ཁ༤འཚིག་པ།
འཚིག་པ་ནི།མངོན་པ་ཀུན་བཏུས་ལས།འཚིག་པ་གང་ཞེ་ན།ཁོང་ཁྲོ་བའི་ཆར་གཏོགས་པ་ཁྲོ་བ་དང་ཁོན་དུ་འཛིན་པ་སྔོན་དུ་འགྲོ་བའི་སེམས་ཀྱིས་ཀུན་ནས་མནར་སེམས་པ་སྟེ།ཚིག་རྩུབ་པོ་བརླང་ཞིང་དྲག་པོའི་རྟེན་བྱེད་པའི་ལས་ཅན་དང༌།བསོད་ནམས་མ་ཡིན་པ་འཕེལ་བའི་ལས་ཅན་དང༌།རེག་པར་མི་གནས་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར། གཞན་གྱིས་རང་ལ་ཉེས་པ་གླེངས་པ་ན་ཉེས་པ་ལ་འགྱོད་པ་དང་མཐོལ་བའི་བསམ་པ་མེད་པར་ཁྲོ་བ་དང་ཁོན་འཛིན་གྱི་དབང་གིས་ཞེ་འགྲས་བའི་བསམ་པས་ཚིག་རྩུབ་པོ་སྨྲ་བར་འདོད་པའི་བློ་ལྟ་བུའོ།།འདི་ལ་ཕུང་པོ་ལྔའི་རབ་བཤད་ལས།འཚིག་པ་གང་ཞེ་ན།ཚིག་བརླང་པོས་ཞེར་འདེབས་པ་སྟེ།ཚིག་བརླང་པོ་ནི་ཤིན་ཏུ་མི་བཟད་པའིཡི་ལ་བྱ་སྟེ།ཚིག་གང་སྨྲས་ན་སེམས་ཅན་གཞན་གྱི་གནད་དུ་འཕེན་ཅིང་ཡིད་མི་བདེ་བར་འགྱུར་བའི་ཚིག་རྩུབ་པོ་ལ་ཚིག་བརླང་པོ་ཞེས་བྱའོ།དཔེར་ན་སྦྱལ་གདུག་པས་ཟོས་ན་ལུས་ལ་གནོད་པར་འགྱུར་བ་བཞིན་དུ་དང་པོ་གཞན་གྱིས་གནོད་པ་བྱས་པ་དང་ཕྲད་དོ།དེ་ནས་ཁྲོས་སོ།།དེ་ནས་ཁོན་དུ་བཟུང་ངོ༌།།དེ་ནས་རིགས་དང་རུས་ལ་སོགས་པ་སྨོས་པའི་ཚིག་རྩུབ་པོས་གཞན་གྱི་ཞེར་འདེབས་ཤིང་གཞན་གྱི་ཡིད་མི་བདེ་བ་སྐྱེད་པ་ནི་འཚིག་པ་ཞེས་བྱའོ།འདི་ཡང་ཁོང་ཁྲོ་བའི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་ཟད་དོ།འདིའི་ལས་ཀྱང་རྣམ་པ་གཉིས་བྱེད་དེ།ཚིག་ངན་པ་འབྱིན་པར་བྱེད་པ་དང༌།མི་བདེ་བར་གནས་པར་བྱེད་པའོ།།ཚིག་ངན་འབྱིན་པར་བྱེད་པ་ནི་རུས་དང་རིགས་ལ་སོགས་པ་སྨོས་པའི་ཚིག་རྩུབ་པོ་འབྱིན་པར་བྱེད་པའོ།།མི་བདེ་བར་གནས་པར་བྱེད་པ་ནི་ཚིག་གདུག་པར་སྨྲ་བའི་གང་ཟག་དེ་དང་ལྷན་ཅིག་ཏུ་གནས་པའི་གང་ཟག་གཞན་དག་ཀྱང་མི་བདེ་བར་གནས་བར་འགྱུར་བའི་ཕྱིར་རོ།།ཞེས་བཤད་ལ།རིན་འཕྲེང་བ་ལས།འཇིག་པ་སྡིག་ལ་ཞེན་པའོ།།ཞེས་སྡིག་ལ་ཞེན་ནས་མི་གཏང་བ་ལ་བཤད་ལ།མཛོད་འགྲེལ་ལས་ཀྱང་འཚིག་པ་སྡིག་པ་ལ་དམ་དུ་འཛིན་པ་དང་ལྟ་བ་མཆོག་འཛིན་ལས་སྐྱེ་བར་བཤད་དོ།འདིས་ཚིག་རྩུབ་སོགས་ཉེས་པའི་ལས་དུ་མ་ལ་འཇུག་པ་དང༌།བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་པས་ཚེ་འདིར་བདེ་བ་ལ་རེག་པར་མི་གནས་ཤིང༌།ཕྱི་མ་ལ་རྣམ་སྨིན་ཡིད་དུ་མི་འོང་བསྐྱེད་དོ།
ཁ༥ཕྲག་དོག
ཕྲག་དོག་ནི།མངོན་པ་ཀུན་བཏུས་ལས།ཕྲག་དོག་གང་ཞེ་ན།རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་གཞན་གྱི་ཕུན་སུམ་ཚོགས་པའི་ཁྱད་པར་ལ་མི་བཟོད་པར་གྱུར་པ་སེམས་ཁོང་ནས་འཁྲུག་པ་ཞེ་སྡང་གི་ཆར་གཏོགས་པ་སྟེ།ཡིད་མི་བདེ་བ་དང༌།རེག་པར་མི་གནས་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།རྙེད་བཀུར་ལ་ཆགས་པའི་དབང་གིས་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པར་སེམས་ཁོང་ནས་འཁྲུག་པའོ།།འདིས་ནི་འདི་ཕྱི་གཉིས་ཀར་མི་འདོད་པ་ཆེན་པོ་བསྐྱེད་དེ།ཕྱི་མར་ངན་སོང་དུ་འཕེན་ནོ།
ཕུང་པོ་ལྔའི་རབ་བཤད་ལས།ཕྲག་དོག་གང་ཞེ་ན།ཕ་རོལ་པོའི་ཕུན་སུམ་ཆོགས་པ་ལ་སེམས་ཁྱད་པར་འཁྲུགས་པ་སྟེ།ཕ་རོལ་པོའི་ཕུན་སུམ་ཚོགས་པ་ནི་གཞན་གྱི་འབྱོར་བ་ལ་བྱ་སྟེ།སེམས་ཅན་གཞན་ཆོས་གོས་ལ་སོགས་པའི་རྙེད་པ་དང་ལྡན་པ་དང༌།ཕྱག་འཚལ་བ་ལ་སོགས་པའི་བཀུར་སྟི་དང་ལྡན་པ་དང༌།རིགས་མཐོ་བ་དང་ཚུལ་ཁྲིམས་དང༌།ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ།།སེམས་ཁྱད་པར་འཁྲུགས་པ་ཞེས་བྱ་བ་ནི་ཞེ་སྡང་གི་ཤས་ཀྱིས་སེམས་མི་བཟོད་པར་གྱུར་པ་སྟེ།ཕ་རོལ་པོ་རྙེད་པ་དང་བཀུར་སྟི་དང༌།རིགས་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་མཐོང་བ་དང་དེ་ལ་མི་དགའ་ཞིང་སེམས་འཁྲུག་ལ་མི་བཟོད་པ་ནི་ཕྲག་དོག་ཅེས་བྱའོ།།འདི་ཡང་ཞེ་སྡང་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།དེའི་ལས་ནི་མི་བདེ་བར་གནས་པའི་རྟེན་བྱེད་པ་སྟེ།ཕྲག་དོག་དང་ལྡན་པ་ནི་གཞན་གྱི་ཡོན་ཏན་ཡོད་པར་མཐོང་བ་དང༌།དུས་ཐམས་ཅད་དུ་བདག་གི་སེམས་མི་བདེ་ཞིང་འཁྲུག་པ་སྐྱེ་བར་བྱེད་པའི་ཕྱིར་རོ།།ཞེས་གསུངས་སོ།།
ཁ༦སེར་སྣ།
སེར་སྣ་ནི།མངོན་པ་ཀུན་བཏུས་ལས།སེར་སྣ་གང་ཞེ་ན།རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་ཡོ་བྱད་རྣམས་ལ་སེམས་ཀྱི་ཀུན་ཏུ་འཛིན་པ་འདོད་ཆགས་ཀྱི་ཆར་གཏོགས་པ་སྟེ།ཡོ་བྱད་མི་བསྙུངས་པའི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།རྙེད་བཀུར་ལ་ཆགས་པའི་དབང་གིས་ཡོ་བྱད་གཏོང་མི་ནུས་པར་དམ་དུ་འཛིན་པའོ།།འདི་ལ་ཕུང་པོ་ལྔའི་རབ་བཤད་ལས།སེར་སྣ་གང་ཞེ་ན།སྦྱིན་པ་དང་མི་མཐུན་པའི་སེམས་ཀྱིས་ཀུན་ཏུ་འཛིན་པ་སྟེ།བདག་གིར་བྱས་པའི་དངོས་པོ་ཆོས་དང་ཟིང་ཟིང་ལ་སོགས་པས་མཆོད་པ་དང༌།ཕན་གདགས་པར་འདོད་པས་འདོད་པ་དང་མི་འདོད་པ་ལ་ཡོངས་སུ་གཏོང་བར་བྱེད་པ་ནི་སྦྱིན་པ་ཞེས་བྱའོ།། བདག་གིར་བྱས་པའི་དངོས་པོ་ཞེས་བྱ་བ་ནི་བདག་དབང་བའམ་བདག་ལ་བྱ་བའི་དངོས་པོའོ།།ཆོས་ནི་གསུང་རབ་ཀྱི་དོན་དང་ཚིག་འཆད་པ་ལ་མཁས་པའོ།།ཟང་ཟིང་ནི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པའི་ཡོ་བྱད་དོ།།མཆོད་རྟེན་ལ་སོགས་པ་ལ་ནི་མཆོད་པར་འདོད་པའི་ཕྱིར་ཡོངས་སུ་གཏོང་ངོ༌།།ཕོངས་པ་རྣམས་ལ་ནི་ཕན་འདོགས་པར་འདོད་པའི་ཕྱིར་ཡོངས་སུ་གཏོང་ངོ༌།།དགེ་འདུན་ལ་ནི་མཆོད་པ་དང་ཕན་གདགས་པར་འདོད་པའི་ཕྱིར་ཡོངས་སུ་གཏོང་ངོ༌།།ཡེ་ཕོངས་པ་དང་དགེ་འདུན་ལ་ཡོངས་སུ་གཏོང་པ་ནི་འདོད་པ་ལ་སྦྱིན་པ་ཞེས་བྱའོ།།སངས་རྒྱས་ལ་སོགསཔའི་འཕགསཔ་ལ་ཡོངས་སུ་གཏོང་བ་ནི་མི་འདོད་པ་ལ་སྦྱིན་པ་ཞེས་བྱའོ།།སེར་སྣ་ཡོད་ན་ཆོས་དང་ཟང་ཟིང་གཞན་ལ་གཏོང་བའི་མཚན་ཉིད་ཀྱི་སྦྱིན་པ་མི་བྱེད་ཅིང་མེད་པར་འགྱུར་བས་ན་སེར་སྣ་ནི་སྦྱིན་པ་དང་མི་མཐུན་པ་ཞེས་བྱའོ།།སེམས་ཀྱི་ཀུན་ཏུ་འཛིན་པ་ཞེས་བྱ་བ་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པས་འདོད་ཆགས་ཀྱི་ཤས་ཀྱིས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་འཚོ་བའི་ཡོ་བྱད་རྣམས་དང༌།དངོས་པོ་གང་མི་མཁོ་བ་དང་ངན་པ་ཡང་གཞན་ལ་གཏོང་མི་ཕོད་ཅིང་ཟང་ཟིང་རྣམས་སྡུད་པར་བྱེད་པ་ལ་ནི་སེར་སྣ་ཞེས་བྱའོ།།འདི་ཡང་འདོད་ཆགས་ཀྱི་ཤས་ལས་འབྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།དེའི་ལས་ནི་ཆོག་མི་ཤེས་པའི་རྟེན་བྱེད་པ་སྟེ།སེར་སྣ་དང་ལྡན་པ་རྣམས་ནི་འཚོ་བའི་ཡོ་བྱད་ཟང་ཟིང་སྡུད་པ་ལ་ཆོག་མི་ཤེས་པའི་ཕྱིར་རོ།།ཞེས་གསུངས་སོ།།
འདིས་ནི་འདི་ཕྱི་གཉིས་ཀར་མི་འདོད་པ་ཆེན་པོ་བསྐྱེད་དེ།ཟླ་བ་སྒྲོན་མེ་ལས།རུལ་པར་གྱུར་པའི་ལུས་འདི་དང༌།།སྲོག་ཀྱང་གཡོབ་དབང་མེད་ཅིང༌།།རྨི་ལམ་སྒྱུ་མ་འདྲ་བ་ལ།།བྱིས་པ་འདི་དག་ཆགས་པས་ན།།ཤིན་ཏུ་མ་རུངས་ལས་བྱས་ཏེ།།སྡིག་པའི་དབང་དུ་སོང་བ་དང༌།།མི་མཁས་འཆི་བདག་བཞོན་པས་སོང༌།།དེ་དག་མི་བཟད་སེམས་དམྱལ་འགྲོ།ཞེས་དང༌།སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ལས་ཀྱང༌།སེམས་ཅན་གང་དག་ཁ་ཅིག་རྩོད་འགྱུར་བ།།དེ་ཡི་གཞི་རྩ་ཡོངས་སུ་འཛིན་པ་སྟེ།།དེ་ལྟས་གང་ལ་སྲེད་པར་འགྱུར་བ་སྤོངས།།སྲེད་པ་སྤང་བ་བྱས་ན་གཟུངས་སུ་འགྱུར།ཞེས་སོགས་མཐའ་ཡས་པར་གསུངས་སོ།།
ཁ༧སྒྱུ།
སྒྱུ་ནི།མངོན་པ་ཀུན་བཏུས་ལས།སྒྱུ་གང་ཞེ་ན།རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པས་ཡོན་ཏན་མ་ཡིན་པ་ཀུན་ཏུ་སྟོན་པ་སྟེ།ལོག་པས་འཚོ་བའི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།རྙེད་བཀུར་ལ་ལྷག་པར་ཆགས་པའི་དབང་གིས་རང་ལ་ཡོན་ཏན་མེད་ཀྱང་ཡོད་པ་ལྟར་སྟོན་པ་སྟེ།ནང་དུ་སེམས་ཤིན་ཏུ་མ་དུལ་ཡང་གཞན་བསླུ་བའི་བསམ་པས་ཞི་དུལ་ལྟར་ཚུལ་འཆོས་པ་ལྟ་བུའོ།། འདི་ལ་ཕུང་པོ་ལྔའི་རབ་བཤད་ལས།སྒྱུ་གང་ཞེ་ན།ཕ་རོལ་པོ་སླུ་བ་ཡང་དག་པ་ཡང་དག་པ་མ་ཡིན་པའི་དོན་སྟོན་པ་སྟེ།བདག་གང་ཚུལ་ཁྲིམས་དང་མི་ལྡན་མཁས་པ་མ་ཡིན་ཀྱང་ཚུལ་ཁྲིམས་དང་ལྡན་པ་འདྲ་བའམ་མཁས་པ་དང་འདྲ་བར་གཞན་ལ་སྟོན་ཅིང་སྒྲོགས་པ་ནི་གཞན་ལ་སླུ་བའོ།།ཚུལ་ཁྲིམས་དང་མི་ལྡན་པ་འདྲ་བར་བསྟན་ན་གཞན་གྱིས་རྙེད་པ་དང་བཀུར་སྟི་མི་སྟེར་དུ་དོགས་ནས་རྙེད་པ་དང་བཀུར་སྟི་ལ་ཆགས་པས་རྙེད་པ་དང་བཀུར་སྟི་ལ་ཆགས་པའི་རྒྱུས་བདག་ཚུལ་ཁྲིམས་དང་མི་ལྡན་པར་གནས་པ་ཡིན་ཡང་ཚུལ་ཁྲིམས་དང་ལྡན་པ་འདྲ་བར་གནས་པར་དོན་གཞན་དུ་སྟོན་ཅིང་སྒྲོགས་པ་དང༌།བདག་མཁས་པ་མ་ཡིན་ཡང་མཁས་པ་འདྲ་བར་ཡང་དག་པར་དོན་མ་ཡིན་པ་སྟོན་ཅིང་སྒྲོགས་པ་ནི་སྒྱུ་ཞེས་བྱའོ།།འདི་ཡང་འདོད་ཆགས་དང་གཏི་མུག་གི་ཤས་ཀྱིས་ཡོན་ཏན་ཡོད་པ་མ་ཡིན་ཀྱང་ཡོན་ཏན་ཅན་དུ་སྟོན་ཅིང་སྒྲོགས་པར་བྱེད་པས་འདོད་ཆགས་དང་གཏི་མུག་གི་ཤས་ལས་བྱུང་བའི་ཕྱིར་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།འདིའི་ལས་ནི་ལོག་པར་འཚོ་བའི་རྟེན་བྱེད་པ་སྟེ།ཡོན་ཏན་མེད་ཀྱང་ལུས་དང་ངག་གི་སྒོ་ནས་ཡོན་ཏན་ཅན་འདྲ་བར་ཚུལ་བཅོས་ནས་ཆོས་གོས་དང་མལ་སྟན་ལ་སོགས་པ་གཡོ་སྒྱུས་བཙལ་བ་ལ་སྤྱོད་པར་བྱེད་པས་ན་ལོག་པར་འཚོ་བའི་རྟེན་བྱེད་པ་ཞེས་བྱའོ།།ཞེས་བཤད་དོ།།
གཞན་གྱི་སྣང་ངོར་ཚུལ་འཆོས་བྱེད་པ་ནི་ལོག་འཚོ་སྒྲུབ་པའི་ཐབས་ཁོ་ན་ལས་འོས་མེད་དོ།།ལོག་འཚོ་ནི་ལྔ་སྟེ།ཚུལ་འཆོས་དང༌། ཁ་གསག་དང༌།གཞོགས་སློང་དང༌།ཐོབ་ཀྱིས་འཇལ་བ་དང༌།རྙེད་པས་རྙེད་པ་འཚོལ་བ་རྣམས་སོ།།ཚུལ་འཚོས་ནི་གོང་དུ་བཤད་པུདེ་ལྟར་ཏེ།ཡོན་ཏན་མེད་བཞིན་དུ་ཡོད་པ་ལྟར་བཅོས་ནས་གཞན་གྱི་སྣང་ངོར་ཕྱི་ཚུལ་འཆོས་པའོ།།ཁ་གསག་ནི།རྙེད་བཀུར་གྱི་ཕྱིར་གཞན་གྱི་བློ་དང་མཐུན་པའི་ཚིག་འཇམ་པོར་སྨྲ་བའོ།།གཞོགས་སློང་ནི།གཞན་གྱི་རྫས་ཐོབ་འདོད་ནས་ཁ་གསག་སྔོན་དུ་བཏང་སྟེ་གཞན་གྱི་རྫས་ལ་བསྔགས་པ་བྱེད་པའོ།།ཐོབ་ཀྱིས་འཇལ་བ་ནི།རྙེད་པའི་ཕྱིར་དུ་གཞན་ལ་སེར་སྣ་ཆེ་བ་སོགས་ཀྱི་སྐྱོན་ནས་བརྗོད་པའོ།། རྙེད་པས་རྙེད་པ་འཚོལ་བ་ནི།རྙེད་པ་དོན་དུ་གཉེར་ནས་གཞན་གྱི་མདུན་དུ་གང་ཟག་ཆེ་གེ་མོ་ཞིག་གིས་བདག་ལ་འདི་དང་འདི་ལྟ་བུ་ཞིག་སྔར་བྱིན་ནོ་ཞེས་སྔར་ཐོབ་པ་ལ་བསྔགས་པ་བྱེད་པའོ།། མདོར་ན་བསླབ་པའི་བཅོས་མཚམས་ཚུལ་བཞིན་དུ་མི་སྲུང་བར་རྙེད་པ་ལ་ཆགས་པས་གྲོང་དུ་བསོད་སྙོམས་ལ་རྒྱུ་བའང་ལོག་འཚོར་གསུངས་སོ།།
ཁ༨གཡོ།
གཡོ་ནི།མངོན་པ་ཀུན་བཏུས་ལས།གཡོ་གང་ཞེ་ན།རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པས་ཉེས་པ་ཡང་དག་པར་སྤྱོད་པ་སྟེ།ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།རྙེད་བཀུར་ལ་ཆགས་པའི་དབང་གིས་རང་གིས་ཉེས་པ་གཞན་ལ་མི་མངོན་པར་སྦ་འདོད་པའི་བློའོ།།རབ་བཤད་ལས།གཡོ་བ་གང་ཞེ་ན།བདག་གི་ཉེས་པ་འཆབ་པའི་ཐབས་གཟུང་བ་སྟེ།སེམས་གྱ་གྱུ་བའོ།།བདག་ཉིད་ཀྱིས་སྲོག་གཅོད་པོ་ལ་སོགས་པའི་སྐྱོན་བྱས་པ་ནི་བདག་གི་ཉེས་པའོ།།བདག་གི་ཉེས་པ་འཆབ་པ་ནི་བདག་གི་ཉེས་པ་མཁྱུད་པའམ་སྦེད་པའོ།།ཚུལ་ཅིས་ཉེས་པ་བཅབས་ཤེ་ན།ཐབས་གཟུང་བ་སྟེ།ཐབས་ཀྱིས་གཟུང་བས་ཉེས་པ་འཆབ་ཅེས་བྱ་བའི་དོན་ཏོ།།ཐབས་གཟུང་བ་ཞེས་བྱ་བ་ནི་གཞན་མགོ་རྨོངས་པར་བྱེད་པ་སྟེ།དེའང་གཞན་དག་གིས་ཁྱོད་ཀྱིས་ཉེས་པ་འདི་ལྟ་བུ་ཞིག་མ་བྱས་སམ་ཞེས་དྲིས་ན།བདག་མ་དུ་རའི་གྲོང་ཁྱེར་ནས་རྒྱལ་པོའི་ཁབ་ཏུ་མཆིས་ཞེས་བྱ་བ་ལ་སོགས་པའི་གཏམ་གཞན་ནས་གཞན་དུ་སྐྱོང་ཞིང་གཏམ་རླུང་སྐུར་བར་བྱེད་པའམ།སྨྲ་ན་མི་གསལ་བར་ཉེས་པ་བྱས་སམ་མ་བྱས་གཏོལ་མེད་ཅིང་ཅི་སྨྲས་གཏོལ་མེད་པར་སྨྲ་བ་ནི་གཡོ་ཞེས་བྱའོ།།གཡོ་དང་ལྡན་པའི་གང་ཟག་རྣམས་དྲང་པོར་མི་སེམས་ཤིང་དྲང་པོར་མི་སྨྲ་བས་ན་སེམས་གྱ་གྱུ་བ་ཞེས་བྱའོ།།འདི་ཡང་རྙེད་པ་དང་བཀུར་སྟི་ལ་ཆགས་པ་དང་ཉེས་པ་བཅབས་ན་སྡུག་བསྔལ་གྱི་རྒྱུར་འགྱུར་བར་མི་ཤེས་པའི་གཏི་མུག་གི་དབང་གིས་འབྱུང་བས་ན་འདོད་ཆགས་དང་གཏི་མུག་གི་ཤས་ལས་འབྱུང་བའི་ཕྱིར་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།ཞེས་གསུངས་སོ།།
དེའི་ལས་ཀྱང་ཡང་དག་པའི་ལུང་བསྒོ་བ་འཐོབ་པའི་བགེགས་བྱེད་པ་སྟེ།སུ་ཉེས་པ་འཆབ་པའི་གཡོདང་ཆགས་པ་དེ་ལ་མཁན་པོ་དང་སློབ་དཔོན་གྱིས་ཡང་དག་པའི་ལུང་བསྒོ་བར་མི་བྱེད་ཅིང་སྔར་ལུང་བསྒོ་ཐོབ་པ་རྣམས་ཀྱང་གཡོ་ཡོད་པས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ལོག་པར་བྱས་པའི་ཕྱིར་ཡང་དག་པར་ལུང་བསྒོ་བ་ཐོབ་པའི་བགེགས་བྱེད་པའོ།།
གཡོ་སྒྱུ་གཉིས་པོ་འདིས་ནི་ཚེ་འདིར་ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་ཅིང༌།ཚེ་རབས་ཕྱི་མ་རྣམས་སུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མི་ཕྲད་པ་དང༌།གདམས་ངག་མི་རྙེད་པ་སོགས་མི་འདོད་པ་སྣ་ཚོགས་བསྐྱེད་པས།གཡོ་སྒྱུ་གཉིས་པོ་འདི་འོད་སྲུང་གིས་ཞུས་པ་ལས་ནག་ཆོས་བཞིའི་ནང་ཚན་དུ་བགྲངས་སོ།།
ད་ལྟ་རང་ཅག་རྣམས་ཉེས་པ་ལྐོག་ཏུ་བྱས་ནས་གཞན་གྱིས་མཅོར་བར་གསང་ཐུབ་ན་ཕོ་གྲུང་བ་དང་སྤྱང་བར་བྱེད་མོད།ཆོས་དང་བསྟུན་ན་རང་སླུ་བར་བྱེད་པའོ།།ཚུལ་འདི་ལ་སྤྱོད་འཇུག་ལས།སངས་རྒྱས་བྱང་ཆུབ་སེམས་དཔའ་དག།ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན།།དེ་དག་ཐམས་ཅད་སྤྱན་སྔ་ན།།རྟག་པར་བདག་ནི་གནས་སོ་ཞེས།།དེ་ལྟར་བསམས་ནས་ངོ་ཚ་དང༌།།གུས་དང་འཇིགས་ལྡན་དེ་བཞིན་མནོས།།ཞེས་གསུངས་པ་ཡང་ཡང་དྲན་པར་བྱའོ།། 13/19 མདུན་ངོས། 上一页 11 12 13 14 15 16 下一页 尾页 |