་བ་འདོད་ཆགས་ཀྱི་ཆར་གཏོགས་པ་ཡིན་ལ།རྣམ་གཡེང་ནི་ཡུལ་གང་ཡང་རུང་བ་ལ་གཡེང་བ་དུག་གསུམ་གའི་ཆར་གཏོགས་སུ་ཡོད་པས་མི་འདྲའོ།།
དེ་ལྟར་ཁྲོ་བ་ནས་རྣམ་གཡེང་གི་བར་ཉི་ཤུ་པོ་འདི་ལ་ཉེ་ཉོན་ཞེས་བརྗོད་པ་ནི།རྩ་ཉོན་རྣམས་དང་ཉེ་བའམ་དེ་དག་གི་ཆར་གཏོགས་པ་ཡིན་པས་ན་དེ་ལྟར་བརྗོད་ལ།དེ་ཡང་ཁྲོ་བ་དང་ཁོན་འཛིན་ཁོང་ཁྲོ་དང་ཉེ་ཞིང་དེའི་ཆར་གཏོགས་པ་ཡིན་པ་སོགས་སོ་སོར་ཤེས་པར་བྱ་སྟེ།ཕལ་ཆེར་སྔར་དྲངས་པའི་མངོན་པའི་ལུང་གི་དངོས་ཟིན་ལ་གསལ་ལོ།།
ཀ༦གཞན་འགྱུར་བཞི།
གཞན་འགྱུར་བཞི་ནི།གཉིད་དང༌།འགྱོད་པ་དང༌།རྟོག་པ་དང༌།དཔྱོད་པ་རྣམས་སོ།།
ཁ༡གཉིད།
གཉིདནི།མངོན་པ་ཀུན་བཏུས་ལས།གཉིད་གང་ཞེ་ན།གཉིད་ཀྱི་རྒྱུ་ལ་བརྟེན་ནས་དགེ་བ་དང༌།མི་དགེ་བ་དང༌།ལུང་དུ་མ་བསྟན་པ་དང༌།དུས་དང༌།དུས་མ་ཡིན་པ་དང༌།རིགས་པ་དང༌།མི་རིགས་པ་ལ།སེམས་སྡུད་པ་གཏི་མུག་གི་ཆར་གཏོགས་པ་སྟེ།བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།ལུས་ལྕི་བ་དང༌། ཉམ་ཆུང་བ་དང༌།ངལ་བ་དང༌།མུན་པའི་མཚན་མ་ཡིད་ལ་བྱེད་པ་སོགས་ཀྱི་རྒྱུ་རྣམས་ལ་བརྟེན་ནས་དབང་ཤེས་ཡུལ་ལ་འཇུག་པ་རང་དབང་མེད་པར་ནང་དུ་སྡུད་པར་བྱེད་པའི་བློ་ཞིག་གོ།འདིར་དུས་དང་དུས་མིན་གསུངས་པ་ནི།མགོན་པོ་ཀླུ་སྒྲུབ་ཀྱིས།རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང༌།མཚན་མོའང་ཐུན་གྱི་སྟོད་སྨད་འདས་ནས་ནི།།མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར།དྲན་དང་ལྡན་པར་དེ་དག་བར་དུ་མནོལ།།ཞེས་གསུངས་པ་ལྟར།ནམ་གྱི་ཐུན་བར་བ་ལ་གཉིད་ཀྱི་དུས་དང༌།ནམ་གྱི་ཆ་སྟོད་སྨད་དང་ཉིན་པར་ནི་གཉིད་ཀྱི་དུས་མ་ཡིན་པར་དགེ་སྦྱོར་ལ་བརྩོན་པའི་དུས་ཡིན་པས་ཚུལ་དེ་གོ་བའི་ཕྱིར་དུ་དེ་ལྟར་གསུངས་སོ།།རིགས་པ་དང་མི་རིགས་པ་ཞེས་གསུངས་པ་ནི།ལུས་ཀྱི་འབྱུང་བ་རྒྱས་ནས་དགེ་བ་ལ་སྦྱོར་འདོད་པས་མཚན་མོའི་ཐུན་བར་པ་ལ་ཉལ་བ་ནི་རིགས་པ་དང༌།ནམ་གྱི་ཐུན་སྟོད་སྨད་སོགས་ལའང་ཉོན་མོངས་པས་ཀུན་ནས་བསླངས་ཏེ་ཉལ་བ་ནི་མི་རིགས་པས་དེ་གོ་བའི་ཆེད་དུ་གསུངས་སོ།།དེའི་རྒྱུ་མཚན་ཡང་གོང་དུ་དྲངས་པའི་ལུང་དེས་ཤེས་སོ།།
རབ་བཤད་ལས།གཉིད་གང་ཞེ་ན།རང་དབང་མེད་པར་འཇུག་པ་སེམས་མངོན་པར་སྡུད་པ་སྟེ།འཇུག་པ་ནི་གཟུགས་ལ་སོགས་པའི་ཡུལ་ལ་སེམས་ཞུགས་ཤིང་དམིགས་པའོ།།གཉིད་ཀྱི་དབང་དུ་སོང་ནས་སེམས་ཕྱི་རོལ་གྱི་ཡུལ་ལ་འཇུག་པའི་དབང་མེད་པས་ནི་རང་དབང་མེད་ཞེས་བྱ་སྟེ།སེམས་ཡུལ་ལ་འཇུག་པའི་རང་དབང་མེད་པ་དང་སེམས་ཀྱིས་ལུས་འཛིན་པར་མི་ནུས་པར་གྱུར་པས་ན་ལུས་ས་ལ་འགྱེལ་བར་འགྱུར་བ་ལ་གཉིད་ཅེས་བྱའོ།།སེམས་རང་དབང་མེད་པར་བྱེད་པ་ནི་གཉིད་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་གཞན་ཡང་ཡོད་དེ།དབྱིག་པ་ལ་སོགས་པས་ཕོག་སྟེ་བརྒྱལ་བ་ན་ཡང་སེམས་ཕྱི་རོལ་དུ་འཇུག་པའི་དབང་མེད་ལ་ལུས་འཛིན་ཀྱང་མི་ནུས་པས་བརྒྱལ་བ་ལ་གཉིད་ཅེས་བྱའོ་སྙམ་དུ་འཛིན་པ་དགག་པའི་ཕྱིར་སེམས་མངོན་པར་སྡུད་པའོ།སེམས་མངོན་པར་སྡུད་ཅེས་བྱ་བས་ནི་སེམས་མིག་ལ་སོགས་པ་དབང་པོའི་སྒོ་ནས་ཕྱི་རོལ་གྱི་ཡུལ་ལ་མི་འཇུག་གི་སེམས་ནང་དུ་བསྡུས་པ་ཞེས་བྱ་བའི་དོན་ཏོ།། སེམས་ནང་དུ་སྡུད་པ་ནི་གཉིད་འབའ་ཞིག་ཏུ་མ་ཟད་ཀྱི་འགོག་པ་དང༌།འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་དུས་ན་ཡང་སེམས་ནང་དུ་སྡུད་པར་བྱེད་པས་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཡང་གཉིད་ཅེས་བྱའོ་སྙམ་དུ་འཛིན་པ་དགག་པའི་ཕྱིར་རང་དབང་མེད་ཅེས་བྱ་བའི་ཚིག་སྨོས་ཏེ།གང་སེམས་རང་དབང་མེད་པར་ཡང་བྱེད་ལ་སེམས་ནང་དུ་སྡུད་པར་ཡང་བྱེད་པ་དེ་ལ་གཉིད་ཅེས་བྱའོ།།གཉིད་དེ་ཡང་རྣམ་པ་གསུམ་སྟེ།དགེ་བ་དང༌།མི་དགེ་བ་དང༌།ལུང་དུ་མ་བསྟན་པའོ།།དེ་ལ་དགེ་བ་ལ་སོགས་པ་བྱེད་པ་རྨི་ལམ་དུ་རྨི་བ་ནི་གཉིད་དགེ་བའོ།སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་རྨི་ལམ་དུ་རྨི་བ་ནི་གཉིད་མི་དགེ་བའོ།།བཙེམ་དྲུབ་ལ་སོགས་པའི་ལས་བྱེད་པར་རྨི་ལམ་དུ་རྨི་ན་ནི་གཉིད་ལུང་དུ་མ་བསྟན་པའོ།།ཡང་ན་སྦྱིན་པ་ལ་སོགས་པ་དགེ་བ་ཡིད་ལ་བྱེད་བྱེད་པ་ལས་གཉིད་ལོག་པ་ནི་གཉིད་དགེ་བའོ།སྲོག་གཅོད་པ་ལ་སོགས་པའི་ལས་ཡིད་ལ་བྱེད་བྱེད་པ་ལས་གཉིད་ལོག་ན་ནི་གཉིད་མི་དགེ་བའོ།བཙེམ་དྲུབ་ལ་སོགས་པའི་ལས་ཡིད་ལ་བྱེད་བྱེད་པ་ལས་གཉིད་ལོག་པ་ནི་གཉིད་ལུང་དུ་མ་བསྟན་པའོ། ཡང་ན་དགེ་བའི་ལས་ཡིད་ལ་བྱེད་པ་ལས་སེམས་དེ་གཉིད་ཀྱིས་ནོན་ན་གཉིད་མི་དགེ་བ་ཞེས་བྱའོ།།མི་དགེ་བ་ཡིད་ལ་བྱེད་པ་ལས་སེམས་དེ་གཉིད་ཀྱིས་ནོན་ན་གཉིད་དགེ་བ་ཞེས་བྱའོ།ལུང་དུ་མ་བསྟན་པའི་ལས་ཡིད་ལ་བྱེད་པ་ལས་སེམས་དེ་གཉིད་ཀྱིས་ནོན་ན་གཉིད་དེ་ལུང་དུ་མ་བསྟན་པའོ།གཉིད་ཀྱི་རྒྱུ་ནི་རིད་དེ་ཉམ་ཆུང་བ་དང༌།ལུས་ངལ་བར་གྱུར་བ་དང༌།དཔྱིད་ཀྱི་དུས་ལ་བབ་པ་དང༌།ཁ་ཟས་ཀྱིས་འགྲངས་ཏེ་ལུས་ལྕི་བར་གྱུར་བ་དང༌།མུན་པའི་འདུ་ཤེས་ཡིད་ལ་བྱས་པ་ལས་གཉིད་སྐྱེ་བར་འགྱུར་རོ།འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།ཁ་ཅིག་ན་རེ་མི་དགེ་བའི་གཉིད་དང་ལུང་དུ་མ་བསྟན་པའི་གཉིད་ནི་གཏི་མུག་གི་ཤས་ལས་བྱུང་གི་དགེ་བའི་གཉིད་ནི་གཏི་མུག་གི་ཤས་ལས་བྱུང་བ་མ་ཡིན་ནོ་ཞེས་འཆད་དོ།།ཞེས་གསུངས་པ་ལྟར་རོ།
འདིའི་ལས་ནི་བྱ་བ་མི་འགྲུབ་པའི་རྟེན་བྱེད་པ་སྟེ།གཉིད་ཀྱིས་ལོག་ནས་ལས་སུ་བྱ་བ་ཐམས་ཅད་མི་འགྲུབ་ཅིང་ཉམས་པར་འགྱུར་བའི་ཕྱིར་རོ།
ཁ༢འགྱོད་པ།
འགྱོད་པ་ནི།མངོན་པ་ཀུན་བཏུས་ལས།འགྱོད་པ་གང་ཞེ་ན།བསམས་པ་དང༌།མ་བསམས་པའི་བྱ་བ་དང༌།བྱ་བ་མ་ཡིན་པ་གང་ཡིན་པ་ལ་བརྟེན་ནས་དགེ་བ་དང༌།མི་དགེ་བ་དང༌།ལུང་དུ་མ་བསྟན་པ་དང༌།དུས་དང༌།དུས་མ་ཡིན་པ་དང༌།རིགས་པ་དང༌།མི་རིགས་པ་ལ་སེམས་ཀྱི་ཡིད་ལ་གཅགས་པ་གཏི་མུག་གི་ཆར་གཏོགས་པ་སྟེ།སེམས་གནས་པའི་བར་དུ་གཅོད་པའི་ལས་ཅན་ནོ།ཞེས་གསུངས་བ་ལྟར།བྱ་བར་རིགས་པ་དང་བྱ་བར་མི་རིགས་པ་རང་གིས་བསམས་བཞིན་དུ་བྱས་པའམ།གཞན་གྱིས་ནན་གྱིས་བྱེད་དུ་བཅུག་པ་ལ་བརྟེན་ནས་སླར་མི་འདོད་བཞིན་དུ་ཡིད་ལ་གཅགས་པར་བྱེད་པ་ཞིག་ལ་འགྱོད་པ་སྐྱེས་པ་ཞེས་བརྗོད་དོ།། འགྱོད་པ་འདི་ལ་ཡང་དགེ་མི་དགེ་ལུང་མ་བསྟན་གྱི་ཆ་གསུམ་ཡོད་དེ།སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་ལྟ་བུ་དགེ་བའི་ཕྱོགས་དང༌།བསོད་ནམས་བྱས་པ་ལ་འགྱོད་པ་སྐྱེས་པ་མི་དགེ་བའི་ཕྱོགས་དང༌།གཞན་ལ་ཕན་གནོད་མེད་པའི་བཟོའི་གནས་ལ་སོགས་པ་འགའ་ཞིག་ལ་འགྱོད་པ་ལུང་མ་བསྟན་ནོ།།དུས་དང་དུས་མིན་དང༌། རིགས་པ་དང་མི་རིགས་པ་ཞེས་གསུངས་པ་ནི།བཅོས་སུ་ཡོད་པའི་དུས་སུ་འགྱོད་པ་བྱེད་རིགས་པ་དང༌།བཅོས་སུ་མེད་པའི་དུས་སུ་འགྱོད་པ་མི་རིགས་པའི་དོན་ནོ།དེ་ཡང་བཅོས་སུ་ཡོད་པའི་དུས་སུ་འགྱོད་པར་རིགས་པ་ནི་ད་ལྟར་རྣམ་སྨིན་མ་གྲུབ་གོང་དུ་སྡིག་པོས་འགྱོད་པས་བཤགས་པ་བྱེད་དགོས་པ་ལྟ་བུའོ།བཅོས་སུ་མེད་པ་ནི་ལས་ཀྱི་རྣམ་སྨིན་གྲུབ་ནས་ངན་སོང་དུ་སྐྱེས་པ་ལྟ་བུ་དང༌།དམུས་ལོང་འཕྱེ་བོ་སོགས་སུ་གྱུར་ཟིན་པའི་ཚེ་རྣམ་པར་སྨིན་པ་གྲུབ་པའི་སྐབས་ཡིན་པས་ཟློག་ཏུ་མེད་པ་ཞིག་གོ།
འདི་ལ་ཕུང་པོ་ལྔའི་རས་བཤད་ལས་ཀྱང༌།འགྱོད་པ་གང་ཞེ་ན།ཡིད་ལ་གཅགས་པ་སྟེ།སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་བྱས་པ་མཚར་བྱས་ཤེའམ།མ་ལེགས་པ་ཞེས་བྱས་སོ་ཞེས་ཕྱིས་ཡིད་ལ་གདུང་ཞིང་ཡིད་ལ་གཅགས་པ་དང༌།སྦྱིན་པ་ལ་སོགས་པའི་དགེ་བ་བྱས་པ་མཚར་བྱས་སོ་ཞེའམ།མ་ལེགས་པ་ནི་བྱས་སོ་ཞེས་ཕྱིས་མི་དགའ་ཞིང་ཡིད་ལ་གཅགས་པའམ།བཙེམ་དྲུབ་ལ་སོགས་པའི་ལས་བྱས་པ་མཚར་བྱས་ཤེའམ་མ་བྱས་མཚར་བྱས་སོ་ཞེས་ཕྱིས་ཡིད་ལ་གདུང་ཞིང་ཡིད་ལ་གཅགས་པ་ལ་འགྱོད་པ་ཞེས་བྱའོ།།འགྱོད་པ་དེ་ཡང་རྣམ་པ་གསུམ་སྟེ།དགེ་བ་དང་མི་དགེ་བ་དང༌།ལུང་དུ་མ་བསྟན་པའོ།།དེ་ལ་སྦྱིན་པ་ལ་སོགས་པའི་དགེ་བ་བྱས་པ་ལ་དགེ་བ་བྱས་པ་མ་ཡིན་པ་ཞིག་བྱས་སོ་ཞེའམ།ཉེས་པ་ཞིག་བྱས་ཞེས་འགྱོད་པ་ནི་འགྱོད་པ་མི་དགེ་བའོ།།ཡང་ན་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་མ་བྱས་པར་མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་ནི་འགྱོད་པ་མི་དགེ་བའོ།།སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱས་པ་ཉེས་པ་ཞིག་བྱས་སོ་ཞེའམ།མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་ནི་འགྱོད་པ་དགེ་བའོ།།ཡང་ན་སྦྱིན་པ་ལ་སོགས་པ་དགེ་བ་མ་བྱས་པ་མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་དེ་དག་ནི་འགྱོད་པ་དགེ་བའོ།བཙེམ་དྲུབ་ལ་སོགས་པའི་ལས་མ་བྱས་པ་མཚར་བྱས་ཤེའམ་དེ་དག་བྱས་པ་ཉེས་པ་ཞིག་བྱས་སོ་ཞེས་འགྱོད་པ་ནི་འགྱོད་པ་ལུང་དུ་མ་བསྟན་པའོ།།འགྱོད་པ་གསུམ་ལས་འགྱོད་པ་མི་དགེ་བ་དང༌།འགྱོད་པ་ལུང་དུ་མ་བསྟན་པ་གཉིས་ནི་གཏི་མུག་གི་ཤས་ལས་བྱུང་བ་འགྱོད་པ་དེ་དག་ནི་གཏི་མུག་མེད་པའི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།དེའི་ལས་ནི་སེམས་བདེ་བར་གནས་པ་དང༌།མི་མཐུན་པར་བྱེད་པ་སྟེ།སེམས་ལ་འགྱོད་པའམ།གདུང་བ་སྐྱེ་བར་འགྱུར་ནས་སེམས་ཏིང་ངེ་འཛིན་དུ་རྩེ་གཅིག་ཏུ་གནས་པའི་བར་ཆད་བྱེད་པའི་ཕྱིར་རོ།ཞེས་གསུངས་སོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号