ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ཁ༤མ་རིག་པ།
མ་རིག་པ་ནི།མངོན་པ་ཀུན་བཏུས་ལས།མ་རིག་པ་གང་ཞེ་ན།ཁམས་གསུམ་པའི་མི་ཤེས་པ་སྟེ།ཆོས་རྣམས་ལ་ལོག་པར་ངེས་པ་དང་ཐེ་ཚོམ་དང་ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་རྨོངས་པའི་སེམས་བྱུང་མི་ཤེས་པའོ།།ཕུང་པོ་ལྔའི་རབ་བཤད་ལས།མ་རིག་པ་གང་ཞེ་ན།ལས་དང་འབྲས་བུ་དང༌།བདེན་པ་དང༌།དཀོན་མཆོག་མི་ཤེས་པ་དེ་ཞེས་བྱ་བ་སྨོས་ཏེ།དེ་ལ་ལས་ནི་རྣམ་པ་གསུམ་སྟེ།བསོད་ནམས་ཀྱི་ལས་དང༌།བསོད་ནམས་མ་ཡིན་པའི་ལས་དང༌།མི་གཡོ་བའི་ལས་སོ།།འབྲས་བུ་རྣམ་པ་གཉིས་ཏེ།ཡིད་དུའོང་བ་དང༌།ཡིད་དུ་མི་འོང་བའོ།།དེ་ལ་ལྷ་དང་མིའི་བདེ་འགྲོར་སྐྱེས་བ་ནི་ཡིད་དུ་འོང་བའོ།།ངན་སོང་གསུམ་དུ་སྐྱེས་པ་ནི་ཡིད་དུ་མི་འོང་བའོ།།ཡང་ན་འབྲས་བུ་བཞི་སྟེ།རྒྱུན་དུ་ཞུགས་པའི་འབྲས་བུ་དང༌།ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌།ཕྱིར་མི་འོང་བའི་འབྲས་བུ་དང༌།དགྲ་བཅོམ་པའི་འབྲས་བུའོ།།བདེན་པ་རྣམ་པ་བཞི་སྟེ།སྡུག་བསྔལ་དང༌།ཀུན་འབྱུང་དང༌།འགོག་པ་དང༌།ལམ་མོ།།དཀོན་མཆོག་རྣམ་པ་གསུམ་སྟེ།སངས་རྒྱས་དང༌།ཆོས་དང༌།དགེ་འདུན་ནོ།།མིང་གིས་སྨོས་པའི་ཆོས་དེ་དག་ཡོད་པར་མ་རྟོགས་ཤིང་ཁོང་དུ་མ་ཆུད་པའམ།ཆོས་དེ་དག་གི་མཚན་ཉིད་མ་རྟོགས་ཤིང་ཁོང་དུ་མ་ཆུད་པ་དེ་ནི་མ་རིག་པ་ཞེས་བྱའོ།།ཞེས་གསུངས་སོ།།
མ་རིག་པ་འདི་ལ་སེམས་བྱུང་མི་ཤེས་པའི་རྨོངས་པ་དང༌། ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་གཉིས་ལས།ཀུན་བཏུས་ལས་དངོས་བསྟན་ལ་སེམས་བྱུང་མི་ཤེས་པ་ལ་བཤད་ལ།སློབ་དཔོན་དབྱིག་གཉེན་གྱིས་ཀྱང་ཕུང་པོ་ལྔའི་རབ་བཤད་དུ་དེ་ལྟར་བཤད་པས་ཐོགས་མེད་སྐུ་མཆེད་གཉིས་ཀ་དེ་ལྟར་དུ་བཞེད་པ་མཐུན་ལ།སློབ་དཔོན་ཆོས་ཀྱི་གྲགས་པ་ནི་ཕྱིན་ཅི་ལོག་ཏུ་འཛིན་པའི་རྨོངས་པ་ལ་བཞེད་དོ།།དེ་ལྟར་མ་རིག་པ་ལ་ལོག་རྟོག་ཏུ་བཞེད་པ་དང༌།མ་རྟོགས་པའི་བློར་བཞེད་པ་གཉིས་ཡོད་ཀྱང༌།མ་རིག་པའི་གཉེན་པོའི་གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་ལ་བཞེད་པ་འདྲའོ།
མ་རིག་པ་འདི་ལ་དབྱེ་ན།ལས་འབྲས་ལ་རྨོངས་པའི་མ་རིག་པ་དང༌།དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་མ་རིག་པ་གཉིས་སོ།།ལས་འབྲས་ལ་རྨོངས་པའི་མ་རིག་པས་ནི་ངན་སོང་དུ་སྐྱེ་བའི་ལས་གསོག་པར་བྱེད་ཅིང༌།དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པས་ནི་ངན་འགྲོར་འཁོར་བའི་ལས་གསོག་པར་བྱེད་གོ།རབ་བཤད་ལས།མ་རིག་པ་རྣམ་པ་གཉིས་ཏེ།ལྷན་ཅིག་སྐྱེས་པའི་མ་རིག་པ་དང༌། ཡོངས་སུ་བརྟགས་པའི་མ་རིག་པའོ།།དེ་ལ་ཉོན་མོངས་པ་གཞན་དང་མི་ལྡན་ཞིང་མ་འདྲེས་པའི་མ་རིག་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ་སྟེ།དེའང་ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་རྣམས་ཡོད་པར་ཁོང་དུ་མ་ཆུད་ཅིང་མི་ཤེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ།།ཐེ་ཚོམ་དང༌།ལོག་པར་ལྟ་བ་དང༌།ཚུལ་ཁྲིམས་དང༌།བརྟུལ་ཞུགས་བསྙེམས་པ་དང༌།འདོད་ཆགས་དང༌།ཁོང་ཁྲོ་བ་ལ་སོགས་པ་ཉོན་མོངས་པ་གཞན་དང་འདྲིས་ཤིང་འགྲོགས་པའི་མ་རིག་པ་ནི་ཡོངས་སུ་བརྟགས་པའི་མ་རིག་པ་ཞེས་བྱའོ།།དེ་ལ་དེ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་ལ་སོགས་པ་ཡོད་དམ་མེད་སྙམ་དུ་ཡིད་གཉིས་ཟ་བ་ནི་ཐེ་ཚོམ་དང་འདྲེས་པའི་མ་རིག་པ་སྟེ།དེའང་ཡོངས་སུ་བརྟགས་པའི་མ་རིག་པ་ཞེས་བྱའོ།།བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌།མི་གཡོ་བའི་ལས་རྣམས་མེད་དོ་ཞེས་སྐུར་བ་འདེབས་པ་ནི་ལོག་པའི་ལྟ་བ་དང་འདྲེས་པའི་མ་རིག་པ་སྟེ།དེ་ཡང་ཡོངས་སུ་བརྟགས་པའི་མ་རིག་པ་ཞེས་བྱའོ།།སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ནི་བསོད་ནམས་ཀྱི་ལས་ཡིན་ན།སྦྱིན་པ་དང་ཚལ་ཁིམས་ལ་བསོད་ནམས་མ་ཡིམ་པར་འདུ་ཤེས་ཤིང་བསོད་ནམས་མ་ཡིན་པ་ཕྱགས་བསད་ཅིང་སྦྱིན་སྲེག་བྱེད་པ་དང༌།མེའི་ནང་དུ་ལུས་འདོར་བ་ལ་སོགས་ལ་བསོད་ནམས་སུ་འདུ་ཤེས་ནས་ཕྱུགས་བསད་དེ་སྦྱིན་སྲེག་བྱས་པ་དང་ལུས་མེར་བོར་ནས་མཐོ་རིས་སུ་སྐྱེའོ་ཞེས་རྟོག་པ་དང༌།ཚུལ་ཁྲིམས་ལ་བརྟེན་ནས་འཕགས་པའི་ལམ་བསྒོམས་པས་ཐར་བར་གྱུར་བར་ཡིན་ན།ཚུལ་ཁྲིམས་དང་བརྟུལ་ཞུགས་ཉི་ཚེ་ཅན་གྱིས་ཐར་པར་འགྱུར་རོ་ཞེས་ལྟ་བ་ནི།ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་དང་ལྡན་པའི་མ་རིག་པ་སྟེ།དེའང་ཡོངས་སུ་བརྟགས་པའི་མ་རིག་པ་ཞེས་བྱའོ།།འགྲོ་བ་བཟང་པོ་ཚུལ་དུ་ཤེས་པ་ལ་བརྟགས་ནས་འདོད་ཆགས་སྐྱེ་བ་དང༌།དགྲ་ལ་བརྟགས་ནས་ཞེ་སྡང་སྐྱེ་བ་ཡང་ཡོངས་སུ་བརྟགས་པའི་མ་རིག་པ་ཞེས་བྱའོ།།ཞེས་གསུངས་སོ།།
    འདིའི་བྱེད་ལས་ལ་ཆོས་རྣམས་ལ་ལོག་པར་ངེས་པ་དང་ཐེ་ཆོམ་དང་ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པར་གསུངས་པ་ནི།མ་རིག་པ་ལ་བརྟེན་ནས་ཉོན་མོངས་གཞན་རྣམས་འབྱུང་ཞིང༌།དེ་ལ་བརྟེན་ནས་ལས་དང༌།ལས་ལ་བརྟེན་ནས་འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱུང་བས་ཉོན་མོངས་དང་ཉེས་པ་ཐམས་ཅད་མ་རིག་པ་ལ་བརྟན་ནས་འབྱུང་བའི་དོན་ཏེ།རྣམ་འགྲེལ་ལས།གང་ཞིག་བདག་མཐོང་དེ་ལནི།།ང་ཞེས་རྟག་ཏུ་ཞེན་པར་འགྱུར།ཞེན་པས་བདེ་ལ་སྲེད་འགྱུར་ཏེ།།སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད།།ཅེས་དང༌།ཉེས་པ་རྣམ་པ་ཐམས་ཅད་དག།འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན།།དེ་མ་རིག་སྟེ་དེ་ལས་ཆགས།།དེ་ལས་ཞེ་སྡང་ལ་སོགས་འབྱུང༌།།དེ་ཉིད་ཀྱིས་ན་ཉེས་རྣམས་ཀྱི།།རྒྱུ་ནི་གཏི་མུག་ཡིན་པར་གསུང༌།།ཞེས་དང༌།ཉེས་ཀུན་དེ་ཡི་རྩ་བ་ཅན།།དེ་ཡང་འཇིག་ཚོགས་ལྟ་བ་ཡིན།།ཞེས་དང༌།ཕུང་པོ་ལྔའི་རབ་བཤད་ལས།མ་རིག་པའི་ལས་ཀྱང་རྣམ་པ་གསུམ་བྱེད་དེ།ལོག་པར་གཏན་ལ་འབེབས་པ་དང་སྐྱེད་པ་དང་ཀུན་ནས་ཉོན་མོངས་པ་སྐྱེ་བའི་གནས་སྦྱིན་པའི་ལས་ཅན་ནོ།དེ་ལ་ལོག་པར་གཏན་ལ་འབེབས་པ་ནི་མ་རིག་པའི་དབང་གིས་མི་རྟག་པ་ལ་རྟག་པར་འཛིན་པ་དང་བདག་མེད་པ་ལ་བདག་ཏུ་འཛིན་པའི་ཕྱིར་རོ།ཐེ་ཚོམ་སྐྱེད་པ་ནི་མ་རིག་པའི་དབང་གིས་ན་ལས་དང་འབྲས་བུ་ལ་སོགས་པ་ཡོད་པ་ཞིག་གམ་མེད་པ་ཞིག་ཅེས་ཡིད་གཉིས་སྐྱེ་བར་བྱེད་པའི་ཕྱིར་རོ། ཀུན་ནས་ཉོན་མོངས་པ་སྐྱེ་བའི་རྟེན་བྱེད་པ་ནི་མ་རིག་པ་ལས་འདོད་ཆགས་དང་ཁོང་ཁྲོ་བ་དང་ཉོན་མོངས་པ་གཞན་བྱུང་བའི་ཕྱིར་རོ།།མི་དགེ་བའི་རྩ་བ་གསུམ་ནི་འདོད་པའི་ཁམས་ཉིད་ན་ལྡན་གྱི་གཟུགས་དང་གཟུགས་མེད་པའི་ཁམས་དང་མི་ལྡན་པར་བསྟན་པའི་ཕྱིར་མོ།འདོད་པ་ནི་སྤྱོད་པའི་འདོད་ཆགས་དང་ཁོང་ཁྲོ་བ་དང་འདོད་པ་ན་སྤྱོད་པའི་མ་རིག་པ་དེ་དག་ནི་མི་དགེ་བའི་རྩ་བ་གསུམ་སྟེ།ཆགས་པ་ནི་མི་དགེ་བའི་རྩ་བ་དང་ཞེ་སྡང་དང་གཏི་མུག་གོ།འདོད་པ་ན་སྤྱོད་ཅེས་བྱ་བ་ནི་འདོད་པའི་ཁམས་སུ་གཏོགས་པ་ཞེས་བྱ་བའི་དོན་ཏོ།།འདོད་པའི་ཁམས་སུ་གཏོགས་པའི་འདོད་ཆགས་དང༌།འདོད་པའི་ཁམས་སུ་གཏོགས་པའི་ཁོང་ཁྲོ་དང༌།འདོད་པའི་ཁམས་སུ་གཏོགས་པའི་མ་རིག་པ་དེ་དག་གསུམ་ལ་མི་དགེ་བའི་རྩ་བ་གསུམ་ཞེས་བྱ་སྟེ།འདོད་པ་ན་སྤྱོད་པའི་འདོད་ཆགས་ལ་ནི་ཆགས་པ་མི་དགེ་བའི་རྩ་བ་ཞེས་བྱའོ།། འདོད་པ་ན་སྤྱོད་པའི་ཁོང་ཁྲོ་ལ་ནི་ཞེ་སྡང་མི་དགེ་བའི་རྩ་བ་ཞེས་བྱའོ།།འདོད་པ་ན་སྤྱོད་པའི་མ་རིག་པ་ལ་ནི་གཏི་མུག་མི་དགེ་བའི་རྩ་བ་ཞེས་བྱའོ།།འདོད་པ་ན་སྤྱོད་པའི་འདོད་ཆགས་དང་ཁོང་ཁྲོ་བ་དང་མ་རིག་པ་དེ་དག་རང་ཉིད་ཀྱང་མི་དགེ་བ་ཡིན་ལ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་གཞན་གྱི་ཡང་རྒྱུ་བྱེད་པས་མི་དགེ་བའི་རྩ་བ་ཞེས་བྱའོ།།གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་འདོད་པའི་ཡོན་ཏན་ལ་ཁ་ཕྱིར་བལྟས་པ་མ་ཡིན་གྱི་ཁ་ནང་དུ་བལྟས་ཤིང་དེ་དག་གི་ཉོན་མོངས་པ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་གཞན་གྱི་རྒྱུ་མི་བྱེད་པས་ན་མི་དགེ་བའི་རྩ་བ་ཞེས་མི་བྱའི།གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་ཐམས་ཅད་ལ་ལུང་དུ་མི་སྟོན་པ་ཞེས་བྱའོ།།ཞེས་གསུངས་པ་ལྟར་རོ།
མདོར་ན་མ་རིག་པ་འདི་ནི་ཁམས་གསུམ་འཁོར་བར་འཁོར་བའི་རྩ་བ།ལས་དང་ཉོན་མོངས་ཐམས་ཅད་ཀྱི་གཞི་ཡིན་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མར་མ་རིག་པ་གསུངས་པ་ཡིན་ནོ།
ཁ༥ཐེ་ཚོམ།
ཐེ་ཚོམ་ནི།མངོན་པ་ཀུན་བཏུས་ལས།ཐེ་ཚོམ་གང་ཞེ་ན།བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་སྟེ།དགེ་བའི་ཕྱོགས་རྣམས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར། བདེན་བཞི་དང་ལས་འབྲས་སོགས་ལ་དམིགས་ནས་མཐའ་གཉིས་སུ་དོགས་པའི་སེམས་བྱུང་ངོ༌།།ཐེ་ཚོམ་འདིས་དགེ་བའི་བྱ་བ་ཐམས་ཅད་ལ་བར་དུ་གཅོད་ཅིང༌།ལྷག་པར་དུ་ཡང་བདེན་པ་མཐོང་བ་ལ་བར་དུ་གཅོད་ལ།བདེན་པ་མཐོང་ན་འདི་བཟློག་པར་འགྱུར་བས་མཐོང་སྤངས་ཀུན་སྦྱོར་དུ་གསུངས་སོ།།འདི་ལ་ཕུང་པོ་ལྔའི་རབ་བཤད་ལས།ཐེ་ཚོམ་གང་ཞེ་ན།བདེན་པ་ལ་སོགས་པ་ལ་གང་ཡིད་གཉིས་ཟ་བ་སྟེ།བདེན་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིའོ།།སོགས་པའི་སྒྲས་ནི་ལས་དང་འབྲས་བུ་དང༌། དཀོན་མཆོག་ལ་སོགས་པ་བསྡུའོ།ཡིད་གཉིས་ཟ་བ་ནི་ལམ་ཁ་བྲག་དང་རྩྭའི་མི་ལ་བློ་གཉིས་སུ་འཇུག་པ་བཞིན་དུ་གང་བློ་གཉིས་སུ་འཇུག་པའོ།།དཔེར་ན་ལམ་ཁ་བྲག་ཏུ་འདུག་པ་ལས་མ་དུ་རའི་གྲོང་ཁྱེར་དུ་འཇུག་པའི་ལམ་འདི་ཡིན་ནམ་འོན་ཏེ་འདི་མིན་ཞེས་བློ་ཡིད་གཉིས་སུ་འཇུག་པ་ཡིན་པ་དང༌།རྩའི་མི་ལ་འདི་ནི་རྩའི་མི་ཡིན་ནམ།འོན་ཏེ་མི་ཡང་དག་པ་ཞིག་ཡིན་ཞེས་ཡིད་གཉིས་སུ་འཇུག་པ་བཞིན་དུ་ལས་དང་འབྲས་བུ་དང༌།བདེན་པ་དང་དཀོན་མཆོག་ལ་སོགས་པ་ལ་དེ་དག་ཡོད་པ་ཡིན་ནམ་ཞེས་བློ་གཉིས་སུ་འཇུག་པ་ཡིན་པ་དང༌།འོན་ཏེ་མེད་པ་ཡིན་ཞེས་བློ་གཉིས་སུ་འཇུག་པ་ནི་ཐེ་ཚོམ་ཞེས་བྱའོ།།དེའི་ལས་ཀྱང་དགེ་བའི་ཕྱོགས་ལ་མི་འཇུག་པའི་རྟེན་བྱེད་པ་སྟེ།ཐེ་ཚོམ་ཡོད་ན་དགེ་བའི་ཕྱོགས་ལ་རྒྱུན་དུ་འཇུག་པར་མི་བྱེད་པའི་ཕྱིར་རོ།ཞེས་གསུངས་སོ།།
ཁ༦ལྟ་བ་ཉོན་མོངས་ཅན།
ལྟ་བ་ཉོན་མོངས་ཅན་ལ་ལྔ་སྟེ།འཇིག་ལྟ།མཐར་ལྟ།ལྟ་བ་མཆོག་འཛིན།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན།ལོག་ལྟ་རྣམས་སོ།།དེ་ལ་ཕུང་པོ་ལྔའི་རབ་བཤད་ལས།ལྟ་བ་གང་ཞེ་ན།ཤེས་རབ་ཀྱིས་འདི་དང་འདི་ལྟ་བུ་ཞིག་ཅེས་རྣམ་པར་རྟོག་ཅིང་དཔྱོད་པའི་བདག་མཚན་ཉིད་ལ་ལྟ་བ་ཞེས་བྱའོ།དེའང་རྣམ་པ་གསུམ་སྟེ།འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་དང༌།ཟག་པ་མེད་པའི་ལྟ་བ་དང༌།ཉོན་མོངས་པ་དང་བཅས་པའི་ལྟ་བའོ།།དེ་ལ་ཡང་ལས་ཀྱི་འབྲས་བུ་ཡོད༌།ཚེ་འདི་ཡོད།ཚེ་ཕྱི་མ་ཡོད་ཅེས་ལྟ་བ་ནི་འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་ཞེས་བྱའོ།།འཕགས་པ་རྣམས་གང་ཟག་དང་ཆོས་ལ་བདག་མེད་པར་ལྟ་བ་ནི་ཟག་པ་མེད་པའི་ལྟ་བ་ཞེས་བྱའོ།།མུ་སྟེགས་པ་རྣམས་བདག་རྟག་པ་ལ་སོགས་པར་ལྟ་བ་ནི་ཉོན་མོངས་པ་དང་བཅས་པའི་ལྟ་བ་ཞེས་བྱ་སྟེ།འདིར་ཉོན་མོངས་པ་བཤད་པའི་སྐབས་ཡིན་པས།འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་དང༌།ཟག་པ་མེད་པའི་ལྟ་བ་ལ་ནི་མི་བྱའོ།།ཉོན་མོངས་པ་དང་བཅས་པའི་ལྟ་བ་ལྔ་ལ་བྱ་བའི་ཕྱིར།ལྟ་བ་ལང་སྟེ།འཇིགས་ཚོགས་ལ་ལྟ་བ་དང༌།མཐར་འཛིན་པར་ལྟ་བ་དང༌།ལོག་པར་ལྟ་བ་དང༌།ལྟ་བ་བསྙེམས་པ་དང༌།ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་སྟེ།ལྟ་བ་ལྔ་པོ་དེ་དག་ཀྱང་ཉོན་མོངས་པ་ཅན་གྱི་རང་བཞིན་དུ་ཁྱད་པར་མེད་མོད་ཀྱི་ལྟ་བ་དེ་དག་གིས་དམིགས་པར་བྱ་བའི་ཡུལ་ལ་རྣམ་པ་ཐ་དད་པར་དམིགས་པའི་སྒོ་ནས་ལྟ་བ་རྣམ་པ་ལྔར་གཞག་གོ།ལྟ་བ་དེ་དག་གིས་དམིགས་པར་བྱ་བའི་ཡུལ་ནི་ཕུང་པོ་ལྔ་ཡིན་ཏེ།ཕུང་པོ་ལྔ་ལ་འཇིག་ཚོགས་ལ་ལྟ་བས་ནི་བདག་དང་བདག་རྣམ་པར་ལྟ།ཕུང་པོ་ལྔ་ལ་མཐར་འཛིན་པར་ལྟ་བས་ནི་རྟག་པ་དང་ཆད་པའི་རྣམ་པར་ལྟ།ལོག་པའི་ལྟ་བས་ནི་ཕུང་པོ་ལྔ་ལ་མེད་པའི་རྣམ་པར་ལྟ།ཕུང་པོ་ལྔ་ལ་ལྟ་བ་བསྙེམས་པས་ནི་མཆོག་དང་དམ་པའི་རྣམ་པར་ལྟ།ཕུང་པོ་ལྔ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པས་ནི་ཕུང་པོ་ལྔ་པོ་དེ་ཉིད་ཀྱིས་དག་པ་དང་གྲོལ་བའི་རྣམ་པར་ལྟའོ།།ཞེས་གསུངས་པ་ལྟར་རོ།།
ག༡འཇིག་ལྟ།
འཇིག་ལྟ་ནི།མངོན་པ་ཀུན་བཏུས་ལས།འཇིག་ཚོགས་ལ་ལྟ་བ་གང་ཞེ་ན།ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང༌།འདོད་པ་དང༌།བློ་གྲོས་དང༌།རྟོག་པ་དང༌།ལྟ་བ་གང་ཡིན་པ་སྟེ།ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ང་དང་ང་ཡིར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ།འདིར་ཀུན་བཏུས་ལས་བཟོད་པ་ལ་སོགས་པའི་རྣམ་གྲངས་གསུངས་པ་ནི།ཕྱིན་ཅི་ལོག་གི་དོན་དེ་ལ་མི་སྐྲག་པས་ན་བཟོད་པ།ཡུལ་ཕྱིན་ཅི་ལོག་དེ་དོན་དུ་གཉེར་བས་ན་འདོད་པ།ཡུལ་དེ་རབ་ཏུ་འབྱེད་པས་ན་བློ་གྲོས།ཡུལ་དེར་མངོན་པར་ཞེན་པས་ན་རྟོག་པ།ཡུལ་དེ་དམིགས་པར་བྱེད་པས་ན་ལྟ་བ་ཞེས་བརྗོད་དོ།།རབ་བཤད་ལས།འཇིག་ཚོགས་ལ་ལྟ་བ་གང་ཞེ་ན།འཇིག་པར་འགྱུར་ཞིང་མི་རྟག་པའི་ཆོས་ཡིན་པས་ན་འཇིག་པ་ཞེས་བྱ་སྟེ།དེས་ནི་རྟག་པར་ལྟ་བ་ཟློག་གོ།ཆོས་སུ་མ་བརྩམས་པ་ལས་གྱུར་པས་ན་ཚོགས་ཞེས་བྱ་སྟེ།དེས་ནི་གཅིག་པུའི་རང་བཞིན་དུ་ལྟ་བ་ཟློག་གོ།དོན་དུ་ན་མི་རྟག་པ་དུ་མའི་རང་བཞིན་ལ་བདག་རྟག་པ་གཅིག་པུར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ།།འཇིག་ཚོགས་ལ་ལྟ་བ་དེ་དངོས་སུ་གང་ལ་ལྟ་ཞེ་ན།ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་སྟེ།གང་ཤེས་རབ་ཉོན་མོངས་པ་ཅན་ཏེ།དེ་ལ་ཕུང་པོ་ལྔ་ནི་མི་རྟག་པ་དང་དུ་མའི་རང་བཞིན་ཡིན་པས་བདག་དང་བདག་གིར་མེད་པ་ཡིན་ན།རང་གི་རྒྱུད་དུགཏོགས་པའི་ཕུང་པོ་ལྔ་ལ་ནི་བདག་ཏུ་ངེས་པར་འཛིན་ཅིང་ལྟ།གཞན་གྱི་རྒྱུན་དུ་གཏོགས་པའི་ཕུང་པོ་ལྔ་ལ་ནི་བདག་གིར་ངེས་པར་འཛིན་ཅིང་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ།།ཡང་ན་ཕུང་པོ་ལྔ་ལས་རྣམ་པར་ཤེས་པའི་ཕུང་པོ་ནི་བདག་ཏུ་ལྟ།ཕུང་པོ་ལྷག་མ་གཟུགས་དང་ཚོར་བ་དང་འདུ་ཤེས་དང༌།འདུ་བྱེད་ལ་ནི་བདག་གིར་ལྟ་སྟེ།དེ་ལྟར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ།།ཡང་ན་བདག་ཅེས་བྱ་བ་ཕུང་པོ་ལྔ་ལས་མ་གཏོགས་པར་རྟག་པ་གཅིག་པུ་ཞིག་ལོགས་ཤིག་ན་ཡོད་ལ།ཕུང་པོ་ལྔ་ནི་བདག་དེའི་རྟེན་ནམ་གནས་སུ་གྱུར་པ་ཡིན་པས་ཕུང་པོ་ནི་བདག་དེའི་ཕུང་པོའོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ།།འདི་ལྟར་རྨོངས་པ་ཉོན་མོངས་པའམ་གཏི་མུག་པ་དང་ལྡན་པ་ལ་ནི་བདག་དང་བདག་གིར་ལྟ་བ་འབྱུང་གི་གཏི་མུག་མེད་ཅིང་ཤེས་རབ་ཅན་རྣམས་ལ་བདག་དང་བདག་གིར་ལྟ་བའི་ཉོན་མོངས་པ་ནི་མི་འབྱུང་བས་འཇིག་ཚོགས་ལ་ལྟ་བ་འདི་གཏི་མུག་དང་ལྡན་པ་ཡིན་པ་དང༌།བདག་མེད་པ་ལ་བདག་ཏུ་མངོན་པར་ཞེན་པས།ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ།།བདག་དང་བདག་གིར་ལྟ་བ་འདི།བདག་དང་དངོས་པོ་ཡོད་པར་ལྟ་བ་ནི་མ་ཡིན་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་དང་བདག་གིར་ལྟ་བར་ཅི་མངོན་ཞེ་ན།མདོ་ལས་འབྱུང་བས་ན་བདག་དང་བདག་གིར་ལྟ་བ་འདི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་ལ་ལྟ་བར་མངོན་ནོ།མདོ་ལས་ཀྱང་དགེ་སྦྱོང་ངམ་བྲམ་ཟེའམ་གང་སུ་དག་བདག་གིར་རྗེས་སུ་ལྟ་ཞིང་རྗེས་སུ་མཐོང་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཉིད་ལ་ལྟའོ་ཞེས་གསུངས་སོ།།ཞེས་གསུངས་པ་ལྟར་རོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号