ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ཁོང་ཁྲོའི་བྱེད་ལས་ནི་ཚེ་འདིར་བདེ་བ་ལ་རེག་པར་མི་གནས་པ་དང༌།ཕྱི་མ་ལ་སྡུག་བསྔལ་དཔག་མེད་སྐྱེད་པའོ།།དེ་ལྟར་ཡང་རབ་བཤད་ལས།དེའི་ལས་ཀྱང་རྣམ་པ་གཉིས་བྱེད་དེ།རེག་པ་མེད་པར་གནས་པ་དང༌།ལོག་པར་སྤྱོད་པའི་རྟེན་བྱེད་པའོ།།དེ་ལ་རེག་པ་ཞེས་བྱ་བ་ནི་བདེ་བ་ལ་བྱ་སྟེ།བདེ་བ་དང་ལྷན་ཅིག་གནས་པ་ནི་རེག་པར་གནས་པའོ།།བདེ་བ་མེད་པར་གནས་པ་ནི་རེག་པ་མེད་པར་གནས་པ་སྟེ།རྟག་ཏུ་སྡུག་བསྔལ་དང་ལྷན་ཅིག་ཏུ་གནས་ཞེས་བྱ་བའི་དོན་ཏོ།།ཇི་ལྟར་སྡུག་བསྔལ་དང་ལྷན་ཅིག་གནས་ཤེ་ན།ཞེ་སྡང་ཅན་ནི་རྟག་ཏུ་སེམས་འཁྲུག་པས་རྒྱུན་དུ་ཡང་སེམས་ལ་གདུང་བ་དང་བཅས་སོ།།སེམས་ཀྱི་རྗེས་སུ་ལུས་འབྲང་བའི་ཕྱིར་ལུས་ཀྱང་གདུང་བར་འགྱུར་ཏེ།དེ་བས་ན་སྤྱོད་ལམ་ཐམས་ཅད་དུ་ལུས་དང་སེམས་སྡུག་བསྔལ་དང་ལྷན་ཅིག་ཏུ་གནས་པར་འགྱུར་རོ།།ཞེ་སྡང་ཅན་དག་ནི་གསད་པ་དང་བཅིང་བ་ལ་སོགས་པའི་ལས་ཀྱང་གདོན་མི་ཟ་བར་བྱེད་པས།དེའི་ལས་ལོག་པར་སྤྱོད་པའི་རྟེན་བྱེད་པར་ཡང་བྱེད་བཤད་དོ།།ཞེས་དང༌།སྤྱོད་འཇུག་ལས།ཞེ་སྡང་ཟུག་རྔུའི་སེམས་འཆང་ན།།ཡིད་ནི་ཞི་བ་ཉམས་མི་མྱོང༌།།དགའ་དང་བདེ་བའང་མི་འཐོབ་ལ།།གཉིད་མི་འོང་ཞིང་བརྟན་མེད་འགྱུར།།གང་དག་ནོར་དང་བཀུར་སྟི་ཡིས།།དྲིན་བྱིན་དེ་ལ་བརྟེན་གྱུར་པ།།དེ་དག་ཀྱང་ནི་སྡང་ལྡན་པའི།།རྗེ་དཔོན་དེ་ལ་གསོད་པར་རྒོལ།།དེ་ཡིས་མཛའ་བཤེས་སྐྱོ་བར་འགྱུར།།སྦྱིན་པས་བསྡུས་ཀྱང་བསྟེན་མི་བྱེད།།མདོར་ན་ཁྲོ་བ་བདེར་གནས་པ།།དེ་ནི་འགའ་ཡང་ཡོད་མ་ཡིན།།ཞེས་དང༌།སྐྱེས་རབས་ལས་ཀྱང༌།ཁྲོ་བའི་མེ་ཡིས་བཞིན་མདོག་ཉམས་གྱུར་ན།།རྒྱན་གྱིས་བརྒྱན་ཡང་བཟང་པོར་ཡོད་མི་སྣང༌།།མལ་སྟན་བཟང་པོ་དག་ལ་ཉལ་གྱུར་ཀྱང༌།།ཁྲོ་བའི་ཟུག་རྔུས་སེམས་ནི་སྡུག་བསྔལ་འགྱུར།།བདག་ལ་ཕན་པའི་དོན་འགྲུབ་བརྗེད་འགྱུར་ཏེ།།ཁྲོ་བས་གདུངས་ནས་ལམ་ངན་འགྲོ་བར་བྱེད།།གྲགས་དང་དོན་གྲུབ་པ་ལས་ཉམས་པར་འགྱུར།ཟླ་བ་མར་གྱི་ངོ་བཞིན་དཔལ་ཡང་ཉམས།།མཛའ་བཤེས་དག་གིས་རབ་ཏུ་གཅུགས་གྱུར་ཀྱང༌།།ཁྲོ་བས་མི་རིགས་གཡང་སར་ལྟུང་བར་འགྱུར།ཕན་དང་གནོད་པར་སེམས་ལ་བློ་ཉམས་ནས།།ཕལ་ཆེར་འགལ་ཞིང་སེམས་ནི་རྨོངས་པར་འགྱུར།ཁྲོ་བས་སྡིག་པའི་ལས་ནི་གོམས་བྱས་པས།།ངན་སོང་དག་ཏུ་ལོ་བརྒྱར་སྡུག་བསྔལ་མྱོང༌།།གནོད་པ་ཆེན་པོ་བྱས་པའི་ཤར་གཉེར་བའི།།དགྲས་ཀྱང་དེ་ལས་ལྷག་པ་ཅི་བྱར་ཡོད།།ཅེས་གསུངས་པ་ལྟར་རོ།
ཁ༣ང་རྒྱལ།
ང་རྒྱལ་ནི།མངོན་པ་ཀུན་བཏུས་ལས།ང་རྒྱལ་གང་ཞེ་ན།འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངསས་པ་སྟེ།མི་གུས་པ་དང་སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ནོར་རམ་ཡོན་ཏན་སོགས་ཁེངས་པའི་གཞི་གང་རུང་རེ་ལ་དམིགས་ནས་སེམས་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་ངོ༌།།འདིར་རབ་བཤད་ལས།ང་རྒྱལ་ཐམས་ཅད་ཀྱང་འཇིག་ཚོགས་སུ་ལྟ་བ་ལ་བརྟེན་ནས་འབྱུང་ཞིང་ཕུང་པོ་ལྔ་བདག་དང་བདག་གིར་སྒྲོ་བཏགས་ནས་གཞན་གྱི་ཕུང་པོ་བས་བདག་གི་ཕུང་པོ་ཁྱད་ཞུགས་པར་འཕགས་སོ་སྙམ་དུ་ལྷག་པར་རློམ་ཞིང་སེམས་ཁེངས་པའི་མཚན་ཉིད་དོ།།ཞེས་གསུངས་སོ།
ང་རྒྱལ་དེ་ལ་དབྱེ་ན་བདུན་ཡོད་དེ།ང་རྒྱལ།ལྷག་པའི་ང་རྒྱལ།ང་རྒྱལ་ལས་ཀྱང་ང་རྒྱལ།ངའོ་སྙམ་པའི་ང་རྒྱལ།མངོན་པའི་ང་རྒྱལ།ཅུང་ཟད་སྙམ་པའི་ང་རྒྱལ།ལོག་པའི་ང་རྒྱལ་རྣམས་སོ།
ང་རྒྱལ་ནི།དམན་པ་འདི་ལྟ་བུ་ལས་བདག་ཁྱད་པར་དུ་འཕགས་སོ་སྙམ་དུ་སེམས་ཁེངས་པའོ།།ལྷག་པའི་ང་རྒྱལ་ནི།རང་དང་མཉམ་པ་རྣམས་ལས་བདག་ཁྱད་པར་དུ་འཕགས་སོ་སྙམ་དུ་སེམས་ཁེངས་པའོ།།ང་རྒྱལ་ལས་ཀྱང་ང་རྒྱལ་ནི།གཞན་ཁྱད་པར་དུ་འཕགས་པ་རྣམས་ལས་ཀྱང་བདག་ཆེས་ཁྱད་པར་དུ་འཕགས་སོ་སྙམ་དུ་སེམས་ཁེངས་པའོ།།ངའོ་སྙམ་པའི་ང་རྒྱལ་ནི།ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ངའོ་སྙམ་དུ་སེམས་ཁེངས་པའོ།ཅུང་ཟད་སྙམ་པའི་ང་རྒྱལ་ནི།རང་ལས་ཆེས་ཁྱད་པར་དུ་འཕགས་པ་རྣམས་ལས་བདག་ཅུང་ཟད་དམན་ནོ་སྙམ་དུ་སེམས་ཁེངས་པའོ།།ལོག་པའི་ང་རྒྱལ་ནི།གོལ་སར་ཤོར་བ་ལ་ཡོན་ཏན་ཐོབ་སྙམ་པ་སྟེ།དཔེར་ན་འདྲེས་ཁྱེར་བ་ལ་ཡོན་ཡན་ཐོབ་པར་རློམ་པ་ལྟ་བུ་དང༌།འདུལ་བ་ལུང་ལས།གང་ངོ་ཚ་བའི་ཡན་ལག་དེས་རློམ་པར་བྱེད་དམ།ཞེས་གསུངས་པ་ལྟར།འདུལ་བའི་བཅས་མཚམས་ཡལ་བར་བོར་ནས་རྙེད་བཀུར་ལ་ཆགས་པས་ཁྱིམ་པ་དང་འདྲ་བ་ལ་གཞན་དོན་བྱེད་པར་རློམ་པ་ལྟ་བུའོ།།
འདི་དག་ནི་མངོན་པ་མཛོད་ནས་གསུངས་པ་ལྟར་བཀོད་པ་ཡིན་གྱི།རིན་ཆེན་འཕྲེང་བ་ལས་འདི་ལྟར་བཤད་དེ།ང་རྒྱལ་རྣམ་པ་བདུན་ཡིན་ཏེ།།དེ་ནི་རབ་ཏུ་ཕྱེ་སྟེ་བཤད།།དེ་ལ་མངོན་པར་རློམ་བྱེད་བདག།དམན་པས་དམན་ཞིང་མཉམ་དང་མཉམ།།དམན་པ་བས་ནི་ལྷག་པའམ་མཉམ།།མཉམ་པའི་ང་རྒྱལ་ཞེས་བྱའོ།།དམན་གང་བདག་ཉིད་ཁྱད་འཕགས་དང༌།།ཁྱད་པར་འཕགས་པར་རློམ་པ་གང༌།།ཤིན་ཏུ་མཐོ་བས་མཐོ་སྙམ་པ།།ང་རྒྱལ་ལས་ཀྱང་ང་རྒྱལ་ཏེ།།འབྲས་ཀྱི་སྟེང་དུ་ཕོལ་མིག་དག།བྱུང་བ་བཞིན་དུ་ཐུ་བ་ཡིན།།ཉེ་བར་ལེན་པ་ཞེས་བྱ་བ།།ལྔ་པོ་སྟོང་པ་དེ་དག་ལ།།རྨོངས་པས་ང་སྙམ་འཛིན་པ་གང༌།།དེ་ནི་ངའོ་སྙམ་པར་བཤད།།འབྲས་མ་ཐོབ་པར་ཐོབ་སྙམ་པ།།གང་ཡིན་མངོན་པའི་ང་རྒྱལ་ཏེ།།སྡིག་ལས་བྱེད་ལ་བསྟོད་པ་ནི།།མཁས་པས་ལོག་པའི་ང་རྒྱལ་རྟོགས།།བདག་དགོས་མེད་པ་ཉིད་དོ་ཞེས།།བདག་ཉིད་སྨོད་པ་གང་ཡིན་པ།།དམན་པའི་ང་རྒྱལ་ཞེས་བྱ་སྟེ།།དེ་དག་མདོར་བསྡུས་བཤད་པ་ཡིན།།ཞེས་གསུངས་སོ།
རབ་བཤད་ལས།ང་རྒྱལ་ཐམས་ཅད་ཀྱང་སེམས་ཁེངས་བའི་མཚན་ཉིད་དུ་ཐ་མི་དད་དུ་ཟིན་མོད་ཀྱི་ང་རྒྱལ་གྱིས་དམིགས་པར་བྱ་བའི་ཡུལ་ཐ་དད་པའི་སྒོ་ནས་ང་རྒྱལ་རྣམ་པ་བདུན་དུ་འགྱུར་ཏེ།ང་རྒྱལ་དང་ཆེ་བའི་ང་རྒྱལ་དང༌།ང་རྒྱལ་ལས་ཀྱང་ང་རྒྱལ་དང༌།ངའོ་སྙམ་པའི་ང་རྒྱལ་དང༌།མངོན་པའི་ང་རྒྱལ་དང༌།ཆུང་བའི་ང་རྒྱལ་དང༌།ལོག་པའི་ང་རྒྱལ་ལོ།།
ང་རྒྱལ་གང་ཞེ་ན།ཆུང་ངུ་བས་བདག་ཆེ་བའམ་མཚུངས་པ་དང་མཚུངས་སོ་སྙམ་དུ་གང་སེམས་ཁེངས་པ་སྟེ།གང་ཟག་འགའ་ཞིག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་བདག་པས་ཆུང་ལ།བདག་ནི་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་དེ་བས་ཆེ་བ་ལས་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་ཆུང་ངུ་ལ་བལྟས་ནས།ང་ནི་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པས་འདི་བས་འཕགས་ཤིང་ཆེའོ་ཞེས་གང་སེམས་ཁེངས་པ་ནི་ང་རྒྱལ་ཞེས་བྱའོ།།ཡང་ན་གང་ཟག་འགའ་ཞིག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་དེ་བས་ཆེ་བ་ལས་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པས་བདག་དང་མཚུངས་ཤིང་འདྲ་བ་ལས་འདྲ་བ་དེ་ལ་བལྟས་ནས།འདི་དང་བདག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པས་འདྲ་སྟེ་མི་འདྲ་བ་མེད་དོ་སྙམ་ནས་གང་སེམས་ཁེངས་པར་གྱུར་བ་ནི་ང་རྒྱལ་ཞེས་བྱའོ།།
ཆེ་བའི་ང་རྒྱལ་གང་ཞེ་ན།མཚུངས་པ་བས་བདག་ཆེ་བ་འམ་ཆེ་བ་དང་མཚུངས་སོ་སྙམ་དུ་གང་སེམས་ཁེངས་བ་སྟེ།གང་ཟག་ཁ་ཅིག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་ཅིས་ཀྱང་མི་མཚུངས་པ་མེད་དེ་མཚུངས་ན་མཚུངས་སོ་སྙམ་དུ་མི་སེམས་ཀྱི།འདི་དང་བདག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པས་མཚུངས་ཀྱང༌།འདི་བས་བདག་གཏོང་པ་དང་ཚུལ་ཁྲིམས་དང་ཉམས་རྩལ་གྱིས་འཕགས་ཏེ་བདག་ཆེའོ་སྙམ་ནས།གང་སེམས་ཁེངས་པ་ནི་ཆེ་བའི་ང་རྒྱལ་ཞེས་བྱའོ།།ཡང་ན་གང་ཟག་ཁ་ཅིག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་བདག་པས་ཆེ་བ་ལ་ཆེའོ་སྙམ་དུ་མི་སེམས་ཀྱི།འདི་དང་བདག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་མཚུངས་སོ་སྙམ་ནས་གང་སེམས་ཁེངས་པར་གྱུར་བ་དེ་ནི་ཆེ་བོ་སྙམ་པའི་ང་རྒྱལ་ཞེས་བྱའོ།།
ང་རྒྱལ་ལས་ཀྱང་ང་རྒྱལ་གང་ཞེ་ན།ཆེ་བ་བས་ཀྱང་བདག་ཆེའོ་སྙམ་དུ་གང་སེམས་ཁེངས་པ་སྟེ།གང་ཟག་ཁ་ཅིག་རིགས་དང༌།ཤེས་ཉེན་དང་ནོར་ལ་སོགས་པ་བདག་པས་ཁྱད་ཞུགས་པར་འཕགས་ཏེ་ཆེ་ན།བདག་པས་ཁྱད་ཞུགས་པར་འཕགས་ཏེ་ཆེ་བར་ནི་མི་སེམས་ཀྱི་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པས་འཕགས་ཏེ་ཆེ་བ་དེ་བས་ཀྱང་བདག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པས་འཕགས་ཏེ་་ཆེའོ་སྙམ་ནས།གང་སེམས་ཁེངས་པར་གྱུར་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ཞེས་བྱའོ།།
ངའོ་སྙམ་པའི་ང་རྒྱལ་གང་ཞེ་ན།ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་གམ་བདག་གིར་ཡང་དག་པའི་རྗེས་སུ་ལྟ་ཞིང་གང་སེམས་ཁེངས་པ་སྟེ།ཉེ་བར་ལེན་པ་ཞེས་བྱ་བ་ནི་འདོད་པ་དང་འདོད་ཆགས་གཉིས་ལ་བྱའོ།།དེ་ལ་མ་འོངས་པའི་ལུས་ཀྱི་དངོས་པོ་ལ་ཆགས་པ་ནི་འདོད་པའོ།།ད་ལྟར་ལུས་ཀྱི་དངོས་པོ་ལ་ཆགས་པ་ནི་འདོད་ཆགས་སོ།།འདོད་པ་དང་འདོད་ཆགས་གཉིས་ལ།ཅིའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་ཞེ་ན།འདོད་པས་མ་འོངས་པའི་ལུས་ཀྱི་དངོས་པོ་ལ་ཆགས་པའི་རྒྱུས་མ་འོངས་པའི་ཕུང་པོ་ལེན་པར་བྱེད་པ་དང༌།འདོད་ཆགས་ཀྱིས་ད་ལྟར་གྱི་ཕུང་པོ་ལ་ཆགས་པའི་རྒྱུས་ད་ལྟར་གྱི་ཕུང་པོ་མི་གཏོང་ཞིང་འཛིན་པ་དང་ལེན་པར་བྱེད་པས་ན།དེ་བས་ན་དེ་གཉིས་ལ་ཉེ་བར་ལེན་པ་ཞེས་བྱའོ།།འདོད་པ་དང༌།འདོད་ཆགས་གཉིས་དང་ལྡན་པའི་ཕུང་པོ་རྣམས་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་སྟེ།ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་ནས།རྣམ་པར་ཤེས་པའི་ཕུང་པོའི་བར་དུའོ།ཕུང་པོ་དེ་དག་བདག་དང་བདག་གི་མེད་པ་ལ་རྣམ་པར་ཤེས་པའི་ཕུང་པོ་ལ་ནི་བདག་ལྷག་མ་བཞི་ལ་ནི་བདག་གི་ཞེས་མངོན་པར་ཆགས་ནས།བདག་དེ་བདག་གིས་ཤེས་པ་ལྟ་བུར་གཞན་གྱིས་མི་ཤེས་སོ་ཞེས་གང་སེམས་ཁེངས་པ་ནི་ངའོ་སྙམ་པའི་ང་རྒྱལ་ཞེས་བྱའོ།
མངོན་པའི་ང་རྒྱལ་གང་ཞེ་ན།གོང་མའི་བྱེ་བྲག་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་དུ་གང་སེམས་ཁེངས་པ་སྟེ།གོང་མའི་བྱེ་བྲག་ནི་ལྷ་ལ་སོགས་པའི་ཆོས་ལ་བྱ་བས་གོང་མའི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར་མིའི་ཆོས་ཇེ་བཤད་དོ།།དེ་ལ་འདོད་ཆགས་དང་ཞེ་སྡང་དང༌།གཏི་མུག་ལ་སོགས་པ་དང་ལྡན་ཞིང་དེའི་རྒྱུས་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་སྤྱོད་པ་ནི་མིའི་ཆོས་སོ།།མིའི་ཆོས་དེའི་གཉེན་པོར་གྱུར་པ་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང༌།འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་སོགས་པ་དང༌།རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ནི་གོང་མའི་བྱེ་བྲག་ཅེས་བྱའོ།མ་ཐོབ་པ་ནི་ཡོན་ཏན་དེ་དག་མ་རྙེད་མངོན་སུམ་དུ་མ་བྱས་པ་སྟེ།ཡོན་ཏན་དེ་དག་མ་ཐོབ་པར་ཡང་མཚན་མ་ཅུང་ཟད་ཙམ་ཡོད་པ་ལ་བརྟེན་ནས།གང་ཐོབ་བོ་སྙམ་དུ་སེམས་ཤིང་སེམས་ཁེངས་པ་ནི་མངོན་པའི་ང་རྒྱལ་ཞེས་བྱའོ།
ཆུང་བའི་ང་རྒྱལ་གང་ཞེ་ན།བྱེ་བྲག་མང་པོས་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་ཆུང་ངོ་སྙམ་དུ་གང་སེམས་ཁེངས་པ་སྟེ།གང་ཟག་ཁ་ཅིག་རིགས་དང་ཤེས་ཉེན་དང༌།ནོར་ལ་སོགས་པ་བདག་པས་ཁྱད་ཞུགས་པར་འཕགས་ལ།བདག་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་ཁྱད་ཞུགས་པར་དེ་བས་དམའ་བ་ཡིན་ན།དེ་ཁྱད་ཞུགས་པར་འཕགས་པར་ནི་མི་སེམས་ཀྱི་འདི་སྙམ་དུ་སེམས་ཏེ།འདི་བས་རིགས་དང་ཤེས་ཉེན་དང་ནོར་ལ་སོགས་པ་ཅུང་ཟད་ཅིག་གིས་བདག་ཆུང་ངོ་སྙམ་དུ་སེམས་ཤིང་གང་སེམས་ཁེངས་པ་ནི་ཆུང་བའི་ང་རྒྱལ་ཞེས་བྱའོ།།
ལོག་པའི་ང་རྒྱལ་གང་ཞེ་ན།ཡོན་ཏན་དང་མི་ལྡན་པར་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་གང་སེམས་ཁེངས་པ་སྟེ།སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡོན་ཏན་ཞེས་བྱ་སྟེ།ཡོན་ཏན་དེ་ལྟ་བུ་སུ་ལ་མེད་པ་དེ་ལ་ཡོན་ཏན་དང་མི་ལྡན་པ་ཞེས་བྱའོ།།ཡང་ན་ཚུལ་ཁྲིམས་ཞིག་ཅིང་སྡིག་པའི་ལས་གང་བྱེད་པ་དེ་ལ་ཡོན་ཏན་དང་མི་ལྡན་པ་ཞེས་བྱ་སྟེ།ཡོན་ཏན་ནི་མེད་ཀྱི་སྐྱོན་དང་ལྡན་པ་ཞེས་བྱ་འི་དོན་ཏོ།།སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་མེད་པར་དེ་དག་ཡོད་དོ་ཞེས་ཁས་ལེན་པའམ།ཚུལ་ཁྲིམས་ཉམས་པ་ལ་སོགས་པའི་སྐྱོན་ཡོད་པ་ལ་སྐྱོན་ཡོད་དོ་སྙམ་དུ་མི་སེམས་ཀྱི།བདག་ཡོན་ཏན་དང་ལྡན་ནོ་ཞེས་ཁས་ལེན་པ་ནི་ཁས་བླངས་ནས་བདག་ཡོན་ཏན་དང་ལྡན་ནོ།།འཕགས་སོ་སྙམ་ནས།གང་སེམས་ཁེངས་པ་ནི་ལོག་པའི་ང་རྒྱལ་ཞེས་བྱའོ།།འདིར་ཡང་དངོས་པོ་ཡོན་ཏན་གྱི་དངོས་པོ་མེད་ཀྱི་ཉེས་པའི་དངོས་པོ་ཉིད་དུ་ཡོན་ཏན་དུ་བཟུང་ནས།སེམས་ཁེངས་པས་ན་ལོག་པའི་ང་རྒྱལ་ཞེས་བྱའོ།།
མངོན་པའི་ང་རྒྱལ་གྱི་སྐབས་སུ་ཡང་གོང་མའི་བྱེ་བྲག་མ་ཐོབ་པར་ཐོབ་བོ་སྙམ་དུ་སེམས་ཁེངས་པ་ཡིན་ལ།ལོག་པའི་ང་རྒྱལ་འདི་ཡང་ཡོན་ཏན་དང་མི་ལྡན་པར་བདག་ལྡན་ནོ་སྙམ་དུ་སེམས་ཁེངས་པ་ཡིན་ཏེ།གཉི་ག་ཡང་མེད་པ་ལ་ཡོད་པར་ང་རྒྱལ་བྱེད་པ་ཡིན་པས་ན་ཁྱད་ཅི་ཡོད་ཞེ་ན།མངོན་པའི་ང་རྒྱལ་གྱི་སྐབས་སུ་ནི་གདེང་ཅུང་ཟད་ཡོད་པ་ལ་བརྟེན་ནས།བདག་གིས་ཀུན་ཐོབ་བོ་སྙམ་དུ་ང་རྒྱལ་བྱེད་ཀྱི།ལོག་པའི་ང་རྒྱལ་ནི་གདེང་ཅུང་ཟད་ཀྱང་མེད་དེ།སྐྱོན་དང་ལྡན་པ་ལ་ཡོན་ཏན་དང་ལྡན་ནོ་སྙམ་དུ་ང་རྒྱལ་ཡོད་པས་ན་བྱེ་བྲག་ཡོད་དོ།།ཞེས་གསུངས་སོ།།
ང་རྒྱལ་གྱི་བྱེད་ལས་ནི།ཡོན་ཏན་ཅན་རྣམས་ལ་མི་གུས་པས་ལུང་དང་རྟོགས་པའི་ཆོས་གསར་དུ་ཐོབ་པ་ལ་གེགས་བྱེད་ཅིང༌། ཚེ་རབས་ཕྱི་མར་ངན་འགྲོར་སྐྱེ་བ་དང༌།མིར་སྐྱེས་པའི་ཚེ་ན་ཡང་རིགས་དམའ་བ་དང་བྲན་ལ་སོགས་པར་སྐྱེ་བའི་རྒྱུ་བྱེད་པས་འདི་ཕྱི་གཉིས་ཀར་མི་འདོད་པ་བསྐྱེད་པའོ།།དེ་ལྟར་ཡང་རིན་ཆེན་འཕྲེང་བ་ལས།ཁེངས་པ་ཡིས་ནི་རིགས་ངན་ཉིད།།ཕྲག་དོག་གིས་ནི་གཟི་ཆུང་ཉིད།།ཁྲོ་བས་ཁ་དོག་ངན་པ་ཉིད།།མཁས་ལ་མི་འདྲི་བླུན་པ་ཉིད།།མི་ཉིད་ལ་ནི་འབྲས་བུ་འདི།།ཀུན་གྱིས་དང་པོར་ངན་འགྲོའོ།། ཞེས་དང༌།རབ་བཤད་ལས།དེའི་ལས་ཀྱང་གཉིས་བྱེད་དོ།། བསྟི་བསྟང་མེད་པ་དང་སྡུག་བསྔལ་སྐྱེད་པའི་རྐྱེན་བྱེད་པའོ།།བསྟི་བསྟང་མེད་པ་ནི་མཁན་པོ་དང༌།སློབ་དཔོན་དང་མཁས་ཤིང་ཚུལ་ཁྲིམས་དང་ལྡན་པའི་གང་ཟག་ཡོན་ཏན་ཅན་ལ་ལུས་མ་གུས་པ་དང༌།ངག་མ་གུས་པ་དང༌།སེམས་མ་གུས་པའོ།།དེ་ལ་ལུས་མ་གུས་པ་ནི་ལུས་ཀྱིས་འདུད་ཅིང་ཕྱག་འཚལ་བར་མི་བྱེད་པའོ།།ངག་མ་གུས་པ་ནི་དེ་དག་གི་ཡོན་ཏན་མི་བརྗོད་པའོ།།སེམས་མ་གུས་པ་ནི་དེ་དག་ལ་དགའ་བར་མི་སེམས་ཤིང་ཚོད་ཡོད་པར་སེམས་པའོ།། སྡུག་བསྔལ་སྐྱེད་པའི་རྟེན་བྱེད་པ་ཡང་ང་རྒྱལ་གྱི་དབང་གིས་ཚེ་རབས་ཕྱི་མའི་ཕུང་པོ་སྐྱེད་པར་བྱེད་པའི་ཕྱིར་རོ།།ཞེས་གསུངས་པ་ལྟར་རོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号