ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
འདིར་གཏི་མུག་མེད་པ་ནི་སོ་སོར་རྟོག་པའི་ཤེས་རབ་ཡིན་ཞིང༌།དེ་ལ་སྐྱེ་བས་ཐོབ་པ་དང་སྦྱོར་བྱུང་གཉིས་ལས།སྐྱེས་ཐོབ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་ཚེ་འདིའི་རྐྱེན་ལ་མི་ལྟོས་པར་འབྱུང་བས་རྣམ་པར་སྨིན་པ་ལས་ཞེས་གསུངས་སོ།།སྦྱོར་བྱུང་ལ་ཐོས་པ་ལས་བྱུང་བ་དང༌།བསམ་པ་ལས་བྱུང་བ་དང༌།སྒོམ་པ་ལས་བྱུང་བ་གསུམ་མོཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་གང་ལ་ཐོས་པ་བྱ་བའི་གཞི་ནི་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཡིན་ནོ།།མཁས་མཆོག་དབྱིག་གཉེན་གྱིས་ཀྱང༌།ཚུལ་གནས་ཐོས་དང་བསམ་ལྡན་པས།སྒོམ་པ་ལ་ནི་རབ་ཏུ་སྦྱོར།།ཞེས་སོགས་གསུང་རབ་དགོངས་གྲེལ་དང་བཅས་པ་ནས་ཡང་དང་ཡང་དུ་གསུངས་སོ།།
ཁ༧བརྩོན་འགྲུས།
བརྩོན་འགྲུས་ནི།མངོན་པ་ཀུན་བཏུས་ལས།བརྩོན་འགྲུས་གང་ཞེ་ན།གོ་ཆ་དང༌།སྦྱོར་བ་དང༌།མི་འགོང་བ་དང༌།མི་ལྡོག་པ་དང༌།ཆོག་པར་མི་འཛིན་པ་ལ་སེམས་མངོན་པར་སྤྲོ་བ་སྟེ།དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱེད་པ་དང༌།ཡོངས་སུ་སྒྲུབ་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།དགེ་བ་ལ་སེམས་མངོན་པར་སྤྲོ་བ་ནི་བརྩོན་འགྲུས་སོ།།དེ་ལྟར་ཡང་སློབ་དཔོན་དབྱིག་གཉེན་གྱིས།།བརྩོན་འགྲུས་གང་ཞེ་ན།ལེ་ལོའི་གཉེན་པོ་སྟེ།དགེ་བ་ལ་སེམས་མངོན་པར་སྤྲོ་བའོ།།ཞེས་དང༌།སྤྱོད་འཇུག་ལས་ཀྱང༌།བརྩོན་གང་དགེ་ལ་སྤྲོ་བ་འོ།།ཞེས་དང༌།ཕུང་པོ་ལྔའི་རབ་བཤད་ལས།བརྩོན་འགྲུས་གང་ཞེ་ན།ལེ་ལོའི་གཉེན་པོ་དགེ་བ་ལ་སེམས་མངོན་པར་སྤྲོ་བ་སྟེ་གང་མཉན་པ་དང་བསམ་པོ་ལ་སོགས་པ་དགེ་བའི་ལས་བྱ་བ་ལ་ཞུགས་ནས་སེམས་ནུར་བ་དང་ལྡོག་པ་མེད་པ་ནི་བརྩོན་འགྲུས་ཞེས་བྱའོ།།དེ་བས་མི་དགེ་བའི་ཆོས་ལ་སེམས་སྤྲོ་བ་ནི་ངན་པར་སྤྱོད་པ་ལ་ཞུགས་པས་ལེ་ལོ་ཉིད་ཅེས་བྱའི་བརྩོན་འགྲུས་ཞེས་མི་བྱའོ།།དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་གསུང་རབ་འདི་ལས་གཞན་པ་གང་ཕྱི་རོལ་བ་རྣམས་ཀྱི་བརྩོན་འགྲུས་ནི་ལེ་ལོ་ཉིད་དོ་ཞེས་གསུངས་སོ།་དེའི་ལས་ནི་དགེ་བའི་ཕྱོགས་རྫོགས་པར་བྱེད་པ་དང༌།འགྲུབ་པར་བྱེད་པ་སྟེ།བརྩོན་འགྲུས་ཡོད་ན་དགེ་བའི་ཕྱོགས་འགྲུབ་པ་དང་རྫོགས་པར་འགྱུར་བའི་ཕྱིར་རོ།ཞེས་གསུངས་པ་ལྟར་རོ།
ད་ལྟ་འཇིག་རྟེན་ན་རྩོལ་བ་བྱེད་པ་ཐམས་ཅད་ལ་བརྩོན་འགྲུས་བྱེད་པ་ཞེས་བརྗོད་མོད།འཇིག་རྟེན་གྱི་ཞིང་ལས་སོགས་ཚེ་འདི་འབའ་ཞིག་གི་ཆེད་དུ་འབད་པ་རྣམས་ནི་བརྩོན་འགྲུས་མ་ཡིན་པར་གོང་གི་ལུང་དེ་དག་གིས་བསྟན་ཏེ།བརྩོན་འགྲུས་ནི་དགེ་བ་ལ་སྤྲོ་བ་ཡིན་པར་གསུངས་སོ།།
བརྩོན་འགྲུས་ལ་དབྱེ་ན།གོ་ཆའི་བརྩོན་འགྲུས་དང༌།སྦྱོར་བའི་བརྩོན་འགྲུས་དང༌།མི་འགོང་བའི་བརྩོན་འགྲུས་དང༌།མི་ལྡོག་པའི་བརྩོན་འགྲུས་དང༌།ཆོག་པར་མི་འཛིན་པའི་བརྩོན་འགྲུས་རྣམས་སོ།།
ག༡གོ་ཆའི་བརྩོན་འགྲུས།
གོ་ཆའི་བརྩོན་འགྲུས་ནི།དགེ་བའི་བྱ་བ་ལ་འཇུག་པའི་སྔོན་རོལ་ནས་སེམས་ཀྱི་སྤྲོ་བ་སྔོན་དུ་འགྲོ་བའི་བསམ་པའི་གོ་ཆ་ཆེན་པོ་གྱོན་པར་བྱེད་པ་སྟེ།དེ་ཡང་ཕར་ཕྱིན་བསྡུས་པ་ལས།སྔ་ཕྱིར་འཁོར་བའི་མཐའ་དང་མཉམ་ཙམ་དུ།།རྒྱ་ཆེ་རིང་བའི་ཉིན་དང་མཚན་གྱུར་ལ།།དེ་འདྲ་བསགས་པའི་ལོར་གྱུར་དུས་རིང་བའི།།བསྐལ་པ་རྒྱལ་མཚོའི་ཆུ་ཐིགས་གྲངས་སྙེད་ཀྱིས།།བྱང་ཆུབ་མཆོག་གི་སེམས་གཅིག་སྐྱེ་འགྱུར་ལ།།དེ་འདྲའི་རྣམ་པས་ཚོགས་གཞན་རེ་རེ་ཞིང༌།།སྒྲུབ་དགོས་གྱུར་ཀྱང་སྙིང་རྗེས་སྐྱོ་བ་མེད།།བྱང་ཆུབ་དམ་པ་སྒྱིད་ལུག་མེད་པར་བསྒྲུབ།།འཁོར་ཚེ་རང་གི་སྡུག་བསྔལ་སེམས་བཏང་ཞིང༌།།གོ་ཆ་བརྟན་པ་དཔག་ཡས་དེ་བསྐྱེད་ན།།བརྟུལ་ཞུགས་དཔའ་བོ་སྙིང་རྗེའི་ངང་ཅན་ལ།།ཡང་དག་བླངས་པ་དང་པོ་ཡིན་པར་བརྗོད།།ཅེས་གསུངས་པ་ལྟར་རོ།
ག༢སྦྱོར་བའི་བརྩོན་འགྲུས།
སྦྱོར་བའི་བརྩོན་འགྲུས་ནི།སྦྱོར་བས་ཉམས་སུ་ལེན་པ་ན་སེམས་སྤྲོ་བ་སྟེ།དེ་ལ་རྟག་སྦྱོར་དང་གུས་སྦྱོར་གཉིས་སུ་ཡོད་དོ།
ག༣མི་འགོང་བའི་བརྩོན་འགྲུས།
མི་འགོང་བའི་བརྩོན་འགྲུས་ནི།དགེ་བ་ལ་འཇུག་པ་ན་བདག་འདྲ་བས་འདི་ལྟ་བུ་ག་ལ་ནུས་སྙམ་དུ་སེམས་ཞུམ་པར་མི་བྱེད་པར་སྤྲོ་བ་བསྐྱེད་པ་སྟེ།སྐྱེས་རབས་ལས།ཞུམ་པས་ཕོངས་ལས་ཐར་ལ་མི་ཕན་གྱི།དེ་བས་མྱ་ངན་གདུང་བར་མ་བྱེད་པར།དགོས་པའི་དོན་སྒྲུབ་མཁས་ལ་བརྟེན་བྱས་ན།།རབ་ཏུ་དཀའ་བའང་སླ་བས་ཐར་བར་འགྱུར།དེ་བས་འཇིགས་ཤིང་མི་དགའ་མ་བྱེད་པར།ཇི་ལྟར་བྱ་བའི་ཐབས་ཀྱིས་དགོས་ན་སྒྲུབས།།མཁས་པའི་གཟི་བརྗིད་བརྟན་པས་གཟེངས་བསྟོད་ན།།དོན་རྣམས་ཐམས་ཅད་འགྲུབ་པ་ལག་ན་ཡོད།།ཅེས་གསུངས་པ་ལྟར་རོ།
ག༤མི་ལྡོག་པའི་བརྩོན་འགྲུས།
མི་ལྡོག་པའི་བརྩོན་འགྲུས་ནི།དགེ་བའི་བྱ་བ་ལ་འཇུག་པའི་ཚེ་རྐྱེན་གཞན་གྱིས་སྒྱུར་མི་ཐུབ་པར་སེམས་སྤྲོ་བ་མཐར་ཕྱིན་པར་བྱེད་པའོ།།
ག༥ཆོག་པར་མི་འཛིན་པའི་བརྩོན་འགྲུས།
ཆོག་པར་མི་འཛིན་པའི་བརྩོན་འགྲུས་ནི།དགེ་བ་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པར་གོང་མའི་ཁྱད་པར་འཚོལ་བའི་ཆེད་དུ་འབད་པའོ།དེ་ཡང་ལམ་གྱི་ཡན་ལག་ཕྲ་མོ་རེ་ལ་གཙོ་བོར་བཟུང་ནས་གཞན་རྣམས་འདོར་བར་བྱེད་པ་ནི་ལམ་ཆ་ཚང་ལ་བག་ཆགས་ཐེབས་པའི་གེགས་ཤིན་ཏུ་ཆེ་བ་ཡིན་པས་ལམ་གྱི་ལུང་ཚང་བ་ལ་གོ་ཡུལ་རྙེད་པ་གལ་ཆེའོ།།འདིའི་བྱེད་ལས་ལ་དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱེད་པ་དང༌།ཡོངས་སུ་སྒྲུབ་པའི་ལས་ཅན་ནོ།དེ་ལྟར་ཡང་ལྷག་བསམ་བསྐུལ་བ་ལས།འཇིག་རྟེན་འདི་ན་བཟོ་གང་ཅི་ཡོད་དང༌།།འཇིག་རྟེན་འདས་བཟོ་གང་དག་ཅི་ཡོད་པ།།བརྩོན་འགྲུས་བརྩམས་ལ་རྙེད་པར་མི་དཀའ་ན།།མཁས་པ་སུ་དག་བརྩོན་འགྲུས་སྟོབས་ཀྱིས་སྐྱོ།།གང་དག་སངས་རྒྱས་བྱང་ཆུབ་ཞུགས་གྱུར་པ།།དེ་དག་རྨུགས་གཉིད་སྐྱོན་རྣམས་མཐོང་ནས་ནི།།རྟག་ཏུ་བརྩོན་འགྲུས་རྩོམ་ལ་གནས་པར་བྱེད།།འདི་ནི་ང་ཡིས་དེ་དག་བསྐུལ་བྱས་ཡིན།།ཞེས་དང༌།མདོ་སྡེའི་རྒྱན་ལས་ཀྱང༌།དགེ་བའི་ཚོགས་ཀྱི་ནང་ན་བརྩོན་འགྲུས་མཆོག།འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་ཐོབ།།བརྩོན་འགྲུས་ཀྱིས་ནི་མོད་ལ་བདེ་གནས་མཆོག།དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོགས།།བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་འཐོབ།།བརྩོན་འགྲུས་ཀྱིས་ནི་དག་པ་རབ་འགྱུར་ལྡན།།བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ནས་གྲོལ།།བརྩོརྣ་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་འཚང་མ།ཞེས་གསུངས་པ་ལྟར་རོ།དེ་ལྟར་ཡོན་ཏན་ཐམས་ཅན་བརྩོན་འགྲུས་ཀྱི་རྗེས་སུ་འགྲོ་བས་ན་བརྩོན་འགྲུས་སྐྱེད་པའི་ཚུལ་ནི་ཤིན་ཏུ་གལ་ཆེ་ལ།དེའི་ཚུལ་ནི་གོང་དུ་དྲངས་པའི་མངོན་པའི་ལུང་དེ་དག་ལ་ཞིབ་ཏུ་དཔྱོད་ཤེས་ན་བརྩོན་འགྲུས་སྐྱེད་ཐབས་ཤིན་ཏུ་རྒྱས་པ་འབྱུང་ངོ༌།།
ཁ༨ཤིན་སྦྱངས།
ཤིན་སྦྱངས་ནི།མངོན་པ་ཀུན་བཏུས་ལས།ཤིན་ཏུ་སྦྱངས་པ་གང་ཞེ་ན།ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་གཅོད་པའི་ཕྱིར་ལུས་དང་སེམས་ལས་སུ་རུང་བ་ཉིད་དེ།སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།སེམས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་པ་བཞིན་བཀོལ་དུ་རུང་བའི་ལག་རྗེས་འཇོག་པར་བྱེད་ཅིང་ལུས་སེམས་ཀྱི་གནས་ངན་ལེན་རྒྱུན་གཅོད་པའི་རིག་པ་ཞིག་གོ།དེ་ལ་ཕུང་པོ་ལྔའི་རབ་བཤད་ལས།ཤིན་སྦྱངས་གང་ཞེ་ན།ལུས་དང་སེམས་ལས་སུ་རུང་བ་སྟེ།ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་དང་བྲལ་ན་ལུས་ལས་སུ་རུང་བ་དང་སེམས་ལས་སུ་རུང་བ་འབྱུང་བས་ཤིན་ཏུ་སྦྱངས་བ་ནི་གནས་ངན་ལེན་གྱི་གཉེན་པོ་ཡིན་ནོ།།ཞེས་གསུངས་པ་ལྟར་རོ།
ཤིན་སྦྱངས་དབྱེ་ན།ལུས་ཤིན་སྦྱངས་དང༌།སེམས་ཤིན་སྦྱངས་གཉིས།
ག༡ལུས་ཤིན་སྦྱངས།
ལུས་ཤིན་སྦྱངས་ནི།ཏིང་ངེ་འཛིན་གྱི་མཐུས་ལུས་ཀྱི་གནས་ངན་ལེན་ལས་སུ་མི་རུང་བ་རྣམས་དག་ནས་ཤིང་བལ་གྱི་འདའ་བ་ལྟར་ལྡང་བ་ཡང་ཞིང་དགེ་བའི་བྱ་བ་ལ་ཅི་འདོད་དུ་བཀོལ་དུ་རུང་བ་ཞིག་གོ།ཕུང་པོ་ལྔའི་རབ་བཤད་ལས།ལུས་ཤིན་ཏུ་སྦྱངས་པའི་མཚན་ཉིད་ནི།ལུས་དང་སེམས་ལས་སུ་རུང་བ་སྟེ།ལུས་ལས་སུ་རུང་བ་ནི་དགེ་བའི་ཕྱོགས་བསྒྲུབ་པར་བྱ་བ་ལ་མྱུར་དུ་འགྲུབ་པར་བྱེད་ཅིང་ལུས་ཟོ་མདོག་བདེ་ཞིང༌།ལྕི་བ་མེད་པའོ།ཞེས་གསུངས་པ་ལྟརརོ།།
ག༢སེམས་ཤིན་སྦྱངས།
སེམས་ཤིན་སྦྱངས་ནི།ཏིང་ངེ་འཛིན་གྱི་མཐུས་སེམས་ཀྱི་གནས་ངན་ལེན་དང་བྲལ་ནས་སེམས་དམིགས་པ་ལ་ཐོགས་པ་མེད་པར་འཇུག་པ་སེམས་ལས་སུ་རུང་བ་ཞིག་གོ།ཕུང་པོ་ལྔའི་རབ་བཤད་ལས།སེམས་ལས་སུ་རུང་བ་ནི་རྣལ་འབྱོར་ཡིད་ལ་བྱེད་པའི་ཚེ།སེམས་མི་གསལ་བ་མེད་ཅིང་དམིགས་པའི་ཡུལ་ལ་སེམས་ཐོགས་པ་མེད་པར་འཇུག་པའོ།།ཞེས་གསུངས་པ་ལྟར་རོ།།
འདིའི་བྱེད་ལས་ནི་སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་སྟེ།ཤིན་སྦྱངས་ཀྱི་མཐུས་ལུས་སེམས་ཀྱི་གནས་ངན་ལེན་ཐམས་ཅད་དག་པར་འགྱུར་བ་དང༌།ཤིན་སྦྱངས་ཐོབ་ན་ཏིང་ངེ་འཛིན་ལནང་ནས་བསྐུལ་བས་ཏིང་ངེ་འཛིན་ཇེ་འཕེལ་དུ་འགྱུར་ཞིང༌།དེ་འཕེལ་བ་ཙམ་གྱིས་ཤིན་སྦྱངས་ཀྱི་བདེ་བ་འཕེལ།དེ་འཕེལ་བ་ཙམ་གྱིས་ཏིང་ངེ་འཛིན་ཇེ་འཕེལ་དུ་འགྱུར་བས་སྒྲིབ་པ་སེལ་བ་ལ་མཐུ་ཅན་དུ་འགྱུར་སོ།དེ་ལ་རབ་བཤད་ལས།འདིའི་ལས་ཀྱང་དེའི་དབང་གིས་གནས་འཕོས་པ་རྙེད་ཅིང་ཉོན་མོངས་པའི་སྒྲིབ་པ་མ་ལུས་པར་སྦྱོང་པའོ།།ཤིན་ཏུ་སྦྱངས་པ་ཡོད་ན་སྔོན་ལུས་དང་སེམས་ལས་སུ་རུང་བ་ལས།ཕྱིས་ལུས་དང་སེམས་ལས་སུ་རུང་བའི་མཚན་ཉིད་དུ་གནས་འཕོས་པ་རྙེད་ནས།ལུས་དང་སེམས་ལས་སུ་རུང་བའི་གནས་འཕོས་ནས་ལས་སུ་རུང་བའི་མཐུས་ཉོན་མོངས་པའི་སྒྲིབ་པ་མ་ལུས་པར་སྤོང་བར་འགྱུར་བའི་ཕྱིར་རོ།ཞེས་གསུངས་སོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号