ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
གོང་དུ་བཤད་པའི་དགེ་བ་དེ་དག་ལ་ཡང་གནས་སྐབས་ཀྱི་དབྱེ་བ་ཕྱེ་ན་སྐྱེས་ཐོབ་ཀྱིས་དགེ་བ།སྦྱོར་བས་དགེ་བ།མདུན་དུ་བྱས་པས་དགེ་བ།ཕན་འདོགས་པས་དགེ་བ།ཡོངས་སུ་འཇིན་པས་དགེ་བ།གཉེན་པོས་དགེ་བ།ཉེ་བར་ཞི་བས་དགེ་བ།རྒྱུ་མཐུན་པས་དགེ་བ་རྣམས་སུ་ཡོད་དོ།
སྐྱེས་ཐོབ་ཀྱིས་དགེ་བ་ནི།ཚེ་འདིར་གོམས་པ་ལ་མི་ལྟོས་པར་ཚེ་རབས་སྔོན་མའི་བག་ཆགས་ཀྱིས་སྐྱེས་ཙམ་ཉིད་ནས་བྱུང་བའི་དད་པ་ལྟ་བུའོ།
སྦྱོར་བས་དགེ་བ་ནི།ཚེ་འདིར་དགེ་བའི་བཤེས་གཉེན་ལ་དོན་དམ་པའི་ཆོས་ཉན།ཚུལ་བཞིན་ཡིད་ལ་བྱས།མྱང་འདས་ཐོབ་པ་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་སྟེ།རྐྱེན་བཞི་པོ་དེ་ལ་བརྟེན་ནས་སངས་རྒྱས་ཐོབ་འདོད་སྐྱེས་པ་ལྟ་བུའོ།།
མདུན་དུ་བྱས་པས་དགེ་བ་ནི།ཚོགས་ཀྱི་ཞིང་ཁྱད་པར་ཅན་ལ་དམིགས་ནས་ཕྱག་མཆོད་བྱས་པའི་ལས་ལྟ་བུའོ།
ཕན་འདོགས་པས་དགེ་བ་ནི།བསྡུ་བ་བཞིའི་སྒོ་ནས་སེམས་ཅན་སྨིན་པར་བྱས་པའི་ལས་ལྟ་བུའོ།
ཡོངས་སུ་འཛིན་པས་དགེ་བ་ནི།མངོན་མཐོ་དང་ངེས་ལེགས་ཐོབ་བྱེད་ཀྱི་རྣམ་དཀར་གྱི་ལས་ཁྱད་པར་ཅན་ལྟ་བུའོ།།
གཉེན་པོས་དགེ་བ་ནི།སྤང་བྱ་མི་མཐུན་ཕྱོགས་དངོས་སུ་འཇོམས་པའི་མཐུ་ཁྱད་པར་ཅན་དང་ལྡན་པའི་དགེ་བའི་ལས་ལྟ་བུའོ།།
ཉེ་བར་ཞི་བས་དགེ་བ་ནི།འགོག་བདེན་ལྟ་བུ་ལ་བཤད་དེ།དགེ་བས་འདོད་ཆགས་བྲལ་བར་གྱུར།དགེ་བས་ངན་སོང་ལས་གྲོལ་ཞིང༌།།གཅིག་ཏུ་དོན་དམ་མཆོག་གྱུར་པ།།ཞི་གྱུར་ཆོས་ཞེས་གསུངས་བ་ལྟར་རོ།
རྒྱུ་མཐུན་པས་དགེ་བ་ནི།འགོག་བདེན་ཐོབ་པའི་དབང་གིས་བྱུང་བའི་མངོན་ཤེས་ལྔ་དང་སྟོབས་བཅུ་ལ་སོགས་པའོ།།གོང་དུ་བཤད་པའི་དགེ་བ་དེ་རྣམས་ལ་དངོས་བཏགས་ཅི་རིགས་པ་ཡོད་དོ།
དེ་བཞིན་དུ་མི་དགེ་བ་ལ་ཡང༌།ངོ་བོ་ཉིད་ཀྱིས་མི་དགེ་བ།འབྲེལ་བས་མི་དགེ་བ།རྗེས་སུ་འབྲེལ་བས་མི་དགེ་བ།སློང་བས་མི་དགེ་བ།དོན་དམ་པས་མི་དགེ་བ་དང་ལྔར་བཤད་ཅིང༌།
ངོ་བོ་ཉིད་ཀྱིས་མི་དགེ་བ་ནི།ཉོན་མོངས་དང་ཉེ་བའི་ཉོན་མོངས་ཕལ་ཆེར་རོ།
འབྲེལ་བས་མི་དགེ་བ་ནི།ཉོན་མོངས་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་སོ།
རྗེས་སུ་འབྲེལ་བས་མི་དགེ་བ་ནི།མི་དགེ་བའི་བག་ཆགས་རྣམས་སོ།།
སློང་བས་མི་དགེ་བ་ནི།ཉོན་མོངས་པ་དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་རྣམས་སོ།།
དོན་དམ་པས་མི་དགེ་བ་ནི།འཁོར་བས་བསྡུས་པ་རྣམས་སོ།།འདི་ནི་འཕགས་པ་རྣམས་ཡིད་འབྱུང་སྐྱེ་བའི་གནས་ཡིན་པས་ན་དོན་དམ་པས་མི་དགེ་བ་ཞེས་བརྗོད་ཀྱི།འཁོར་བས་བསྡུས་པ་ཐམས་ཅད་མི་དགེ་བ་དངོས་ཡིན་པའི་ངེས་པ་མེད་དོ།།དེ་བཞིན་དུ་སྔ་ཕྱིར་བཤད་པའི་མི་དགེ་བ་འདི་རྣམས་ལ་ཡང་དངོས་དང་བཏགས་པ་བའི་ཁྱད་པར་དབྱེ་དགོས་པ་མང་དུ་སྣང་ངོ༌།།
མི་དགེ་བ་དེ་དག་ལ་ཡང་གནས་སྐབས་ཀྱི་དབྱེ་བ་ཕྱེ་ན།སྐྱེས་ཐོབ་ཀྱིས་མི་དགེ་བ་དང༌།སྦྱོར་བས་མི་དགེ་བ་དང༌།མདུན་དུ་བྱས་པས་མི་དགེ་བ་དང༌།གནོད་པ་བྱེད་པས་མི་དགེ་བ་དང༌།ཡོངས་སུ་འཛིན་པས་མི་དགེ་བ་དང༌།མི་མཐུན་ཕྱོགས་ཀྱིས་མི་དགེ་བ་དང༌།བར་དུ་གཅོད་པས་མི་དགེ་བ་རྣམས་སུ་ཡོད་དོ།།སྐྱེས་ཐོབ་ཀྱིས་མི་དགེ་བ་ནི།ཚེ་རབས་སྔོན་མའི་བག་ཆགས་ཀྱིས་སྐྱེས་ཙམ་ཉིད་ནས་གཞན་གྱི་སྲོག་གཅོད་པ་ལ་ངམ་ངམ་ཤུགས་ཀྱིས་འཇུག་པ་ལྟ་བུའོ།།སྦྱོར་བས་མི་དགེ་བ་ནི།མི་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང༌།ཆོས་ལྟར་སྣང་ཉན་པ་དང༌།ཚུལ་མིན་ཡིད་བྱེད་གོམས་པ་སོགས་ལ་བརྟེན་ནས་བྱུང་བའི་སྒོ་གསུམ་གྱི་ཉེས་སྤྱོད་ལྟ་བུའོ།མདུན་དུ་བྱ་བས་མི་དགེ་བ་ནི།ལོག་པའི་བཤེས་གཉེན་གྱིས་བསླུས་པ་ལ་བརྟེན་ནས་འཚེ་བ་ཆོས་སུ་ཞེན་པ་ལྷ་རྟེན་ལ་ཁྲག་གི་མཆོད་སྦྱིན་བྱེད་པ་ལྟ་བུའོ།།གནོད་པ་བྱེད་པས་མི་དགེ་བ་ནི།སེམས་ཅན་ལ་ལུས་ངག་ཡིད་གསུམ་གྱིས་གནོད་པ་བྱེད་པའི་ལས་ལྟ་བུའོ།།ཡོངས་སུ་འཛིན་པས་མི་དགེ་བ་ནི།འབྲས་བུ་སྡུག་བསྔལ་འབའ་ཞིག་སྟེར་བའི་འཕེན་བྱེད་དང་རྫོགས་བྱེད་ཀྱི་ལས་ལྟ་བུའོ།།མི་མཐུན་ཕྱོགས་ཀྱིས་མི་དགེ་བ་ནི།ཟག་མེད་ཀྱི་ལམ་སྐྱེ་བའི་གེགས་བྱེད་པའི་ལྟ་ངན་ལྟ་བུའོ།།བར་དུ་གཅོད་པས་མི་དགེ་བ་ནི།དགེ་བའི་ཕྱོགས་ཐམས་ཅད་ལ་བར་དུ་གཅོད་པའི་ལྟ་ངན་ལྟ་བུའོ།།དེ་བཞིན་དུ་ལུང་མ་བསྟན་ལ་ཡང༌།ངོ་བོ་ཉིད་ཀྱིས་ལུང་མ་བསྟན་ནས་རྒྱུ་མཐུན་པས་ལུང་མ་བསྟན་གྱི་བར་དུ་དབྱེ་བ་ཡོད་ཅིང༌།དགེ་མི་དགེ་དེ་དག་ལ་ཡང་རྣམ་པ་དགེ་བར་སྣང་ཡང་དགེ་བ་མིན་པ་དང༌།རྣམ་པ་མི་དགེ་བར་སྣང་ཡང་མི་དགེ་བ་མིན་པ་སོགས་བཤད་པར་བྱ་བ་མང་དུ་སྣང་ན་ཡང་འདིར་མ་སྤྲོས་ལ།ཞིབ་ཏུ་ཤེས་པར།འདོད་ན་མངོན་པའི་གཞུང་ལ་བལྟ་བར་བྱའོ།།
ཀ༤རྩ་ཉོན་དྲུག
ཉོན་མོངས་སྤྱིའི་མཚན་ཉིད་ནི།མངོན་པ་ཀུན་བཏུས་ལས།ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ།དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད་དོ།།ཞེས་གསུངས་པ་ལྟར།གང་སྐྱེས་ན་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་བློ་ཞིག་གོ།
རྩ་ཉོན་དྲུག་ནི།འདོད་ཆགས།ཁོང་ཁྲོ།ང་རྒྱལ།མ་རིག་པ།ཐེ་ཚོམ།ལྟ་བ་ཉོན་མོངས་ཅན་རྣམས་སོ།
ཁ༡འདོད་ཆགས།
འདོད་ཆགས་ནི།མངོན་པ་ཀུན་བཏུས་ལས།འདོད་ཆགས་གང་ཞེ་ན།ཁམས་གསུམ་པའི་རྗེས་སུ་ཆགས་པ་སྟེ།སྡུག་བསྔལ་སྐྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ཟག་བཅས་ཀྱི་དངོས་པོ་ལ་རང་གི་ངོ་བོའི་སྒོ་ནས་ཡིད་འོང་དུ་མཐོང་ནས་དོན་དུ་གཉེར་བའི་སེམས་བྱུང་ཞིག་གོ།འདི་ལ་ཕུང་པོ་ལྔའི་རབ་བཤད་ལས།འདོད་ཆགས་གང་ཞེ་ན།ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་ཤིང་ཞེན་པ་སྟེ།སྲེད་པའི་དབང་གིས་ཁམས་གསུམ་དུ་སྐྱེ་བ་ལེན་པར་བྱེད་པས་སྲེད་པ་ལ་ལེན་པ་ཞེས་བྱ་བའམ།སྲེད་པ་འདིས་ཁམས་གསུམ་དུ་སྐྱེ་བའི་ལས་ལེན་ཅིང་ལས་སྐྱེ་བར་བྱེད་པས་ན་སྲེད་པ་ལ་མིང་དུ་ཉེ་བར་ལེན་པ་ཞེས་བྱའོ།དཔེར་ན་རྩྭ་དང་ཕུབ་མ་ལས་བྱུང་བའི་མེ་ལ་རྩྭའི་མེ་ཕུབ་མའི་མེ་ཞེས་བྱ་བ་བཞིན་དུ་སྲེད་པ་ལས་བྱུང་བའི་ཕུང་པོ་ལྔ་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ།།ཡང་ན་ཤིང་གང་ལས་མེ་ཏོག་འབྱུང་བ་དང༌།འབྲས་བུ་འབྱུང་བའི་ཤིང་དེ་ལ་མེ་ཏོག་གི་ཤིང་འབྲས་བུའི་ཤིང་ཞེས་བྱ་བ་བཞིན་དུ་ཕུང་པོ་གང་ལས་ཉོན་མོངས་པའི་མཚན་ཉིད་སྲེད་པ་འབྱུང་བར་བྱེད་པའི་ཕུང་པོ་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ།།ཡང་ན་རྒྱལ་པོས་བཀའ་གར་སྩལ་པའི་བཀའ་བཞིན་བྱེད་པའི་མི་དེ་ལ་རྒྱལ་པོའི་སྐྱེས་བུ་ཞེས་བྱ་བ་བཞིན་དུ་ཉོན་མོངས་པའི་མཚན་ཉིད་སྲེད་པས་གང་དུ་བཏང་བ་བཞིན་དུ་འཇུག་པར་བྱེད་པའི་ཕུང་པོ་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་སྟེ།ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་གཟུགས་དང༌།ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང༌།རྣམ་པར་ཤེས་པའི་ཕུང་པོ་སྟེ་ལྔའོ།།ཞེན་པ་ཞེས་བྱ་བ་ལ་འདོད་ཆགས་འདི་སྣུམ་དང་འདྲ་བར་ཞེན་པའི་རང་བཞིན་ཡིན་པས་ན་ཞེན་པ་ཞེས་བྱ་སྟེ།དཔེར་ན་འབྲུ་མར་ལ་སོགས་པའི་སྣུམ་གྱིས་གོས་ལ་སོགས་པའི་གནས་སུ་ཞུགས་ནས་ཀུན་ཏུ་མཆེད་པར་འགྱུར་ཏེ།མཆེད་པར་གྱུར་བ་དེ་ལ་འབད་པ་དང༌།བརྩལ་བ་ཆེན་པོས་ཀྱང་དབྱུང་བར་དཀའ་བ་དེ་བཞིན་དུ་འདོད་ཆགས་འདིས་ཀྱང་ཆགས་པར་བྱ་བའི་རང་གི་ཡུལ་ལ་ཞེན་ནམ།ཕུང་པོ་འདི་ལ་ཞེན་ནས་ཆགས་པ་མཆེད་པར་གྱུར་ན།འབད་པ་དང་བརྩ་ལ་བ་ཆེན་པོས་ཀྱང་དབྲལ་བར་དཀའ་བས་ན་ཞེན་པ་ཞེས་བྱའོ།།ཞེན་པ་ནི་རྒྱུར་བྱས་པའི་གཟུགས་སྣུམ་ལ་ཡང་ཞེན་པ་ཞེས་བྱ་བས་སྣུམ་ལ་འདོད་ཆགས་ཞེས་བྱའོ་སྙམ་དུ་ལོག་པར་འཛིན་པ་དགག་པའི་ཕྱིར་འདོད་ཆགས་ཞེས་བྱ་བ་སྨོས་ཏེ།ཆགས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཕོངས་པར་འཛིན་ཅིང་གང་ཡོངས་སུ་གཏོང་མི་ཕོད་པའོ།།དེ་བས་ན་སྣུམ་ནི་ཕྱིའི་གོས་ལ་སོགས་པ་ལ་སྣུམ་ཞེན་པར་བྱེད་པར་ཟད་ཀྱི་ཕུང་པོ་ལྔ་ལ་གཏོང་མི་ཕོད་པར་བྱེད་པའི་མཚན་ཉིད་མ་ཡིན་པས་འདོད་ཆགས་ཞེས་མི་བྱའོ།།དེའི་ལས་ཀྱང་སྡུག་བསྔལ་སྐྱེད་པར་བྱེད་པ་སྟེ།སྡུག་བསྔལ་ནི་ཁམས་གསུམ་གྱི་ཕུང་པོ་ལྔ་ལ་བྱའོ།།དེ་ལ་འདོད་པའི་ཁམས་ཀྱི་འདོད་ཆགས་ཀྱིས་ནི་འདོད་པའི་ཁམས་ཀྱི་ཕུང་པོ་ལྔ་སྐྱེད་དོ།།གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་ཀྱིས་ནི་གཟུགས་ཀྱི་ཁམས་ཀྱི་ཕུང་པོ་ལྔ་སྐྱེད།གཟུགས་མེད་པའི་ཁམས་ན།གཟུགས་ཀྱི་ཕུང་པོ་ནི་མེད་ཀྱི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང༌།རྣམ་པར་ཤེས་པའི་ཕུང་པོ་བཞི་ཡོད་པས་གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་ཀྱིས་ནི་གཟུགས་མེད་པའི་ཁམས་ཀྱི་ཕུང་པོ་བཞི་བསྐྱེད་པས་ན།དེའི་ལས་ཀྱང་སྡུག་བསྔལ་སྐྱེད་པར་བྱེད་པའོ།།
འདོད་ཆགས་དེ་ལ་དབྱེ་ན།འདོད་པའི་འདོད་ཆགས།གཟུགས་ཀྱི་འདོད་ཆགས།གཟུགས་མེད་ཁམས་ཀྱི་འདོད་ཆགས་ཏེ་གསུམ་མོ།།མངོན་པ་མཛོད་ལས་ནི་འདོད་པའི་འདོད་ཆགས་དང་སྲིད་པའི་འདོད་ཆགས་ཞེས་གཉིས་སུ་མཛད་དེ།ཁམས་གོང་མ་གཉིས་ཀྱི་འདོད་ཆགས་གཅིག་ཏུ་བསྡུས་ནས་སྲིད་པའི་འདོད་ཆགས་སུ་མཛད་པའོ།།འདོད་པའི་འདོད་ཆགས་ནི་གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་དམིགས་ནས་འདོད་ཅིང་ཆགས་པའོ།།ཁམས་གོང་མ་གཉིས་ཀྱི་འདོད་ཆགས་ལ་སྲིད་པའི་འདོད་ཆགས་ཞེས་གཅིག་ཏུ་བསྡུས་པ་ནི།གཟུགས་གཟུགས་མེད་ཀྱི་སྙོམས་འཇུག་རྣམས་ལ་ཐར་ལམ་དུ་འཁྲུལ་པ་བཟློག་པའི་ཕྱིར་དུ་ཁམས་གོང་མ་གཉིས་ལ་སྲིད་པ་ཞེས་གསུངས་པ་ཡིན་ནོ།འདིའི་བྱེད་ལས་ལ་སྡུག་བསྔལ་སྐྱེད་པའི་ལས་ཅན་ཞེས་གསུངས་པ་ནི།ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ནི་འཁོར་བར་ཉིང་མཚམས་སྦྱོར་བའི་སྐྱེ་བ་ཡིན་ལ།འཁོར་བར་སྐྱེ་བའི་རྒྱུའི་གཙོ་བོ་ནི་འདོད་ཆགས་སྲེད་པ་ཉིད་ཡིན་པར་གོ་བའི་ཆེད་དུ་ཡིན་ནོ།།
ཁ༢ཁོང་ཁྲོ།
ཁོང་ཁྲོ་ནི།མངོན་པ་ཀུན་བཏུས་ལས།ཁོང་ཁྲོ་བ་གང་ཞེ་ན།སེམས་ཅན་རྣམས་དང་སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ།རིག་པར་མི་གནས་པ་དང༌།ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ཁོང་ཁྲོའི་དམིགས་ཡུལ་གསུམ་ལ་དམིགས་ནས་མི་བཟོད་ཅིང་གནོད་པ་བྱེད་འདོད་པ་ཀུན་ནས་མནར་སེམས་པའོ།།ཁོང་ཁྲོའི་དམིགས་ཡུལ་གསུམ་ནི།སེམས་ཅན་རྣམས་དང༌།རང་རྒྱུད་ཀྱི་སྡུག་བསྔལ་རྣམས་དང༌།སྡུག་བསྔལ་དེ་དག་གང་ལས་འབྱུང་བའི་གནས་རྣམས་སོ།།ཀུན་ནས་མནར་སེམས་ཀྱི་གཞི་དགུ་ཞེས་གསུངས་པ་ནི།རིན་ཆེན་འཕྲེང་བ་ལས།གནོད་སེམས་བདག་དང་གྲོགས་དགྲའི།།ཕྱོགས་ལ་དུས་གསུམ་དོན་མིན་པའི།།དོགས་པ་གཞན་ལ་གནོད་པའི་སེམས།།རྒྱུ་དགུ་ལས་ནི་བྱུང་བ་ཡིན།།ཞེས་གང་གསུངས་པ་ལྟར་རོ།།འདི་ལ་རབ་བཤད་ལས།ཁོང་ཁྲོ་བ་གང་ཞེ་ན།སེམས་ཅན་རྣམས་ལ་གནོད་པའོ།།གནོད་པ་ནི་སེམས་ཅན་རྣམས་ལ་སེམས་རྩུབ་པ་སྟེ།སེམས་ཅན་རྣམས་ལ་གསད་པ་དང༌།བརྡེག་པ་དང༌།བཅིང་བ་ལ་སོགས་པ་ཕན་པ་མ་ཡིན་པ་བྱ་བར་སེམས་པ་ནི་ཁོང་ཁྲོ་བ་ཞེས་བྱའོ།།ཞེས་གསུངས་སོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号