འདིའི་བྱེད་ལས་ལ་ཉོན་མོངས་དང་ཉེ་ཉོན་ཐམས་ཅད་ཀྱི་གྲོགས་བྱེད་པར་གསུངས་པ་ནི།རྨུགས་པ་ལ་བརྟེན་ནས་ཉོན་མོངས་ཐམས་ཅད་འཕེལ་བར་འགྱུར་བའོ།དེ་ལྟར་ཡང་ལྷག་བསམ་བསྐུལ་བ་ལས།གང་ཞིག་གཉིད་དང་རྨུགས་ལ་དགའ་འགྱུར་བ།།བད་ཀན་རླུང་དང་དེ་བཞིན་མཁྲིས་པ་རྣམས།།དེ་དག་དེ་ཡི་ལུས་ལ་ཤས་ཆེར་འབྱུང༌།།དེ་ཡི་ཁམས་རྣམས་རབ་ཏུ་འཁྲུག་པར་འགྱུར།།གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ།།ཁ་ཟས་ཉེས་པ་ལྟོ་ནི་མ་དག་ཅིང༌།།ལུས་ཀྱང་ལྕི་ལ་ཟོ་མདོག་བདེ་མ་ཡིན།།དེ་ཡི་ཚིག་ཀྱང་གསལ་བར་མི་འགྱུར་རོ།།ཞེས་དང༌།གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ།།དེ་ནི་རྨོངས་ཤིང་ཆོས་ལ་འདུན་པ་ཉམས།།བྱིས་པ་ཡོན་ཏན་ཀུན་ལས་ཡོངས་སུ་ཉམས།།དཀར་པོ་ཉམས་ཤིང་མུན་པར་འགྲོ་བར་འགྱུར།ཞེས་གསུངས་པ་ལྟར་རོ།།
ཁ༡༤རྒོད་པ།
རྒོད་པ་ནི།མངོན་པ་ཀུན་བཏུས་ལས།རྒོད་པ་གང་ཞེ་ན།སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ།ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།སྔར་མྱོང་བའི་འདོད་ཡོན་ལ་དམིགས་ནས་སེམས་ཕྱིར་འཕྲོ་ཞིང་སྲེད་པས་འཇུག་པའི་བློ་ཞིག་གོ།འདི་ལ་རིན་ཆེན་འཕྲེང་བ་ལས།རྒོད་པ་ནི།ལུས་སེམས་རབ་ཏུ་མ་ཞི་བའོ།ཞེས་གསུངས།དེ་བཞིན་དུ་ཕུང་པོ་ལྔའི་རབ་བཤད་ལས་ཀྱང༌།རྒོད་པ་གང་ཞེ་ན།སེམས་མ་ཞི་བའོ།།དེ་ལ་སེམས་ཞི་བ་ཞེས་བྱ་བ་ནི་ཞི་གནས་དང་ཏིང་ངེ་འཛིན་གཅིག་པ་ལ་བྱ་སྟེ།གང་སེམས་གཡེངས་པ་ནི་ཏིང་ངེ་འཛིན་གཅིག་པ་དང་མི་མཐུན་པའི་ཆོས་ལ་སེམས་མ་ཞི་བ་ཞེས་བྱའོ།།དེ་ཡང་འདོད་ཆགས་ཀྱིས་རྒྱུ་བྱས་ནས་སྔོན་བགད་པ་དང༌།རྩེད་མོ་ལ་སོགས་པ་རྗེས་སུ་དྲན་ཏེ།དེར་སེམས་འཕྲོས་ནས་སེམས་ཡེང་ཡེང་པོར་མ་ཞི་བར་བྱེད་པའི་རྒྱུ་བྱེད་པ་ལ་རྒོད་པ་ཞེས་བྱའོ།འདི་ཡང་འདོད་ཆགས་ཀྱི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི།བཏགས་པར་ཡོད་པར་རིག་པར་བྱའོ།།འདིའི་ལས་ནི་ཞི་གནས་དང་མི་མཐུན་པར་བྱེད་པ་སྟེ།སེམས་རྒོད་པ་མ་ཞི་བའི་མཚན་ཉིད་བྱུང་ནས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་མེད་པར་འགྱུར་བས་ན་ཞི་གནས་དང་མི་མཐུན་པའི་རྟེན་བྱེད་པ་ཞེས་བྱའོ།།ཞེས་གསུངས་པ་ལྟར་རོ།
སེམས་ཕྱིར་འཕྲོ་བ་ཐམས་ཅད་རྒོད་པ་ཡིན་སྙམ་དུ་མི་གཟུང་སྟེ།རྒོད་པ་ནི་འདོད་ཆགས་ཀྱི་ཆ་ཤས་ཡིན་ལ།འདོད་ཆགས་མ་ཡིན་པའི་ཉོན་མོངས་གཞན་གྱི་སྒོ་ནས་སེམས་ཡུལ་ལ་གཡེང་བའང་མང་དུ་ཡོད་ཅིང༌།ཉོན་མོངས་ཅན་མ་ཡིན་པར་དགེ་བའི་དམིགས་པ་ལ་སེམས་འཕྲོ་བ་ཡང་ཡོད་པས་འཕྲོ་བ་ཐམས་ཅད་རྒོད་པ་མ་ཡིན་ནོ།
ཁ༡༥མ་དད་པ།
མ་དད་པ་ནི།མངོན་པ་ཀུན་བཏུས་ལས།མ་དད་པ་གང་ཞེ་ན།གཏི་མུག་གི་ཆར་གཏོགས་པ་དགེ་བའི་ཆོས་རྣམས་ལ་སེམས་ཀྱི་ཡིད་མི་ཆེས་པ་དང༌།མ་དད་པ་དང༌།མི་འདོད་པ་སྟེ།ལེ་ལོའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།དད་པའི་མི་མཐུན་ཕྱོགས་གཏི་མུག་གི་ཆ་ཤས་སུ་གཏོགས་པ་ཞིག་གོ།འདི་ལ་ཕུང་པོ་ལྔའི་རབ་བཤད་ལས།མ་དད་པ་གང་ཞེ་ན།ལས་དང༌།འབྲས་བུ་དང༌།བདེན་པ་དང༌།དཀོན་མཆོག་ལ་ཡིད་མི་ཆེས་ཤིང་སེམས་མ་དད་པ་སྟེ།དད་པ་དང་མི་མཐུན་པའི་ཕྱོགས་སོ།།འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི།བཏགས་པར་ཡོད་པར་རིག་པར་བྱའོ།།ཞེས་གསུངས་པ་ལྟར་རོ།།
དེའི་ལས་ནི་ལེ་ལོའི་རྟེན་བྱེད་པ་སྟེ།མ་དད་པ་ཡོད་ན་མ་དད་པའི་ཤུགས་ཀྱིས་མཉན་པ་དང་བསམ་པ་ལ་སོགས་པ་དགེ་བ་བྱེད་མི་འདོད་པས་ལེ་ལོའི་རྟེན་བྱེད་པའོ།།
འདི་ལ་དབྱེ་ན།ཡིད་ཆེས་ཀྱི་དད་པའི་མི་མཐུན་ཕྱོགས་ལས་འབྲས་སོགས་ལ་ཡིད་མི་ཆེས་པའི་མ་དད་པ་དང༌།དང་བའི་དད་པའི་མི་མཐུན་ཕྱོགས་དཀོན་མཆོག་སོགས་ཡོན་ཏན་ཅན་ལ་དང་བ་མེད་ཅིང་སེམས་མི་དགའ་བའི་མ་དད་པ་དང༌།མངོན་འདོད་ཀྱི་དད་པའི་མི་མཐུན་ཕྱོགས་ཐར་པ་སོགས་ལ་དོན་གཉེར་མེད་ཅིང་མི་འདོད་པར་བྱེད་པའི་མ་དད་པ་རྣམས་སོ།།
ཁ༡༦ལེ་ལོ།
ལེ་ལོ་ནི།མངོན་པ་ཀུན་བཏུས་ལས།ལེ་ལོ་གང་ཞེ་ན།ཉལ་བ་དང༌།སྙེས་པ་དང༌།འཕྲེས་པའི་བདེ་བ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པའི་སེམས་མི་སྤྲོ་བ་སྟེ།དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་གཅོད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ཉལ་བ་སོགས་ལ་མངོན་པར་ཞེན་ནས་དགེ་བ་ལ་སེམས་མི་སྤྲོ་བའོ།ཕུང་པོ་ལྔའི་རབ་བཤད་ལས།ལེ་ལོ་གང་ཞེ་ན།དགེ་བ་ལ་སེམས་མི་སྤྲོ་བ་སྟེ།བརྩོན་འགྲུས་དང་མི་མཐུན་ཕྱོགས་སོ།།ཉལ་བའི་བདེ་བ་དང་འཕྲེས་པའི་བདེ་བ་ལ་ཆགས་ནས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་མཉན་པ་དང་བསམ་པ་ལ་སོགས་པའི་དགེ་བ་བྱ་བ་ལ་སེམས་མི་སྤྲོ་ཞིང་དགེ་བའི་ལས་ལ་སེམས་འཇུག་པར་མི་འདོད་པ་ནི་ལེ་ལོ་ཞེས་བྱའོ།།བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ལ།དགེ་བའི་ལས་སྤྱད་པ་ལ་སེམས་སྤྲོ་བ་ནི་བརྩོན་འགྲུས་ཞེས་བྱ་བ་ལ།ལེ་ལོ་ནི་དགེ་བའི་ལས་བྱ་བ་ལ་སེམས་སྤྲོ་བ་མེད་པས་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ།།འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་བཏགས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།འདིའི་ལས་ཀྱང་དགེ་བའི་ཕྱོགས་ར།་ཏུ་སྦྱོར་བ་ལ་བགེགས་བྱེད་པའོ།།ཞེས་གསུངས་པ་ལྟར།ལེ་ལོས་ནི་དགེ་བའི་ཕྱོགས་ཐམས་ཅད་ཉམས་པར་བྱེད་དེ།དྲན་པ་ཉེ་བར་བཞག་པ་ལས།ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི།ལེ་ལོ་ཡིན་ཏེ་གང་ལ་ཡོད།།གང་ལ་ལེ་ལོ་གཅིག་ཡོད་པ།།དེ་ལ་ཆོས་ཀུན་མེད་པ་ཡིན།།ཞེས་གསུངས་བ་ལྟར་རོ།
ཁ༡༧བག་མེད་པ།
བག་མེད་པ་ནི།མངོན་པ་ཀུན་བཏུས་ལས།བག་མེད་པ་གང་ཞེ་ན།ཆགས་པ་དང༌།ཞེ་སྡང་དང༌།གཏི་མུག་ལེ་ལོ་དང་བཅས་པ་ལ་གནས་ནས།དགེ་བའི་ཆོས་རྣམས་མི་སྒོམ་ཞིང༌།ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་མི་སྲུང་བ་སྟེ།མི་དགེ་བ་འཕེལ་བ་དང༌།དགེ་བ་འགྲིབ་པའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ཉོན་མོངས་དང་ཉེས་པའི་ཚོགས་རྣམས་ལས་སེམས་མི་སྲུང་བར་བག་ཡངས་སུ་གཏོང་བར་བྱེད་པའི་བློ་ཞིག་གོ།དེ་ཡང་ཕུང་པོ་ལྔའི་རབ་བཤད་ལས།བག་མེད་པ་གང་ཞེ་ན།ཆགས་པ་དང༌།ཞེ་སྡང་དང༌།གཏི་མུག་དང༌།ལེ་ལོ་གང་ཡིན་པ་དག་གིས་ཉོན་མོངས་པ་ལས་སེམས་མི་སྲུང་བ་དང་དགེ་བ་མི་སྒོམ་པའོ།།འདོད་ཆགས་དང༌།ཞེ་སྡང་དང༌།གཏི་མུག་དང༌།ལེ་ལོ་སྟེ།ཆོས་འདི་བཞིའི་དབང་དུ་བྱས་སམ་ཆོས་དེ་བཞི་ལ་གནས་ཤིང་བརྟེན་ནས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལ་སེམས་ཞུགས་པ་ལས་ནི་མི་སྲུང་མི་གློན།དད་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ལ་ནི་སྒོམ་པར་མི་བྱེད་པ་ལ་བག་མེད་པ་ཞེས་བྱའོ།།འདི་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ལེ་ལོ་སྟེ།ཆོས་འདི་བཞིའི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི།བཏགས་པར་ཡོད་པར་རིག་པར་བྱའོ།།ཞེས་གསུངས་པ་ལྟར་རོ།འདིའི་ལས་ནི་མི་དགེ་བ་འཕེལ་བ་དང་དགེ་བ་ཉམས་པར་བྱེད་པའི་རྟེན་བྱེད་པའི་ལས་ཅན་ཏེ།མི་དགེ་བ་ལ་སེམས་ཞུགས་པ་ལས་མ་བསྲུངས་པས་ནི་མི་དགེ་བ་འཕེལ་བར་འགྱུར་རོ།
ཁ༡༨བརྗེད་ངས་པ།
བརྗེད་ངས་པ་ནི།མངོན་པ་ཀུན་བཏུས་ལས།བརྗེད་ངས་པ་གང་ཞེ་ན།ཉོན་མོངས་པ་དང༌།མཚུངས་པར་ལྡན་པའི་དྲན་པ་སྟེ།གཡེང་བའི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར། ཉོན་མོངས་ཀྱི་དམིགས་པ་དྲན་པའི་སྒོ་ནས་དགེ་བ་ལ་སེམས་མི་གསལ་ཞིང་བརྗེད་པར་བྱེད་པའི་རིག་པ་ཞིག་གོ།དེ་བཞིན་དུ་ཕུང་པོ་ལྔའི་རབ་བཤད་ལས་ཀྱང༌།དྲན་པ་ཉམས་པ་གང་ཞེ་ན།དྲན་པ་ཉོན་མོངས་ཅན་སྟེ།དགེ་བ་ལ་སེམས་མི་གསལ་བའོ།།དྲན་པ་གང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པ་དང་ལྡན་པའི་དྲན་པ་ལ་ནི།དྲན་པ་ཉོན་མོངས་པ་ཅན་ཞེས་བྱའོ།།དེའི་དགེ་བའི་སེམས་མི་གསལ་བ་ཞེས་བྱ་བ་ནི་དཔེར་ན་སྦྲང་རྩི་དང་ཀ་ར་ཟ་བ་ལས་གོམས་པ་ལ་སོགས་པའི་སྲོག་ཆགས་རྣམས་ཀྱང་ཏིག་ཏ་ལ་སོགས་པའི་ཁ་ཟས་རྫས་ཟ་བར་མི་ནུས་པ་དེ་བཞིན་དུ།དྲན་པ་གང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ལྡན་པས་འདོད་ཆགས་ལ་སོགས་པའི་ཡུལ་བུད་མེད་ལ་སོགས་པ་གང་ཡིན་པ་དེ་ཉིད་སེམས་ལ་དྲན་གྱི་དགེ་བ་སེམས་ལ་མི་གསལ་ཏེ།ཡང་དག་པའི་གདམས་ངག་ལ་སོགས་པའི་དགེ་བའི་སེམས་མི་དྲན་ཏེ།བརྗེད་པར་གྱུར་བ་ལ་ནི་དྲན་པ་ཉམས་པ་ཞེས་བྱའོ།།འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།འདིའི་ལས་ནི་རྣམ་པར་གཡེང་བའི་རྟེན་བྱེད་པའི་ལས་ཅན་ཏེ།དྲན་པ་ཉམས་པ་རྣམས་ཉོན་མོངས་པའི་ཡུལ་བུད་མེད་ལ་སོགས་པ་འབའ་ཞིག་ལ་སེམས་འཇུག་པའི་ཕྱིར་རོ།།ཞེས་གསུངས་པས།དགེ་སེམས་མི་གསལ་བར་བརྗེད་པ་ལ་བརྗེད་པ་ཞེས་བྱའོ།།བརྗེད་ངས་ཀྱིས་གཡེང་བའི་རྟེན་བྱེད་པ་ནི།དྲན་པ་པ་ཉོན་མོངས་ཅན་ལ་བརྟེན་ནས་ཉོན་མོངས་པའི་དམིགས་པ་རྣམས་ལ་སེམས་གཡེང་བར་འགྱུར་བའོ།།
ཁ༡༩ཤེས་བཞིན་མ་ཡིན་པ།
ཤེས་བཞིན་མ་ཡིན་པ་ནི།མངོན་པ་ཀུན་བཏུས་ལས།ཤེས་བཞིན་མ་ཡིན་པ་གང་ཞེ་ན།ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ།དེས་ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པ་སྟེ།ལྟུང་བའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ཤེས་བཞིན་གྱི་མི་མཐུན་ཕྱོགས་སྒོ་གསུམ་གྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པའི་ཤེས་རབ་ཉོན་མོངས་ཅན་ཞིག་གོ།འདི་ལཕུང་པོ་ལྔའི་རབ་བཤད་ལས།ཤེས་བཞིན་མེད་པ་གང་ཞེ་ན།ཉོན་མོངས་པ་དང་རབ་ཏུ་ལྡན་པའི་ཤེས་རབ་སྟེ་ལུས་དང་ངག་དང་ཡིད་ཀྱི་རྒྱུ་བ་རྣམས་ལ་དབང་མེད་པར་སྤྱོད་པའོ།།ཤེས་རབ་གང་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་བཅས་ཤིང་ཉོན་མོངས་པའི་དབང་དུ་གྱུར་ཅིང་ཉོན་མོངས་པ་དང་འདྲེས་བའི་ཤེས་རབ་ལ་ཉོན་མོངས་པ་དང་རབ་ཏུ་ལྡན་པའི་ཤེས་རབ་ཅེས་བྱའོ།དེ་ལྟར་ཤེས་རབ་ཉོན་མོངས་པའི་དབང་དུ་གྱུར་བས་ལུས་ཀྱི་སྤྱོད་པ་འགྲོ་འདུག་ལྡང་ཉལ་དང༌།ངག་གི་སྤྱོད་པ་སྨྲ་བ་དང་མི་སྨྲ་བར་བྱ་བ་དང༌།ཡིད་ཀྱི་སྤྱོད་པ་བསམ་པ་དང་མི་བསམ་པར་བྱ་བ་རྣམས་ལ་བདག་ད་ལྟར་འདི་བྱེད་ཅིང་འདུག་གོ་ཞེས་མི་ཤེས་པ་དང༌།བྱ་བ་དང་མི་བྱ་བའི་དམིགས་མི་ཤེས་པ་ན་ཤེས་བཞིན་མེད་པ་ཞེས་བྱའོ།།འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།འདིའི་ལས་ཀྱང་ཉེས་བ་འབྱུང་བའི་རྟེན་བྱེད་པ་སྟེ།ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་བྱ་བ་དང་མི་བྱ་བ་མི་ཤེས་པས་རྟག་ཏུ་སྐྱོན་དང་ལྟུང་བ་ཤ་སྟག་འབྱུང་བའི་ཕྱིར་རོ།ཞེས་གསུངས་པ་ལྟར་དང༌།ཤེས་བཞིན་མ་ཡིན་པ་འདིས་ལྟུང་བའི་རྟེན་བྱེད་པ་ནི།སྤྱོད་འཇུག་ལས།ཐོས་ལྡན་དད་པ་ཅན་དང་ནི།།བརྩོན་པ་ལྷུར་ལེན་དུ་མ་ཡང༌།།ཤེས་བཞིན་མེད་པའི་སྐྱོན་ཆགས་པས།།ལྟུང་བའི་རྙོག་དང་བཅས་པར་འགྱུར།།ཞེས་གསུངས་པ་ལྟར་རོ།
ཁ༢༠རྣམ་པར་གཡེང་བ།
རྣམ་པར་གཡེང་བ་ནི།མངོན་པ་ཀུན་བཏུས་ལས།རྣམ་པར་གཡེང་བ་གང་ཞེ་ན།འདོད་ཆགས་དང༌།ཞེ་སྡང་དང༌།གཏི་མུག་གི་ཆར་གཏོགས་པའི་སེམས་ཀྱི་རྣམ་པར་འཕྲོ་བ་སྟེ།འདོད་ཆགས་དང་འབྲེལ་བའི་བར་དུ་གཅོད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར། ཉོན་མོངས་པའི་དབང་གིས་སེམས་དམིགས་པ་ལས་གཡེང་བར་བྱེད་པའོ།།ཕུང་པོ་ལྔའི་རབ་བཤད་ལས།རྣམ་པར་གཡེང་བ་གང་ཞེ་ན།འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གི་ཤས་ཀྱི་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་གང་སེམས་གཡེང་པ་སྟེ།འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ཀྱིས་རྒྱུ་བྱས་ནས་གང་སེམས་ཏིང་ངེ་འཛིན་དུ་རྩེ་གཅིག་ཏུ་དམིགས་པའི་ཚེའམ་ཐོས་པ་ལ་སོགས་པའི་དགེ་བའི་ཆོས་སེམས་ལ་སེམས་པའི་ཚེ་གཟུགས་ལ་སོགས་པ་འདོད་པ་ལྔའི་ཡུལལ་སེམས་འཕྲོས་པའམ་སེམས་ཡེང་བར་སོང་བ་ལ་རྣམ་པར་གཡེང་བ་ཞེས་བྱའོ།།དེའང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།དེ་ལ་འདོད་ཆགས་དང་ཞེ་སྡང་དུས་གཅིག་ཏུ་མི་འབྱུང་བའི་ཕྱིར་ཡང་ན་ནི་འདོད་ཆགས་དང་གཏི་མུག་གི་དབང་གིས་གཡེང་བ་འབྱུང༌།ཡང་ན་ནི་ཞེ་སྡང་དང་གཏི་མུག་གིས་གཡེང་བ་འབྱུང་བར་རིག་པར་བྱའོ།།ཞེས་གསུངས་སོ།།
རྣམ་པར་གཡེང་བ་ལ་དབྱེ་ན་དྲུག་ཡོད་དེ།ངོ་བོ་ཉིད་ཀྱི་གཡེང་བ།ཕྱི་རོལ་དུ་གཡེང་བ།ནང་གི་གཡེང་བ།མཚན་མའི་གཡེང་བ།གནས་ངན་ལེན་གྱི་གཡེང་བ།ཡིད་ལ་བྱེད་པའི་གཡེང་བ་རྣམས་སོ།།
ངོ་བོ་ཉིད་ཀྱི་གཡེང་བ་ནི།དབང་པོའི་ཤེས་པ་ལྔ་ལ་བཤད་དོ།།དེའི་རྒྱུ་མཚན་ཡང་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ་དབང་ཤེས་ལྔ་པོ་གང་རུང་ཞིག་སྐྱེས་ན་ཏིང་ངེ་འཛིན་དེ་ལས་ལངས་པ་ཡིན་པས།ཏིང་ངེ་འཛིན་ལས་སེམས་ཕྱིར་གཡེང་བ་ཞེས་བརྗོད་དོ།།དེ་ལ་ཕུང་པོ་ལྔའི་རབ་བཤད་ལས།མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་ཚོགས་ལ་ནི་རང་བཞིན་གྱིས་གཡེང་བ་ཞེས་བྱ་སྟེ།རྣམ་པར་ཤེས་པ་ལྔ་པོ་དེ་དག་ནི་རང་བཞིན་གྱིས་ནང་དུ་རྩེ་གཅིག་པར་འཇོག་མི་ནུས་པའི་རང་བཞིན་ཡིན་པའི་ཕྱིར་རོ།།ཞེས་གསུངས་པ་བཞིན་ནོ། 15/19 མདུན་ངོས། 上一页 13 14 15 16 17 18 下一页 尾页 |