ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ག༥ལོག་ལྟ།
ལོག་ལྟ་ནི།མངོན་པ་ཀུན་བཏུས་ལས།ལོག་པར་ལྟ་བ་གང་ཞེ་ན།རྒྱུའམ།འབྲས་བུའམ།བྱེད་པ་ལ་སྐུར་པ་འདེབས་པ་དང༌།ཡོད་པའི་དངོས་པོ་འཇིག་པ་སྟེ།།ལོག་པར་རྣམ་པར་རྟོག་པའི་བཟོད་པ་དང༌།འདོད་པ་དང༌།བློ་གྲོས་དང༌།རྟོག་པ་དང༌།ལྟ་བ་གང་ཡིན་པ་སྟེ།དགེ་བའི་རྩ་བ་གཅོད་པའི་ལས་ཅན་དང༌།མི་དགེ་བའི་རྩ་བ་དམ་དུ་འཛིན་པའི་ལས་ཅན་དང༌།མི་དགེ་བ་ལ་འཇུག་པའི་རྟེན་བྱེད་པའི་ལས་ཅན་དང༌།དགེ་བ་ལ་མི་འཇུག་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་སོགས་མེད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ།།ལོག་ལྟ་དེ་ལ་དབྱེ་ན་བཞི་སྟེ།རྒྱུ་ལ་སྐུར་བ་འདེབས་པའི་ལོག་ལྟ།འབྲས་བུ་ལ་སྐུར་བ་འདེབས་པའི་ལོག་ལྟ།བྱེད་པ་ལ་སྐུར་པ་འདེབས་པའི་ལོག་ལྟ།ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པའི་ལོག་ལྟ་རྣམས་སོ།།རྒྱུ་ལ་སྐུར་པ་འདེབས་པ་ནི།ལེགས་སྤྱད་ཉེས་སྤྱད་སོགས་མེད་པར་ལྟ་བའོ།། འབྲས་བུ་ལ་སྐུར་པ་འདེབས་པ་ནི།ལས་དགེ་སྡིག་གི་རྣམ་སྨིན་མེད་པར་ལྟ་བའོ།།བྱེད་པ་ལ་སྐུར་པ་འདེབས་པ་ནི།ཕ་མ་དང་འཇིག་རྟེན་སྔ་ཕྱི་སོགས་མེད་པར་ལྟ་བའོ།།ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་ནི།དགྲ་བཅོམ་ཐོབ་པ་སོགས་མེད་པར་ལྟ་བའོ།།སྤྱིར་ལོག་ལྟ་ལ་མང་དུ་ཡོད་ཀྱང་ལས་འབྲས་དང་འཇིག་རྟེན་སྔ་ཕྱི་སོགས་ལ་སྐུར་པ་འདེབས་པའི་ལོག་ལྟ་འདིས་ནི་དགེ་རྩ་ཐམས་ཅད་གཅོད་པར་བྱེད་པས་ལོག་ལྟ་ཐམས་ཅད་ཀྱི་ནང་ནས་ཆེ་ཤོས་སུ་གསུངས་སོ།
འདིར་རབ་བཤད་ལས།ལོག་པའི་ལྟ་བ་གང་ཞེ་ན།རྒྱུའམ་འབྲས་བུའམ་བྱེད་པ་ལ་སྐུར་ནས་ཡོད་པའི་དངོས་པོ་འཇིག་པ་སྟེ།གང་ཤེས་རབ་ཉོན་མོངས་པ་ཅན་ནོ།།སྐུར་ཞེས་བྱ་བའི་སྒྲ་ནི་རྒྱུ་ལ་སྐུར་བའམ།འབྲས་བུ་ལ་སྐུར་བའམ།བྱེད་པ་ལ་སྐུར་ཞེས་ཚིག་རེ་རེ་ལ་སྦྱར་རོ།དེ་ལ་སྦྱིན་པ་མེད།སྦྱིན་སྲོག་མེད།ལས་ལེགས་པར་བྱས་པ་མེད།ལས་ཉེས་པར་བྱས་པ་མེད་ཅེས་སྨྲ་བ་ནི་རྒྱུལ་སྐུར་པའོ།། ལས་དེ་དག་གི་འབྲས་བུ་བདེ་བ་དང་སྡུག་བསྔལ་མྱོང་བ་མེད་ཅེས་སྨྲ་བ་ནི་འབྲས་བུ་ལ་སྐུར་བ་ཞེས་བྱའོ།།འཇིག་རྟེན་འདི་མེད།འཇིག་རྟེན་ཕ་རོལ་མེད།ཕ་མེད།མ་མེད།སེམས་ཅན་རྫུས་ཏེ་སྐྱེ་བ་མེད་ཅེས་སྨྲ་བ་ནི་བྱེད་པ་ལ་སྐུར་བ་སྟེ།དེ་ལ་བྱེད་པ་ཡང་རྣམ་པ་གསུམ་མོ།།བྱེད་པ་རྣམ་པ་གསུམ་ནི་འཇིག་རྟེན་གཞན་དུ་འགྲོ་བར་བྱེད་པ་དང༌།ས་བོན་འཇོག་པར་བྱེད་པ་དང༌།མཚམས་སྦྱོར་བར་བྱེད་པའོ།།འཇིག་རྟེན་གཞན་དུ་འགྲོ་བར་བྱེད་པ་ནི་ཚེ་འདི་ནས་ཤི་འཕོས་ནས་ཚེ་ཕྱི་མར་སྐྱེ་བར་བྱེད་པ་སྟེ།འཇིག་རྟེན་འདི་མེད། འཇིག་རྟེན་ཕྱི་མ་མེད་ཅེས་སྨྲ་བས་འཇིག་རྟེན་གཞན་དུ་འགྲོ་བར་བྱེད་པ་ལ་སྐུར་པའོ།།ས་བོན་འཇོག་པར་བྱེད་པ་ནི་ལུས་ཀྱི་རྒྱུ་ཕའི་ཁུ་བ་དང་མའི་མི་གཙང་བ་འཇོག་པར་བྱེད་པ་སྟེ།ཕ་མེད་མ་མེད་ཅེས་སྨྲ་བས་ནི་ས་བོན་འཇོག་པར་བྱེད་པ་ལ་སྐུར་བའོ།། མཚམས་སྦྱོར་བར་བྱེད་པ་ནི་སེམས་ཅན་གང་དག་པདྨོ་ལ་སོགས་པའི་ནང་དུ་རྫུས་ཏེ་སྐྱེས་པའམ།རྣམ་པར་ཤེས་པ་མའི་མངལ་དུ་འཕོས་པ་སྟེ།སེམས་ཅན་རྫུས་ཏེ་སྐྱེས་པ་མེད་ཅེས་སྨྲ་བས་ནི་མཚམས་སྦྱོར་བར་བྱེད་པ་ལ་སྐུར་པའོ།།འཇིག་རྟེན་ན་དགྲ་བཅོམ་པ་མེད་ཅེས་སྨྲ་བ་ནི་ཡོད་པའི་དངོས་པོ་ཆུད་ཟ་བར་བྱེད་པ་སྟེ།དེ་ལྟར་ལས་དང་འབྲས་བུ་དང་བྱེད་པ་དང་དགྲ་བཅོམ་པ་ལ་སོགས་པ་མེད་པར་ལྟ་བ་ལ་ལོག་པའི་ལྟ་བ་ཞེས་བྱའོ།ཡང་ན་འཕགས་པའི་བདེན་པ་བཞི་ལ་སྐུར་པ་སྟེ།ཀུན་འབྱུང་མེད་ཅེས་སྨྲ་བ་ནི་རྒྱུལ་སྐུར་བའོ།། སྡུག་བསྔལ་མེད་ཅེས་པ་སྨྲ་བ་ནི་འབྲས་བུ་ལ་སྐུར་པའོ།།ལམ་མེད་ཅེས་ཟེར་བ་ནི་བྱེད་པ་ལ་སྐུར་པའོ།།འགོག་པ་མེད་ཅེས་ཟེར་བ་ནི་ཡོད་པའི་དངོས་པོ་འཇིག་པའོ།།ཡང་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གསུམ་དུ་གཞག་གོ།དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་གསུམ་ནི་ཉོན་མོངས་པའི་ཡན་ལག་ཏུ་གཞག་སྟེ།དེ་མེད་ཅེས་སྨྲ་བ་ནི་རྒྱུ་ལ་སྐུར་པའོ།།རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྐྱེ་བ་དང་རྒ་ཤི་དང་བདུན་ནི་སྡུག་བསྔལ་གྱི་ཡན་ལག་སྟེ།དེ་མེད་ཅེས་སྨྲ་བ་ནི་འབྲས་བུ་ལ་སྐུར་པའོ།།འདུ་བྱེད་དང་སྲིད་པ་གཉིས་ནི་ལས་ཀྱི་ཡན་ལག་སྟེ།དེ་མེད་ཅེས་སྨྲ་བ་ནི་བྱེད་པ་ལ་སྐུར་པའོ།།མ་རིག་པ་འགགས་ན་རིག་པ་སྐྱེ་བར་འགྱུར་བ་ཡིན་ན་དེ་དག་མེད་ཅེས་སྨྲ་བ་ནི་ཡོད་པའི་དངོས་པོ་འཇིག་པར་བྱེད་པའོ།།མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནས།སྐྱེ་བ་འགགས་པས་རྒ་ཤི་འགག་པའི་བར་དུ་མ་རིག་པ་འགགས་ན་རིག་པ་སྐྱེ་བར་འགྱུར་བ་ཡིན་ན།དེ་དག་མེད་ཅེས་སྨྲ་བ་ནི་ཡོད་པའི་དངོས་པོ་འཇིག་པར་བྱེད་པའོ།།གཏི་མུག་དང་ལྡན་ཞིང་རྨོངས་པ་དང་བཅས་པ་རྣམས་ལ་ནི་ཐམས་ཅད་མེད་དོ་ཞེས་སྐུར་པ་འདེབས་པ་འབྱུང་གི།རྨོངས་པ་མེད་ཅིང་ཤེས་རབ་དང་ལྡན་པ་རྣམས་ལ་ཐམས་ཅད་མེད་དོ་ཞེས་སྐུར་པ་འདེབས་པ་མི་འབྱུང་བས་ལོག་པའི་ལྟ་བ་འདི་གཏི་མུག་དང་ལྡན་པ་དང་ཡོད་པའི་ཆོས་རྣམས་ལ་མེད་དོ་ཞེས་ཕྱིན་ཅི་ལོག་ཏུ་བཟུང་བས་ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ།།ཞེས་གསུངས་སོ།།
དེ་ལྟར་ལྟ་བ་ལྔ་པོ་དེ་ཡང་བསྡུ་ན་སྒྲོ་འདོགས་དང་སྐུར་འདེབས་ཀྱི་ལྟ་བ་གཉིས་སུ་འདུ་ཞིང༌།ལྔ་པོ་དེ་ལ་ནང་གསེས་ཀྱིས་ཕྱེ་ན་ནི།འཇིག་ལྟ་ཉི་ཤུ་དང༌།ལྟ་ངན་དྲུག་ཅུ་རྩ་གཉིས་དང༌།ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལ་སོགས་པ་མཐའ་ཡས་སོ།།
འཇིག་ཚོགས་སུ་ལྟ་བ་ཡང་བདག་དང་བདག་གིར་མེད་པ་ལ་བདག་དང་བདག་གིར་ཕྱིན་ཅི་ལོག་ཏུ་ལྟ་བ་དང༌།མཐར་འཛིན་པ་ཡང་རྟག་པ་དང་ཆད་པ་མེད་པོ་ལ་རྟག་པ་དང་ཆད་པ་ཕྱིན་ཅི་ལོག་ཏུ་ལྟ་བས་ན་ལྟ་བ་ལྔ་ཆར་ཡང་ལོག་པའི་ལྟ་བ་ཡིན་པ་ལས་ཅིའི་ཕྱིར་མེད་པར་ལྟ་བ་འབའ་ཞིག་ལ་ལོག་པའི་ལྟ་བ་ཞེས་བཏགས་ལ་ལྟ་བ་གཞན་ལ་ལོག་པའི་ལྟ་བ་ཞེས་མི་བྱ་ཞེ་ན།རབ་བཤད་ལས།ཤིན་ཏུ་ལོག་པར་ལྟ་བ་ལ་ཞུགས་པ་དང༌།ཤིན་ཏུ་སྡིག་པའི་རྒྱུར་འགྱུར་བ་འབའ་ཞིག་ལ་ལོག་པའི་ལྟ་བ་ཞེས་བྱ་ཡི་ལྟ་བ་གཞན་ལ་ལོག་པའི་ལྟ་བ་ཞེས་མི་བྱ་སྟེ།དཔེར་ན་མར་གྱི་དྲི་མི་ཞིམ་པ་དང་གདོལ་བུ་སྡིག་ཅན་ཞེས་བྱ་བ་བཞིན་ནོ།འདི་ལྟར་མར་ཀུན་ཀྱང་དྲི་མི་ཞིམ་པ་ཡིན་མོད་ཀྱི་གང་ལྷག་པར་དྲི་མི་ཞིམ་པ་དེ་ལ་མར་དྲི་མི་ཞིམ་པ་ཞེས་བྱ་བ་དང༌།གདོལ་བུ་ཀུན་ཀྱང་སྡིག་པའི་ལས་ཅན་ཡིན་མོད་ཀྱི་གང་ལྷག་པར་གཞན་པས་གསད་གཅད་ལ་དགའ་བའི་གདོལ་བུ་ལ་གདོལ་བུ་སྡིག་ཅན་ཞེས་བྱ་བ་བཞིན་དུ་ལྟ་བ་གཞན་ཡང་ལོག་པར་ལྟ་བ་ཡིན་མོད་ཀྱི་དེ་དག་ཕུང་པོ་ལྔ་ལ་མེད་པར་སྐུར་པ་མི་འདེབས་ཤིང་དེ་ལས་ལྷག་པར་བདག་ལ་སོགས་པ་ཡོད་པར་སྒྲོ་འདོགས་པའི་རྣམ་པར་ཞུགས་པ་ཡིན་པས་ཤིན་ཏུ་ལོག་པར་ཞུགས་པ་ཡང་མ་ཡིན་ལ་ཤིན་ཏུ་སྡིག་པའི་རྒྱུ་བྱེད་པ་ཡང་མ་ཡིན་པས་ལྟ་བ་གཞན་ལ་ལོག་པའི་ལྟ་བ་ཞེས་མ་བཏགས་ཀྱི།ཐམས་ཅད་མེད་པར་ལྟ་བ་འདི་ནི་ཐམས་ཅད་མེད་དོ་ཞེས་སྐུར་པའི་རྣམ་པར་ཞུགས་པས་ཤིན་ཏུ་ལོག་པར་ཞུགས་པ་དང༌།ཤིན་ཏུ་ལོག་པ་སྡིག་པའི་རྒྱུ་བྱེད་པའི་ཕྱིར་ལོག་པར་ལྟ་བ་ཞེས་བཏགས་སོ།།འདིའི་ལས་ནི་དགེ་བའི་རྩ་བ་གཅོད་ཅིང་མི་དགེ་བའི་རྩ་བ་སྐྱེད་ཅིང་འཕེལ་བར་བྱེད་པའི་རྟེན་བྱེད་པ་སྟེ།ལོག་པར་ལྟ་བ་སྐྱེས་ན་སྔོན་དགེ་བའི་རྩ་བ་བསགས་པ་ཐམས་ཅད་ཀྱང་མེད་པར་འགྱུར་ལ་མི་དགེ་བའི་རྩ་བ་ཐམས་ཅད་འཕེལ་ཞིང་རྒྱས་པར་འགྱུར་བའི་ཕྱིར་རོ།།ཞེས་གསུངས་སོ།།
ཀ༥ཉེ་ཉོན་ཉི་ཤུ།
ཉེ་ཉོན་ཉི་ཤུ་ནི།ཁྲོ་བ་དང༌།ཁོན་དུ་འཛིན་པ་དང༌།འཆབ་པ་དང༌།འཚིག་པ་དང༌།ཕྲག་དོག་དང༌།སེར་སྣ་དང༌།སྒྱུ་དང༌།གཡོ་དང༌།རྒྱགས་པ་དང༌།རྣམ་པར་འཚེ་བ་དང༌།ངོ་ཚ་མེད་པ་དང༌།ཁྲེལ་མེད་པ་དང༌།རྨུགས་པ་དང༌།རྒོད་པ་དང༌།མ་དད་པ་དང༌།ལེ་ལོ་དང༌།བག་མེད་པ་དང༌།བརྗེད་ངས་པ་དང༌།ཤེས་བཞིན་མ་ཡིན་པ་དང༌།རྣམ་པར་གཡེང་བ་རྣམས་སོ།།
ཁ༡ཁྲོ་བ།
ཁྲོ་བ་ནི།མངོན་པ་ཀུན་བཏུས་ལས།ཁྲོ་བ་གང་ཞེ་ན།གནོད་པར་བྱེད་པའི་རྒྱུ་ཉེ་བར་གནས་པ་ན་ཁོང་ཁྲོ་བའི་ཆར་གཏོགས་པའི་སེམས་ཀྱིས་ཀུན་ནས་མནར་སེམས་པ་སྟེ།མཚོན་ཆ་ལེན་པ་དང༌།ཆད་པས་གཅོད་པ་ལ་སོགས་པ་དང༌།གནོད་པ་ཤོམ་པའི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།ཀུན་ནས་མནར་སེམས་ཀྱི་གཞི་དགུ་གང་རུང་ཉེ་བར་གནས་པ་ན་བརྡེག་པ་སོགས་གནོད་པ་བྱ་འདོད་པའི་ཀུན་ནས་མནར་སེམས་པའོ།ཀུན་ནས་མནར་སེམས་ཀྱི་གཞི་དགུ་ནི།འདིས་བདག་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་སྙམ་པ་གསུམ་དང༌།འདིས་བདག་གི་གཉེན་གྱི་ཕྱོགས་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་སྙམ་པ་གསུམ་དང༌།འདིས་བདག་གི་དགྲའི་ཕྱོགས་ལ་ཕན་བཏགས་སོ་འདོགས་སོའདོགས་པར་འགྱུར་རོ་སྙམ་པ་གསུམ་སྟེ།དགུ་པོ་དེ་ལ་ཀུན་ནས་མནར་སེམས་ཀྱི་གཞི་དགུ་ཞེས་བཤད་དེ།ཕུང་པོ་ལྔའི་རབ་བཤོད་ལས།ཁྲོ་བ་གང་ཞེ་ན།འཕྲལ་དུ་གནོད་པ་བྱེད་པ་ལ་གནས་ཏེ་གང་སེམས་ཀྱིས་གནོད་པར་བྱེད་པ་སྟེ།འཕྲལ་དུ་གནོད་པར་བྱེད་པ་བཟུང་བས་ནི་འདས་པ་དང་མ་འོངས་པའི་དུས་སུ་གནོད་པ་བྱས་པ་དགག་པ་སྟེ།ད་ལྟར་གྱི་དུས་ཉིད་ན་གནོད་པར་བྱས་པ་ལ་བྱའོ།།གནོད་པར་བྱེད་པ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་གང་སེམས་ཀྱིས་གནོད་པར་བྱ་བར་སེམས་པ་སྟེ།དེ་ནི་ཁྲོ་བ་ཞེས་བྱའོ།།སེམས་ཀྱིས་གནོད་པར་བྱེད་པ་སྨོས་པས་ལུས་ཀྱིས་གནོད་པར་བྱེད་པ་བཀག་པ་ཡིན་ཏེ།ལུས་ཀྱིས་གནོད་པར་བྱེད་པ་ནི་ཁྲོ་བའི་འབྲས་བུ་ཡིན་པས་ན་དེ་ལ་ཁྲོ་བ་ཞེས་མི་བྱའོ།། ཁྲོ་བ་འདི་ཡང་ཁོང་ཁྲོ་བའི་ཤས་ལས་འབྱུང་བས་ན་བཏགས་པར་ཡོད་ཀྱི་རྫས་སུ་མེད་པར་རིག་པར་བྱའོ།།དེའི་ལས་ནི་དབྱིག་པས་རྡེག་པ་ལ་སོགས་པའི་རྟེན་བྱེད་པའི་ལས་ཅན་ཏེ།ཁྲོ་བ་བྱུང་ནས་སེམས་ཅན་ལ་བརྡེག་པ་དང་བཅིང་བ་ལ་སོགས་པ་གདོན་མི་ཟ་བར་འབྱུང་བར་བྱེད་པའི་ཕྱིར་རོ།ཞེས་གསུངས་སོ།།
ཁོང་ཁྲོ་རྩ་ཉོན་དང་ཁྲོ་བ་ཉེ་ཉོན་གྱི་སྐབས་སུ་བྱུང་པས་ཁོང་ཁྲོ་དང་ཁྲོ་བ་བ་གཉིས་ལ་ཁྱད་པར་ཅི་ཡོད་སྙམ་ན།ཁོང་ཁྲོ་དང་ཞེ་སྡང་ནི་ཁྲོ་བའི་ཡུལ་ཉེ་བར་མི་གནས་ཀྱང་སེམས་ལ་ཤར་བ་ཙམ་གྱིས་མི་བཟོད་པར་ཁོང་ནས་འཁྲུགས་པ་མེ་འབར་བ་ལྟ་བུ་ཡིན་ལ།ཁྲོ་བ་ནི།ཁྲོ་བའི་གཞི་ཉེ་བར་གནས་པ་ན་རྡེག་པ་སོགས་བྱེད་པར་འདོད་པ་དེ་ཡིན་ནོ།
ཁ༢ཁོན་དུ་འཇིན་པ།
ཁོན་དུ་འཛིན་པ་ནི།མངོན་པ་ཀུན་བཏུས་ལས།ཁོན་དུ་འཛིན་པ་གང་ཞེ་ན།དེའི་འོག་ཏུ་ཁོང་ཁྲོ་བའི་ཆར་གཏོགས་པ་ཉིད་ཀྱིས་ཤར་གཉེར་བའི་བསམ་པ་མི་གཏོང་བ་སྟེ།མི་བཟོད་པའི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།ཁོང་ཁྲོའི་རྒྱུན་མི་གཏོང་བར་གནོད་པ་དང་གནོད་ལན་བྱ་འདོད་པའི་བློ་སྟེ་མི་བཟོད་པའི་རྟེན་བྱེད་པའོ།།འདི་ལ་རབ་བཤད་ལས།ཁོན་དུ་འཛིན་པ་གང་ཞེ་ན།མདུད་པར་འཛིན་པ་སྟེ།དང་པོར་མི་དབེན་པའམ་གནོད་པར་བྱས་པ་དང་ཕྲད་དོ།།དེ་ནས་ཁྲོས་སོ།།དེ་ནས་ཁྲོ་བའི་འོག་ཏུ་འདིས་བདག་ལ་གནོད་པ་འདི་ལྟ་བུ་ཞིག་བྱས་པས་ལན་མ་ལོན་བར་དུ་མི་གཏོང་ངོ་སྙམ་དུ་སེམས་ཤིང་ཞེ་སྡང་གི་བསམ་པ་རྒྱུན་དུ་སེམས་ལ་འཇོག་ཅིང་མདུད་པར་འཛིན་པ་མི་གཏོང་བ་ནི་ཁོན་དུ་འཛིན་པ་ཞེས་བྱའོ།།ཡང་ན་འདིས་བདག་ལ་གནོད་པ་སྔོན་བྱས།ད་ལྟར་བྱེད།ཕྱིས་བྱེད་པར་འགྱུར།འདིས་བདག་གི་མཛའ་བོ་ལ་གནོད་པ་སྔོན་བྱས།ད་ལྟར་བྱེད།ཕྱིས་བྱེད་པར་འགྱུར།འདིས་བདག་གི་དགྲ་ལ་སྔོན་ཕན་བཏགས།ད་ལྟར་ཕན་འདོགས་པར་བྱེད།ཕྱིས་ཕན་འདོགས་པར་བྱེད་པས་འདི་ལ་གནོད་པར་མི་བྱ་བར་མི་གཏོང་ངོ་སྙམ་དུ་ཞེ་སྡང་གི་བསམ་པ་རྒྱུན་དུ་མི་གཏོང་བ་ནི་ཁོན་དུ་འཛིན་པ་ཞེས་བྱའོ།།འདི་ཡང་ཞེ་སྡང་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།་།འདིའི་ལས་ཀྱང་མི་བཟོད་པར་བྱེད་པའི་རྟེན་བྱེད་པ་སྟེ།གནོད་པར་བྱེད་པས་ཇི་བྱས་ཀྱང་མི་བཟོད་ཅིང་ཕྱིས་དེ་ལ་གནོད་པར་བྱེད་པར་འདོད་པས་ན་དེའི་ལས་ནི་མི་བཟོད་པའི་རྟེན་བྱེད་པའོ།།ཞེས་གསུངས་སོ།།སེམས་བྱུང་འདི་གཉིས་ལ།རིན་ཆེན་འཕྲེང་བ་ལས།ཁྲོ་བ་སེམས་ཀྱི་འཁྲུག་པ་སྟེ།།དེ་དང་རྗེས་འབྲེལ་ཁོན་དུ་འཛིན།།ཅེས་བཤད་དོ།།
ཁ༣འཆབ་པ།
འཆབ་པ་ནི།མངོན་པ་ཀུན་བཏུས་ལས།འཆབ་པ་གང་ཞེ་ན།ལེགས་པར་བསྐུལ་བ་ལ་གཏི་མུག་གི་ཆར་གཏོགས་པས་ཁ་ན་མ་ཐོ་བ་མཁྱུད་པ་སྟེ།འགྱོད་པ་དང་རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།དགེ་བའི་བཤེས་གཉེན་སོགས་གང་ཟག་གཞན་གྱིས་རང་ལཕན་པར་འདོད་པའི་བསམ་པས་ཉེས་པ་གླེངས་པ་ན།གཏི་མུག་གི་དབང་གིས་ཉེས་པ་སྦ་བར་འདོད་པའི་བློ་ཞིག་གོ།རང་གི་ཉེས་པ་ཁས་མི་ལེན་པར་འཆབ་པར་བྱེད་པ་འདིས་ནི་ཉེས་པ་ཆུང་ངུ་ཡང་ཆེན་པོར་འཕེལ་ཏེ་འགྱོད་པ་དང་བདེ་བ་ལ་རེག་པར་མི་གནས་པའི་རྒྱུ་བྱེད་ཅིང༌།ཕྱི་མར་ངན་སོང་དུ་འཕེལ་བའི་ལས་བྱེད་དོ།།
འདི་ལ་རབ་བཤད་ལས།འཆབ་པ་གང་ཞེ་ན།བདག་གི་ཁ་ན་མ་ཐོ་བར་མཁྱུད་པ་སྟེ།ཁ་ན་མ་ཐོ་བ་ནི་སྲོག་གཅོད་པོ་ལ་སོགས་པའི་སྡིག་པའི་ལས་བྱས་པའོ།།མཁན་པོའམ་སློབ་དཔོན་ལ་སོགས་པས་གླེང་བའོ།འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་དབང་དུ་མི་འགྲོ་ཞིང༌།འཇིགས་པའི་ཕྱིར་སྨྲ་བ་ཡིན་པ་ལ་འདིས་སྡིག་པ་མ་བཤགས་ན་སྡུག་བསྔལ་གྱི་རྒྱུར་འགྱུར་རོ་ཞེས་དེ་ལ་ཕན་པར་འདོད་པ་དེས་མང་པོའི་མདུན་དུ་མི་གླེང་བར་སྐབས་སུ་བབ་པར་བྱས་ནས།ཁྱོད་ཀྱི་སྡིག་པ་འདི་ལྟ་བུ་ཞིག་བྱས་ཀྱི་ཤོགས་ཤིག་ཅེས་བྱས་པ་དང་སྡིག་པ་མ་བཤགས་ན་སྡུག་བསྔལ་གྱི་རྒྱུར་འགྱུར་བར་མི་ཤེས་པའི་གཏི་མུག་གི་དབང་དུ་སོང་ནས་བདག་གིས་སྡིག་པ་མ་བྱས་སོ་ཞེས་ཁ་ན་མ་ཐོ་བ་བྱས་པ་མཁྱུད་ཅིང་བསྙོན་པ་ནི་འཆབ་པ་ཞེས་བྱའོ།།འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།འདིའི་ལས་ཀྱང་རྣམ་པ་གཉིས་བྱེད་དེ།འགྱོད་པ་དང་མི་བདེ་བར་གནས་པའི་རྟེན་བྱེད་པའོ།གང་གིས་ཁ་ན་མ་ཐོ་བ་མཁྱུད་པ་དེ་ལ་འགྱོད་པ་སྐྱེ་བར་འགྱུར་རོ།།འགྱོད་པ་སྐྱེས་ནས་གདོན་མི་ཟ་བར་ཡིད་མི་བདེ་བ་དང་ལྡན་པར་འགྱུར་བའི་ཕྱིར་མི་བདེ་བར་གནས་པར་ཡང་འགྱུར་རོ།ཞེས་གསུངས་སོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号